博客西藏在最高处过一种生活

日志

༄༅།། ནང་བསྟན་རིག་གནས་དང་མི་ཆོས་བྱམས་སྐྱོ ...

已有 52 次阅读2018-10-9 11:31 |系统分类:信仰| 佛教, 文化, 人文

༄༅།། ནང་བསྟན་རིག་གནས་དང་མི་ཆོས་བྱམས་སྐྱོང་།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་སྤེལ་བའི་ནང་བསྟན་རིག་གནས་དང་མི་ཚུལ་གསོ་རིག་བགྲོ་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད

མཁན་པོ་བསོད་དར་རྒྱས།


བཀུར་བར་འོས་པའི་ཡོན་ཀྲང་དང་འདིར་བཞུགས་རྣམ་པ། དེ་རིང་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་ཡོང་ནས་སྨན་པ་མང་པོ་དང་སྐུ་མགྲོན་རྣམས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱེད་ཐུབ་པ་བྱུང་བར་ང་རང་ཧ་ཅང་དགའ་ཡོད། རྒྱུ་མཚན་ནི་སྨན་ཁང་འདི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་མ་ཟད་ཕུལ་དུ་བྱུང་བ་ཞིག་ཡིན་པ་ཐོས་ཡོད་ལ། ཁྱད་པར་དུ་ང་རང་ནང་བསྟན་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས། སྨན་ཁང་གིས་ཆོས་དད་ནད་པ་རྣམས་ལ་སོ་སོར་ནང་བསྟན་དང་ཡེ་ཤུའི་ཆོས་ལུགས། དབྱི་སི་ལན་བཅས་ཀྱི་མཆོད་ཁང་ལས་ཡོད། སྨན་ཁང་ནང་དུ་འདི་ལྟ་བུའི་མཆོད་ཁང་ཡོད་པར་མ་ཟད། ནད་པ་དང་ནད་པའི་ཁྱིམ་མིས་རང་རང་གིས་ཆོས་ལུགས་དད་མོས་མི་འདྲ་བ་ལྟར་གནས་འདི་ནས་སེམས་ཁམས་བདེར་འབབ་པའི་གསོ་བཅོས་བྱེད་ཐབས་ཡོད་པ་འདི་ནི་ང་རང་ཧ་ཅང་དགའ་ཡོད།



དེ་རིང་བསམ་ཚུལ་བརྗེ་རེས་བྱེད་པའི་ཁ་བྱང་ལ་ནང་བསྟན་རིག་གནས་དང་མི་ཚུལ་དོ་ཁུར་ཞེས་པ་དེ་ཡིན་ལ། ང་རང་ཉིད་ལ་མཚོན་ནས་བཤད་ན། ནང་བསྟན་ཆོས་ལུགས་གཉེར་ནས་ལོ་ངོ་མང་པོ་འགོར་བས། གླེང་གཞི་འདིར་ཧ་ཅང་སྤྲོ་བོ་ཡོད། འདིར་བཞུགས་པ་རྣམས་ནི་སྲོག་སྐྱོབ་སྨན་བཅོས་བྱེད་པར་འགན་བླ་ལྷག་འཁུར་བའི་སྨན་བཅོས་བྱ་བ་སྒྲུབ་མཁན་ཡིན་པས། ངས་ཁྱེད་ཚོ་ཚང་མར་བརྩི་བཀུར་ཆེན་པོ་བྱེད་པ་ཡིན། རྒྱུ་མཚན་ནི་ཁྱེད་ཅག་སྨན་བཅོས་མི་སྣའི་གཞན་ཕན་གྱི་ལས་རིགས་ངོ་བོ་འདི་ཆེས་བླ་ན་མེད་པ་ཞིག་རེད། འདིར་བཞུགས་ཚང་མ་ནི་བདེ་ཐང་དང་ཚེ་སྲོག་ལ་འབྲེལ་འདྲིས་བྱེད་མཁན་རེད། འཇིག་རྟེན་སྟེང་གི་ཆེས་རིན་ཐང་མེད་པ་ནི་མིའི་ཚེ་སྲོག་ཡིན། སྲོག་གི་དོན་རྐྱེན་གནད་འགག་ཆེ་བ་ཡིན་པས་ནད་བཅོས་སྲོག་སྐྱོབ་བྱེད་པའི་ལས་རིགས་འདི་ནི་འཇིག་རྟེན་སྟེང་གི་ཆེས་བླ་ན་མེད་པ་དང་རྩ་ཆེ་བ། གཟི་བརྗིད་ལྡན་པ་ཞིག་ཡིན། དེ་བས་ངས་དེ་རིང་བསམ་ཚུལ་བརྗེ་རེས་བྱ་ཡུལ་ཡང་ཧ་ཅང་རླབས་ཆེ་བ་ཞིག་རེད་བསམ་ཡོད།



ངས་འདིར་ནང་བསྟན་བསམ་བློ་དང་མི་ཚུལ་དོ་ཁུར་ནི་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན། ཚང་མས་ཤེས་གསལ་ལྟར། ན་ནིང་ཀྲུང་གོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གཅིག་པུ་སྟེ་རྩོམ་པ་པོ་མའོ་ཡན་གྱིས་སུའེ་ཏེན་ནས་བྱ་དགའ་ཐོབ་པའི་ཤིས་ཚིག་འབུལ་སྐབས། རང་གི་བྱ་དགའ་ཐོབ་པའི་བརྩམས་ཆོས《སྐྱེ་རྒ་ན་འཆི》ངོ་སྤྲོད་བྱེད་སྐབས། “ ངས་ནང་བསྟན་ཆོས་ལུགས་ལ་ཞིབ་འཇུག་བྱས་མ་མྱོང་བས་ནང་བསྟན་ལ་ཤེས་རྟོགས་ཟབ་མོ་ཞིག་མེད། གོང་གི་ཁ་བྱང་འདི་འདོགས་དོན་ནི། ངས་བསམ་ན་ནང་བསྟན་གྱི་གཞི་རྩའི་བསམ་བློ་མང་པོ་ཞིག་ནི་འཇིག་རྟེན་གྱི་འདུ་ཤེས་དངོས་ཡིན་པར་འདོད། འཇིག་རྟེན་ཁམས་ཀྱི་རྩོད་གླེང་མང་པོ་ཞིག་ནི་ཆོས་ལུགས་པའི་སེམས་སུ་དོན་སྙིང་ཅི་ཡང་མེད་པ་རེད། འདི་འདྲའི་བླ་ན་མེད་པའི་མིག་ནང་གི་འཇིག་རྟེན་ནི་ཡ་ང་བ་ཞིག་རེད། ”ཅེས་བཤད། ངས་བསམ་ན་དེའི་ནང་ནང་བསྟན་བསམ་བློའི་སྐད་ཆ་ཚིག་གཅིག་བཤད་ཡོད་པ་ནི་འཇིག་རྟེན་གྱི་འདུ་ཤེས་རེད། ཁོ་རང་རྩོམ་རིག་པ་ཞིག་ཁར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གཅིག་པུ་ཡང་ཡིན་པས། ཁོས་འདི་ལྟར་བསམ་པ་དང་མཉམ་དུ་ང་ཚོ་དེ་རིང་འདིར་བཞུགས་ཤེས་ལྡན་པ་མང་པོས་ཀྱང་འདུ་ཤེས་འདིར་དོ་སྣང་མི་བྱེད་ཐབས་མེད་རེད། ང་ཚོས་ད་ལྟ་མཐོང་བ་ནི་ནང་བསྟན་བསམ་བློ་ཡིན་མོད། ཡིན་ནའང་ནང་བསྟན་བསམ་བློས་ད་ལྟའི་སྤྱི་ཚོགས་ལ་ཐུགས་ཁུར་དང་བརྩེ་སེམས། ཡང་ན་བྱམས་བརྩེའི་ནུས་པ་ཇི་འདྲ་ཐོན་པར་ཚང་མས་འདང་བརྒྱབ་ན་ཤེས་ཐུབ། མི་ཁ་ཤས་ཀྱིས་ཆོས་ལུགས་ལ་དད་མོས་མི་བྱེད་ནའང་། མི་ཚང་མའི་སེམས་སུ་བརྩེ་སེམས་རེ་ཡོད་པས། བརྩེ་སེམས་དེ་ནི་ནང་བསྟན་ཁྲོད་བཤད་པ་ཧ་ཅང་ཞིབ་ལ་གསལ་བོ་ཡིན།



ང་རང་ཉིད་ལ་མཚོན་ནས་བཤད་ན་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་རང་ཉིད་ཀྱི་དུས་ཚོད་དང་ནུས་པ་ཡོད་ཚད་བཀོལ་ནས་གནད་དོན་འདིར་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་གི་གོ་རིམ་ཁྲོད་དུ་ང་ཚོའི་འཚོ་བ་དངོས་ཀྱི་ནང་དུ་མི་ཅི་འདྲ་ཞིག་ཡིན་ནའང་། ནང་བསྟན་ཆོས་ལུགས་ནང་གསུངས་པའི་བརྩེ་བ་དང་བྱམས་སེམས་ཀྱི་གཞན་ཕན་ཕྱོགས་སུ་ཤེས་རྟོགས་ཅུང་ཙམ་ཡོད་པ་དང་། ངེས་ཤེས་ཅུང་ཙམ་ཡོད་ན། འཚོ་བའི་ཁྲོད་ཀྱི་གནད་དོན་སྣ་ཚོགས་བདེ་བླག་ངང་ཐག་གཅོད་བྱ་ཐུབ། དེ་བས་ཆོས་ལུགས་གླེང་མ་ཐག་ཁྲེལ་དགོད་བྱེད་པའམ་ལྟ་རིན་མེད་པ། ཡང་ན་ཆོས་ལུགས་ནི་རྨོངས་དད་ཡིན་པར་བསམ་པ་དང་། དེ་ནི་རིག་གནས་མེད་པ་དང་བླུན་རྨོངས་ཀྱི་སྣང་ཚུལ་ཞིག་རེད་འདོད་མི་རུང་། དེ་བས་ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་ནང་འཇིག་རྟེན་འདིར་མིའི་རིགས་ཡོངས་ཀྱིས་དོ་ཁུར་བྱ་དགོས་པར་མ་ཟད། ཐ་ན་སྲོག་ཆགས་སམ་ཚེ་སྲོག་རྟ་རྔ་ཙམ་ལའང་ཚང་མས་གཅེས་སྤྲས་དང་སྲུང་སྐྱོང་བྱ་དགོས་པར་གསུངས་ཡོད་པས། ངས་བསམ་ན་འདི་ནི་མི་ཚང་མར་འགན་འཁུར་ཡོད་པ་རེད། འདིར་བཞུགས་ཀྱི་སྨན་བཅོས་མི་སྣས་ནད་པར་ཐུགས་ཁུར་བྱེད་པ་དང་། ལས་རིགས་ཀྱི་སྙིང་སྟོབས་དྲག་པོ་ལྡན་པ་རེད། གསོ་རིག་གི་སྙིང་སྟོབས་དང་ནང་བསྟན་གྱི་འདུ་ཤེས་གཉིས་ཕན་ཚུན་འབྲེལ་ཡོད་པ་འདི་ངས་གསལ་བོར་ཤེས། ཡིན་ནའང་ཆེས་གལ་ཆེ་བ་ནི་ང་ཚོས་བསླབ་པའི་ཤེས་བྱའི་ནང་མ་འདུས་པ་དང་ཐ་ན་ཆེས་ཆུང་བའི་ཕྱོགས་སུའང་ང་ཚོས་བརྩེ་སེམས་འབུལ་དགོས། ཚང་མས་ཤེས་གསལ་ལྟར། ནང་བསྟན་ཁྲོད་ཀྱི་ཆེས་གལ་ཆེ་བའི་བསམ་བློ་ནི་གཞན་གྱི་སྡུག་བསྔལ་དེ་རང་གི་སྡུག་བསྔལ་དུ་བསམ་པ་དེ་ཡིན། དེ་ནི་ནང་བསྟན་གྱི་དགོངས་པའི་ནང་གི་ཆེས་གལ་ཆེ་བའི་ཚིག་གཅིག་ཡིན། དེའི་ནང་དོན་ནི་ང་ཚོས་འཇིག་རྟེན་ཁམས་ཀྱི་ལུས་པོ་དང་སེམས་ཁམས་ཡོད་པ་ཐམས་ཅད་ཀྱི་སྡུག་བསྔལ་ནི་རང་གི་སྡུག་བསྔལ་དང་གཅིག་འདྲ་ཡིན་པ་གསལ་བོར་ཤེས་དགོས། ཅིའི་ཕྱིར་ཞེ་ན། ང་ཚོ་རང་གིས་བསམ་བློ་ཞིག་ཐོངས་དང་། འཇིག་རྟེན་ཁམས་འདིའི་སྡུག་བསྔལ་གང་ཡིན་རུང་ང་ཚོ་ཚང་མས་མཉམ་དུ་མྱོང་བ་ལས་མི་གཞན་པའི་བདེ་སྐྱིད་བརླག་ག་ལ་རུང་། ཀྲུང་གོའི་རྩོམ་རིག་པ་གྲགས་ཅན་སུའུ་ཏུང་ཕའོ་དང་ཁོའི་གྲོགས་པོ་ཞེ་ཅི་ཝུན་གཉིས་ཀྱིས་ཁ་བརྡ་བྱེད་ཞོར་དུ་ལམ་དུ་འགྲོ་བའི་སྐབས་སུ། གློ་བུར་དུ་སྡོང་མགོ་ནས་གྲིབ་མ་ནག་པོ་ཞིག་སར་ལྷུང་སོང་། ཁོ་ཉེ་སར་བཅར་དུས་དེ་ནི་རྨས་ཕོག་པའི་བྱེའུ་འཇོལ་མོ་ཞིག་ཡིན་པ་ཤེས་པས། སུའུ་ཏུང་ཕའོ་དེ་ལེན་དུ་འགྲོ་གྲབས་བྱེད་སྐབས། ཁོའི་གྲོགས་པོས་སྣང་དོགས་ཅི་ཡང་མི་བྱེད་པར་ཁྱོད་ཀྱིས་དལ་འགོར་མ་བྱེད་ཟེར་ཞོར་རྐང་བཅགས་བྱས་ནས་བྱེའུ་དེ་གཅིར། སྐབས་དེར་སུའུ་ཏུང་ཕའོ་ཡི་སེམས་སུ་མདུད་ལོག་ཅིག་བརྒྱབ་པ་དང་། སྐད་ཆ་ཚིག་གཅིག་ཀྱང་མ་བཤད། གྲོགས་པོ་དེས་ལམ་རིང་ཐུང་དུ་ཁ་བརྡ་སྣ་ཚོགས་བྱས། ཕྱིར་ཐོན་རྗེས། སུའུ་ཏུང་ཕའོ་ཡིས་མི་དེར་འབྲེལ་ཐག་བཅད། གྲོགས་པོ་གཞན་པ་ཞིག་གིས་ཁོ་གཉིས་ཀྱིས་འབྲེལ་ཐག་གཅོད་དོན་ཅི་ཡིན་འདྲི་དུས། སུའུ་ཏུང་ཕའོ་ཡིས་བཤད་རྒྱུར། ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པའི་མི་ལ་གྲོགས་བསྒྲིགས་རིན་མེད་ཟེར། འདྲི་མཁན་དེས། བྱེའུ་ཞིག་བསད་པ་ཙམ་རེད་མོད། དེ་འདྲ་ཞིག་བྱེད་དགོས་དོན་ཡོད་དམ་ཞེས་པར། སུའུ་ཏུང་ཕའོ་ཡིས། ཁོའི་བྱ་སྤྱོད་དེ་ལས་སང་ཕྱིན་ཁོ་ལ་དབང་ཆ་ཞིག་ཐོབ་བྱུང་ན་མིའི་ཚེ་སྲོག་ཡང་ཅི་ལ་མི་བརྩི་བ་དང་། ཐ་ན་རྒྱལ་ཕུང་དམངས་གནོད་ཀྱི་དོན་དག་བསྒྲུབ་ངེས་ཅེས་བཤད། རྗེས་སུ་དངོས་གནས་ཁོས་བཤད་པ་ལྟར་མི་དེ་བློན་ཆེན་ཞིག་ཏུ་བསྡད་པས་མི་མང་པོ་བསད་པ་དང་། ཐ་ན་སུའུ་ཏུང་ཕའོ་ཡང་ཅུང་ཙམ་གྱིས་བསད་པ་རེད། སྐབས་དེར་ད་གཟོད་མི་རྣམས་ཀྱིས་སུའུ་ཏུང་ཕའོ་ཡི་མིག་རྒྱང་རིང་བ་ཤེས་པ་རེད། དོན་དག་འདི་ལས་ང་ཚོ་སུ་ཞིག་ཡིན་ཡང་སེམས་སུ་བྱམས་སེམས་དང་བརྩེ་སེམས་ཞིག་མེད་ན། ཕྱི་ཚུལ་ནས་བྱ་བ་ལམ་འགྲོ་ཡིན་པ་དང་། རིག་གནས་ཡོན་ཏན་ཡོད་པ་ཞིག་ཡིན་ནའང་། དོན་དངོས་སུ་མིའི་རིགས་སྤྱི་ཚོགས་ནང་དུ་མི་དེའི་རིགས་ཧ་ལས་དགོས་པ་ཞིག་གཏན་ནས་མ་རེད།



ད་ལྟའི་སྤྱི་ཚོགས་སྟེང་གནད་དོན་མང་པོ་ཞིག་འབྱུང་བཞིན་ཡོད་པ་ཚང་མས་ཤེས་པ་རེད། དངུལ་དད་རིང་ལུགས་ལས་ཟས་རིགས་ནང་དུག་ལྡན་ཟས་རིགས་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པ་དང་། སློབ་གྲྭ་ཆེན་མོའི་སློབ་དཔོན་མང་པོ་ཞིག་གིས་གཙོ་བོ་ཚོང་ལས་གཉེར་བ་དང་། ཐ་ན་སློབ་ཁྲིད་ཀྱང་མི་བྱེད་པ་རེད། སྨན་ཁང་ནང་དུ་དོན་དག་མང་པོ་ཞིག་འབྱུང་བཞིན་ཡོད་ལ། སྨན་པ་དང་ནད་གཡོག་པ་ཁ་ཤས་ཀྱི་སྨན་པའི་ཀུན་སྤྱོད་ཕྱོགས་སུ་ནད་པརའགན་མི་འཁུར་བའི་གནས་ཚུལ་འབྱུང་བཞིན་ཡོད། གནས་ཚུལ་འདི་དག་ནི་ང་ཚོའི་སྤྱི་ཚོགས་ཀྱི་སློབ་གསོ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་། དྲིན་གཟོའི་རིག་གནས་བཅས་མཐོར་འདེགས་གཏོང་དགོས་པ་རེད་ལ གལ་ཏེ་དེ་ལྟར་མ་བྱ་ས་ན། ང་ཚོའི་སྤྱི་ཚོགས་འདི་འཕེལ་རྒྱས་འགྲོ་བ་ཡིན་ནམ་ཕྱིར་བསྣུར་བྱེད་བཞིན་ཡོད་པའང་བཤད་དཀའ། ཕྱི་ནས་བལྟས་ན། ང་ཚོའི་དཔལ་འབྱོར་དང་དངོས་པོ་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། དོན་དངོས་སུ་ཕྱིའི་རྒྱུ་ནོར་འཕེལ་རྒྱས་སུ་སོང་ཡང་ནང་གི་སེམས་རྒྱ་གོང་འཕེལ་དུ་མ་སོང་ན། ཕྱིའི་འཕེལ་རྒྱས་དེས་མི་ལ་ཕན་པའི་ངེས་པ་མེད། ངས་འདི་ནས་ང་ཚོའི་སྨན་པ་དང་ནད་གཡོག་པ་ཚང་མས་ནད་པར་འབྲེལ་འདྲིས་བྱེད་སྐབས་མི་ཚུལ་གྱི་དོ་ཁུར་བྱེད་པའི་སེམས་ཞིག་དགོས་པའི་རེ་བ་སྙིང་ནས་བཏོན་པ་ཡིན། དེའི་ནང་དུ་རྣམ་འགྱུར་དང་བྱ་སྤྱོད་འདུས། གཏམ་སྤྱོད་རེ་རེ་ནི་ནད་པར་མཚོན་ནས་བཤད་ན་ཧ་ཅང་གལ་ཆེ། རྒྱུ་མཚན་ནི་ནད་པའི་ཡོད་ཚད་ཁྱོད་ལ་བཅོལ་ཡོད་པ་རེད།


ང་རང་གི་ལུས་ཕུང་མི་བདེ་བའི་སྐབས་སུ་ཡང་སྨན་ཁང་མང་པོ་ཞིག་ལ་འབྲེལ་བ་བྱས་མྱོང་། མི་ཚུལ་གྱི་དོ་ཁུར་བཟང་བའི་སྨན་ཁང་དང་མི་ཚུལ་གྱི་དོ་ཁུར་མི་བཟང་བའི་སྨན་ཁང་གང་རུང་ལ་སོང་མྱོང་། གསོ་བཅོས་བྱེད་དུ་འགྲོ་ཐེངས་རེར་རང་གི་སེམས་སུ་སྨན་པ་རྣམས་ལ་སེམས་གཏིང་ནས་གོང་བཀུར་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ང་ལ་སྐྱོབ་རོགས་ཀྱི་འདུ་ཤེས་ཤིག་ཡོད་པས། སྨན་པ་དང་ནད་གཡོག་པའི་བྱ་སྤྱོད་དང་དམིགས་བསལ་གྱི་ནུས་པས་ང་རང་ཉིད་ཀྱི་ནད་ཇེ་དགའ་རུ་འགྲོ་བར་རེ་སྒུག་བྱས་ཡོད། གལ་ཏེ་སྨན་པས་ནད་པར་བག་ཆགས་བཟང་པོ་ཞིག་མ་བཞག་ན། ནད་པར་ཀྱང་བརྗེད་ཐུབ་ནི་མ་རེད། ལོ་ངོ་བཅུའི་ཡར་སྔོན་དུ་ང་རང་ཞ་མོན་ནས་ཟླ་ངོ་གཉིས་རིང་ལ་སྨན་ཁང་དུ་བསྡད་པ་དང་། སྐབས་དེར་སྨན་བཅོས་ཆ་རྐྱེན་དེ་འདྲའི་བཟང་རྒྱུ་མེད་ནའང་སྨན་པ་ཞིག་ང་ལ་ཧ་ཅང་བཟང་གི འོན་ཀྱང་ནད་གཡོག་མ་ཞིག་ཡོད་པ་དེ་ང་ལ་རྣམ་འགྱུར་ངོ་མས་མི་བཟང་གི སྨན་ཁབ་རྒྱག་ཐེངས་རེར་རྫིག་རྫིག་རྔམ་རྔམ་བྱེད་པས། ཁོ་མོའི་གོམ་སྒྲ་ཐོས་ན་ཧ་ཅང་སྐྲག་སྣང་སྐྱེ་སྲིད། ང་རང་ཁོ་ན་སྐྲག་པ་མིན་པར་ནད་ཁང་ནང་གི་མི་ཚང་མས་ཁོ་མོའི་གོམ་སྒྲ་ཐོས་རྗེས་སྐྲག་ནས་སུས་ཀྱང་ཁ་གྲགས་མི་ཕོད། ཁོ་མོ་སོང་རྗེས་སྐྱོན་ལ་མཛུབ་མོ་འཛུགས་སྲིད། རྗེས་ནས་སྨན་པ་ཞིག་གིས་བཤད་ན། མོ་དང་དགའ་རོགས་བར་འགལ་བ་བྱུང་བས་དེའི་ཁོང་ཁྲོ་ཁྱོད་ཚོའི་སྟེང་བཀོལ་བ་རེད་ཟེར། དེ་འདྲ་ཡིན་ནའང་ངས་བསམ་ན་དེ་འོས་པ་ཞིག་མ་རེད། ང་རང་གནས་དེ་ནས་ཉིན་དྲུག་ཅུ་ལ་བསྡད་པའི་རིང་ཁོ་མོའི་རྣམ་འགྱུར་ནམ་རྒྱུན་དེ་ལྟར་རེད། དོན་དག་འདིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། ལོ་ངོ་བཅུའི་རྗེས་ནས་ང་རང་ཞ་མོན་ལ་སོང་དུས་སྔར་བཞིན་ནད་གཡོག་མ་དེ་དྲན་སྲིད། དེ་ནི་བག་ཆགས་ཤིག་ཏུ་གྱུར་ནས་ཁོ་མོའི་བྱ་སྤྱོད་རྣམས་མིག་ལམ་དུ་ཤར་ཡོང་། དེ་བས་ནད་པ་རང་ངོས་ནས་བཤད་ན་དངོས་གནས་མི་ཚུལ་དོ་ཁུར་ལྡན་པའི་སྨན་པའི་ཀུན་སྤྱོད་ཅིག་ཡོད་དགོས། མི་ཚང་མ་ཁོང་ཁྲོ་ལངས་སྲིད་པ་དང་། ཚང་མར་ཞེ་སྡང་ཡོད་སྲིད་ནའང་ང་ཚོས་ནད་པར་ཁོང་ཁྲོ་དང་བྱ་སྤྱོད་ངན་པ་བཀོལ་ན་མི་འགྲིག འདི་ནི་ང་རང་ཉིད་ནད་པ་ཞིག་གི་ངོས་ནས་རང་གི་མྱོང་ཚོར་གླེང་བ་ཡིན།

མི་ཚུལ་དོ་ཁུར་གྱི་སྨན་པའི་ཀུན་སྤྱོད་ཅིག་དངོས་གནས་མཁོ་བ་རེད། གལ་ཏེ་ལམ་ལུགས་དང་རྩ་དོན་ཁོ་ནར་བརྟེན་ནས་ཚོད་འཛིན་བྱེད་པར་དཀའ་ཁག་ཆེན་པོ་ཞིག་ཡོད། ནང་བསྟན་ཆོས་ལུགས་ལ་དད་པ་དང་ཡིད་ཆེས་ཡོད་ན་རབ་ཡིན། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱིས་ཚོད་འཛིན་བྱེད་པ་ལྟ་བུ། འདི་ལྟ་བུའི་དད་པ་ཡོད་ན་ང་ཚོའི་ཀུན་སྤྱོད་དེ་ཚད་ངེས་ཅན་ཞིག་ནས་ཇེ་བཟང་ལ་འགྲོ་ངེས། ཁྱད་པར་དུ་དོན་སྙིང་ངེས་ཅན་ཞིག་ནས་བཤད་ན། དེང་རབས་ཀྱི་ཚན་རིག་ལག་རྩལ་ཇེ་དར་ནས་ཇེ་དར་ཡིན་པས། ང་ཚོའི་བརྩེ་སེམས་གཏན་ནས་མེད་མི་རུང་། འདི་ནི་ཐ་ན་ང་ཚོས་ཤེས་པ་ལས་ཀྱང་བརྒལ་ཡོད། ཨེ་དབྱིན་སི་ཐན་གྱིས་མིའི་རིགས་ཀྱི་ཡར་ཐོན་གྱི་སྙིང་སྟོབས་ཀྱི་འཕེལ་འགྱུར་སྔར་བས་གཏིང་ཟབ་ཏུ་ཕྱིན་ན། ཆོས་ལུགས་ཀྱི་ལམ་ནི་ཚེ་སྲོག་དང་འཆི་བའི་འཇིགས་སྐྲག་མེད་ལ། རྨོངས་ཚོད་ཀྱིས་དད་པ་བྱེད་པ་ཡང་མིན་པར། རྗེས་དཔག་གི་ཤེས་ཡོན་གྱིས་འཚོལ་སྙེག་བྱེད་པར་ང་རང་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་ང་ཚོའི་མིའི་རིགས་སྤྱི་ཚོགས་ཁྲོད་ཀྱི་ཤེས་བྱ་དང་རྩལ་ནུས་ཡོད་ཚད་ཀྱིས་དོན་དངོས་སུ་ཡིད་ཆེས་དང་བརྩི་བཀུར་ཐོབ་མི་ཐུབ། ང་ཚོ་མིའི་རིགས་ལ་མཚོན་ནས་བཤད་ན་བླ་ན་མེད་པའི་ཀུན་སྤྱོད་ཀྱི་རིན་ཐང་ལྟ་བ་དེ་ཕྱི་རོལ་ཡུལ་གྱི་བདེན་དོན་གྱི་གསར་རྙེད་ཁྲོད་བཞག་ཆོག

ཆོས་ལུགས་ཀྱིས་མིའི་རིགས་ལ་བཞག་པའི་བྱས་རྗེས་ནི་ད་ལྟའི་མིའི་རིགས་ཀྱི་སྤྱང་གྲུང་དང་བློ་གྲོས་ལས་བླངས་པའི་གྲུབ་འབྲས་ཡོད་ཚད་ལས་བརྒལ་ཡོད། དཔེར་ན་ཉིའུ་ཏུན་དང་ཀི་པའེ་ཉི། ཡ་ལི་ཧྲི་ཏའོ་ཏི་ལྟ་བུ་སོགས་ཀྱིས་མིའི་རིགས་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད་ནའང་། ཚད་ངེས་ཅན་ཞིག་ནས་བཤད་ན། གལ་ཏེ་ང་ཚོར་ཀུན་སྤྱོད་ཀྱི་ཚད་གཞི་མེད་པ་དང་། བྱམས་སེམས་ཀྱི་སློབ་གསོ་མེད་པ། བྱམས་སེམས་ཀྱི་རིན་ཐང་ལྟ་བ་བཅས་མེད་ན། སྤྱི་ཚོགས་འདི་ཅི་འདྲ་ཞིག་ཏུ་འགྱུར་བ་བློ་ངོར་ཤོང་དཀའ། ཁྱད་པར་དུ་སྨན་པ་ཞིག་ཡིན་པའི་ངོས་ནས་ནད་པའི་སྡུག་བསྔལ་ཤེས་དགོས། མཚམས་ལན་རེར་ང་ཚོའི་སེམས་སུ་བྱམས་སེམས་མེད་ན། རྒྱུ་འབྲས་མེད་པའི་བྱ་བ་ལས་སྲིད། བྱ་སྤྱོད་འདི་འདྲ་ནི་ལུགས་དང་མི་མཐུན་པ་ཞིག་ཡིན། དེ་བས་ཕྱིན་ཆད་སྲོག་སྐྱོབ་སྨན་བཅོས་བྱེད་སྐབས། ཆེས་མཁོ་བ་ནི་ཀུན་སྤྱོད་སློབ་གསོ་ཡིན་ལ། འདི་འདྲའི་སློབ་གསོ་ཕྱོགས་གཉིས་ནས་སྤེལ་དགོས་ཏེ། ཐོག་མར་ང་ཚོ་རང་སྟེང་ནས་མི་བཟང་པོ་ཞིག་བྱེད་དགོས། དེའི་ནང་དུ་ནང་བསྟན་གྱི་གཞི་རྩའི་རྩ་དོན་ཞིག་ཡོད་པ་ནི་མི་ཞིག་གི་ཚད་གཞི་ནི་ཚོད་འཛིན་ནམ་ལུང་ཚིག་ཙམ་མིན། ཁྱད་པར་དུ་ང་ཚོ་སྡུག་བསྔལ་ཆེན་པོའམ་དཀའ་ཁག་ཆེན་པོར་འཕྲད་པའི་སྐབས་སུ་ང་ཚོས་དད་པ་དང་སེམས་ནས་གསོལ་བ་བཏབ་ནས་རང་སེམས་གསོ་བ་ཡིན། ཁྱོད་ཚོས་འབྲེལ་གཏུག་བྱེད་པའི་ནད་པ་ནི་དམིགས་བསལ་མི་ཚོགས་ལ་གཏོགས་པས། སྔོན་ཆད་ཁོའི་ཐོབ་ཐང་ཅི་འདྲ་ཡིན་ནའང་ཁོ་ལ་ན་བ་བྱུང་བའི་དུས་སུ་ཁོའི་ལུས་སེམས་གཉིས་ཀར་སྟོབས་ཤུགས་ཅི་ཡང་མེད་པས། སྨན་པས་ཁོའི་ལུས་པོའི་ནད་གསོ་བཅོས་བྱས་པ་ཙམ་གྱིས་མི་ཆོག་པར་ཁོ་ཚོའི་སེམས་ཁམས་ཡང་གསོ་དགོས།


གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་བ་པའོ་ལ་ཐུའུ་ཡིས་བཤད་རྒྱུར། སྨན་པའི་ནོར་འཁྲུལ་ཆེས་ཆེན་པོ་ནི་ལུས་པོ་གསོ་བ་ལས་སེམས་ཁམས་མི་གསོ་བ་དེ་རེད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། རྒྱུ་མཚན་ནི་ལུས་སེམས་གཉིས་སོ་སོར་དགར་ནས་གསོ་བཅོས་བྱེད་ཐབས་ཡོད་པ་མ་རེད། ངས་བལྟས་ན་འདི་ནི་གནད་འགག་ཅིག་རེད། སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས་ང་ཚོའི་མཐའ་འཁོར་དུ་ཉམས་ཐག་ཅན་མང་པོ་མང་པོ་ཞིག་ཡོད་པ་རེད། ཁོ་ཚོ་སྨན་ཁང་དུ་ཡོང་དུས་ང་ཚོས་ཁོ་ཚོའི་ལུས་ཕུང་ལ་འགན་འཁུར་དགོས་པ་དང་། སུན་སྣང་མེད་ལ་འགན་ཁུར་གྱི་བསམ་པ་ཡོད་དགོས་པར་མ་ཟད་བྱམས་སེམས་ཡང་ཡོད་དགོས། འདི་ལྟར་བྱས་ན་ད་གཟོད་འགན་ཁུར་གྱི་བསམ་པས་ཁོ་ཚོའི་ནད་གསོ་ཐུབ། འདི་ལྟ་བུའི་འགན་ཁུར་གྱི་བསམ་པ་ནི་ཕྱོགས་གཅིག་ནས་རང་ལ་ཕན་པ་དང་། ཕྱོགས་གཞན་ཞིག་ནས་ནད་པར་འགན་འཁུར་བ་རེད། ད་ལྟ་སྨན་ཁང་ཉུང་ཤས་ཤིག་གི་སྨན་པས་ནད་པར་འགན་མི་འཁུར་བར་ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་རེད། གྲྭ་བཙུན་ཁ་ཤས་ལའང་འདིའི་ཕྱོགས་ཀྱི་གནད་དོན་ཡོད་པ་རེད། ནང་བསྟན་གྱི་བྱེད་སྒོ་དང་ནང་བསྟན་ལ་ཁ་གཡར་ནས་ས་ཆ་སོ་སོར་སོང་སྟེ་ཆོས་དད་མང་ཚོགས་ཀྱི་རྒྱུ་ནོར་གཡོ་ལེན་བྱེད་པའི་བྱ་སྤྱོད་ཀྱང་ཡོད་། འདི་ནི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་བྱུང་བའི་གནད་དོན་རེད། དཔེར་ན། གྲྭ་བཙུན་རྣམས་ཀྱིས་ལོག་ཆོས་བཀོལ་ནས་སློབ་མ་རྣམས་ལོག་ལམ་དུ་ཁྲིད་ནས་དེའི་བློ་གྲོས་བརླགས་པ་ཡིན་ལ། ཁྱེད་ཅག་སྨན་པ་རྣམས་ཀྱིས་སྨན་པའི་ཀུན་སྤྱོད་ངན་པས་ནད་བཅོས་བྱས་ན་གཞན་པའི་ཆེས་རིན་ཐང་བྲལ་བའི་ཚེ་སྲོག་བརླགས་པ་རེད། འདི་དག་ང་ཚོར་མཚོན་ནས་བཤད་ན་ཧ་ཅང་གལ་ཆེ་བ་རེད། དེ་བས་གནད་དོན་འདིར་ཚང་མས་བསམ་བློ་ཞིབ་མོ་གཏོང་དགོས།

མིག་སྔར་ལས་རིགས་གང་ནའང་སྒོར་མོ་གླེང་བ་ལས་ཀུན་སྤྱོད་མི་གླེང་བར། སྒོར་མོ་ནི་བདེ་སྐྱིད་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན་པར་འདོད་ཀྱིན་ཡོད། གལ་ཏེ་ང་ཚོས་སྒོར་མོའི་མཐིལ་མི་རྟོགས་པ་དང་། སྒོར་མོར་འདྲ་མཉམ་དང་གཞུང་དྲང་གི་རྣམ་འགྱུར་ཞིག་མེད་ན། ང་ཚོའི་མི་ཆོས་ཀུན་སྤྱོད་ཡོད་ཚད་ལ་གཏོར་བརླག་ཐེབས་ནས། སྤྱི་ཚོགས་སྟེང་གི་བདེན་དགེ་མཛེས་གསུམ་ལ་སྙེག་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་སྲིད། ཨེ་དབྱིན་སི་ཐན་གྱིས1938ལོར་ལོ་ངོ5000རྗེས་ཀྱི་མིའི་རིགས་ལ་བྲིས་པའི་འཕྲིན་ཡིག་ནང་འདི་ལྟར་བཤད་ཡོད་དེ། མ་འོངས་པའི་དུས་སུ། ང་ཚོའི་མིའི་རིགས་ཁྲོད་ཀྱི་བློ་རིག་ཡོད་པ་དང་བརྩེ་སེམས་ཡོད་པའི་མི་ཧ་ཅང་ཉུང་བ་དང་། ཀུན་སྤྱོད་དམན་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་སྲིད་ཟེར། ད་ལྟ་ཉིས་སྟོང་ལོ་ད་དུང་འདས་མེད་ནའང་ང་ཚོས་གནས་ཚུལ་འདི་མཐོང་ཐུབ། ཨེ་དབྱིན་སི་ཐན་ཁོ་ན་མ་ཡིན་པར། ང་ཚོའི་བོད་ཁུལ་དུའང་སློབ་དཔོན་པདྨ་འབྱུང་གནས་དང་བླ་མ་སྐྱེས་ཆེན་ཁ་ཤས་ཀྱིས་ཀྱང་མ་འོངས་ལུང་བསྟན་གནང་ཡོད། དེ་བས་ང་ཚོའི་ད་ལྟའི་གནོད་འཚེ་ཐམས་ཅད་ནི་ནོར་འཁྲུལ་གྱི་རིན་ཐང་ལྟ་བས་བཟོས་པ་རེད། བདེ་སྐྱིད་ཡོད་ཚད་སྒོར་མོ་ལ་འཆོལ་བཞིན་ཡོད་མོད། དོན་དངོས་སུ་སྒོར་མོས་ཁྱོད་ལ་བདེ་སྐྱིད་དང་སྤྲོ་སྣང་སྟེར་ཐུབ་པའི་ངེས་པ་མེད། 1988ལོར་ཀི་ལིམ་པི་ཡ་སློབ་ཆེན་གྱི་མཚན་ཉིད་རིག་པའི་འབུམ་རམས་པ་ཞིག་གིས་འབུམ་རམས་པའི་ཆེད་རྩོམ་འབྲི་སྐབས། ཁོའི་ཞིབ་འཇུག་གི་ཁ་བྱང་ནི་མིའི་རིགས་ཀྱི་བདེ་སྐྱིད་ནི་གང་གིས་ཐག་གཅོད་པ་ཡིན་ཞེས་པ་དེ་རེད། དེ་བས་ཁོས་དྲི་ཤོག་ཅིག་བཟོས་ཏེ། ལས་རིགས་སོ་སོར10000བཀྲམ་པ་རེད། རྗེས་སུ་དྲི་ཤོག5200ཕྱིར་འབྱོར་བ་དང་། དེའི་ནང་ང་རང་ནི་ཆེས་སྐྱིད་པོ་རེད་ཟེར་མཁན121ཡོད་ལ། དེའི་ནང་གི་མི50ནི་ལས་རིགས་ཀྱི་ཐད་ནས་གྲུབ་འབྲས་བླངས་ཡོད་མཁན་དང་མི71ནི་རྣམ་པ་སྣ་ཚོགས་རེད། ཡིན་ནའང་ཁོ་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཡིད་ཚིམས་པ་དང་ལྷིང་འཇགས་ཀྱི་སེམས་ཁམས་ཤིག་ཡོད་པ་དེ་རེད། རྗེས་སུ་འབུམ་རམས་པ་དེས་མིའི་རིགས་ཀྱི་བདེ་སྐྱིད་ནི་ཐོག་མར་ལས་རིགས་ལ་གྲུབ་འབྲས་ཐོབ་པ་དང་སྒོར་མོ་མང་པོ་ཞིག་ཡོད་རྒྱུ་དེ་རེད། གཉིས་ནས་སེམས་ལྷོད་ལ་འབབ་པ་དང་འདོད་ཆུང་ཆོག་ཤེས་བྱ་རྒྱུ་དེ་རེད་ཅེས་སྡོམ་ཚིག་བཀོད། དེ་ནས་ལོ་ངོ20འགོར་རྗེས་ད་དུང་རང་ཉིད་བདེ་སྐྱིད་རེད་འདོད་མཁན་མི་དགུ་མ་གཏོགས་མེད། ཁོས་རྟོག་ཞིབ་བྱས་པ་ལས་ཤེས་གསལ་ལྟར་ན། གཞན་པའི་མི71ཁྲོད་ཀྱི་མི་རེ་འགའ་ལས་གཞན། ཕལ་ཆེ་བ་སྔར་བཞིན་སེམས་བདེ་བར་གནས་ཡོད་པ་ཤེས། མཇུག་མཐར་ཁོ་ལ་ཡང་བསྐྱར་སྡོམ་ཚིག་ཐོབ་པ་ནི་བདེ་སྐྱིད་ཡིན་མིན་དེ་རྒྱུ་ནོར་ལ་འབྲེལ་བ་མེད་ལ། རྒྱུ་ནོར་ལས་ཐོབ་པའི་བདེ་སྐྱིད་དེ་ཡུན་མི་རིང་བ་དང་། དངོས་གནས་ཡུན་རིང་གི་བདེ་སྐྱིད་ནི་རང་ཉིད་ལ་ཆོག་ཤེས་ཡོད་རྒྱུ་དེ་རེད་ཟེར། འདིས་ནང་བསྟན་གྱིས་གསུང་བཞིན་པའི་འདོད་ཆུང་ཆོག་ཤེས་ཡོད་མཁན་དེ། རྒྱུ་ནོར་མེད་པར་ཐང་ནས་ཉལ་དགོས་ཀྱང་སེམས་པ་སྐྱིད་པོ་ཡིན་པར་གསུངས་པ་བཞིན་ནོ།

ང་ཚོས་འབྲོག་པ་དང་ཞིང་པ། ཆོས་དད་མང་ཚོགས་བཅས་ཀྱི་ཁྲོད་ངོ་མ་བདེ་སྐྱིད་རེད་འདོད་མཁན་ཡོད་པ་རྒྱུན་པར་མཐོང་ཐུབ། གྲོང་ཁྱེར་པའི་ཆ་རྐྱེན་བཟང་ནའང་སེམས་ཀྱི་གནོན་ཤུགས་ཆེ་བ་དང་། སེམས་རྒྱ་གྲོལ་ཐུབ་ཀྱིན་མེད་པས། ང་ཚོས་འཚོལ་བཞིན་པའི་སྒོར་མོ་ནི་བདེ་སྐྱིད་ཀྱི་འབྱུང་རྩ་མིན་པའི་མིའི་རིགས་ཀྱི་སྣང་ཚུལ་འདི་ང་ཚོས་ཁས་མི་ལེན་ཐབས་མེད་རེད། འདིར་ཚང་མས་ཡང་བསྐྱར་བསམ་བློ་ཞིག་གཏོང་དགོས། དེ་མིན་ཕྱིར་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱིས་རང་ཉིད་ལ་བློ་རིག་འཛོམས་པ་དང་ལེགས་འགྲུབ་བྱུང་ཡོད་འདོད་མཁན་ཚོ་ནི་ཕྱི་ནས་བལྟས་ན་ཧ་ཅང་དར་ཡོད་ནའང་། ང་ཚོས་ཉིན་རྒྱུན་སྙེག་པ་ནི་རྒྱུ་ནོར་དང་ཐོབ་གོ་ས་ཡིན་པ་དང་། ནང་སེམས་ཀྱི་རྒྱུ་འབྲས་མེད་ལ། བྱམས་སྙིང་རྗེ་དང་བརྩེ་སེམས་མེད་སོང་ཚེ། གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན་ང་ཚོའི་དངོས་པོའི་འཚོ་བ་ཇེ་ལེགས་ཇེ་རྒྱས་ཡིན་ནའང་། ང་ཚོ་རང་ཉིད་དང་མི་གཞན་པར་བདེ་སྐྱིད་ངོ་མ་ཞིག་ཐོབ་མི་ཐུབ།


གལ་ཏེ་ང་ཚོར་ཆོག་ཤེས་ཡོད་པའི་སྒོ་ནས་སེམས་ལྷོད་ལ་བབས་ཏེ་གཞན་ཕན་གྱི་དོན་དག་བསྒྲུབས་ན་གཞན་ལ་ཕན་པར་མ་ཟད་རང་ཉིད་ལའང་སྐྱིད་སྣང་སྟེར་སྲིད། ང་རང་ཉིད་ཀྱིས་བལྟས་ན། ནང་བའི་བསྟན་པའི་གཞན་ཕན་གྱི་བསམ་པ་ནི་ཐེག་ཆེན་གྱི་བསམ་པ་ཡིན་ན། འདི་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཆ་རྐྱེན་འཛོམས་ཚོད་ཀྱིས་གཞན་ལ་རོགས་བྱེད་ཆོག ནང་བསྟན་གཞུང་ལུགས་སུའང་སྨན་པའི་ལས་རིགས་ནི་མཆོག་ཏུ་བརྩི། ངས་ལོ་ཙཱ་བྱས་པའི་ཆོས་གཞུང་གི་གཏམ་རྒྱུད་ཅིག་ཏུ། སྟོན་པ་ཤཱཀྱ་ཐུབ་པའི་སྐྱེ་རབས་ཤིག་ཏུ་རྒྱལ་སྲས་ཀྱི་སྐྱེ་བ་བླངས་། སྐབས་དེར་ཁོང་གི་ཐུགས་ལ་རྒྱལ་བོར་བསྡད་ན་སེམས་སུ་ང་རྒྱལ་གང་མང་སྐྱེས་ནས་ལས་མི་དགེ་བ་བྱེད་སྲིད། གལ་ཏེ་ཚོང་བ་ཞིག་བྱས་ན་གཞན་ལ་མགོ་སྐོར་གཏོང་ངེས། གལ་ཏེ་ཞིང་བ་ཞིག་བྱས་ན་འཚོ་བར་དཀའ་ཁག་ཡོད་རྒྱུ་རེད་ཅེས་བསམ་བློ་བཏང་མཐར། འཇིག་རྟེན་སྟེང་གི་ཆེས་རླབས་ཆེ་བའི་བྱ་བ་ནི་ལྷ་རྗེ་རེད་འདོད་ནས་སྨན་པ་ཞིག་བྱེད་པར་སྨོན་ལམ་བཏབ་པ་རེད། ང་རང་སློབ་འབྲིང་ནས་མཐར་ཕྱིར་དུས་ཤ་ཉེའི་ནང་ན་སྨན་པ་གྲགས་ཅན་ཞིག་ཡོད། ཁོས་ང་ལ་བཤད་རྒྱུར། གལ་ཏེ་སྨན་པ་ཞིག་བྱེད་འདོད་ན་ངས་ཁྱོད་ལ་ཁྲིད་ཆོག་ཟེར། སྐབས་དེར་ངའི་སེམས་སུའང་དམངས་ཁྲོད་ཀྱི་སྨན་པ་ཞིག་བྱེད་འདོད། ངའི་མི་ཚེ་འདིར་སྨན་པ་ཞིག་བྱེད་པའི་བསོད་ནམས་མེད་སོང་ནའང་ཐེག་ཆེན་གྱི་ནང་དུ་སྨན་པ་ཞིག་བྱེད་པར་སྨོན་ལམ་ལེགས་པོ་ཞིག་འདེབས་དགོས་པ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོ་ནང་དུ་མར་གྱུར་སེམས་ཅན་ཐམས་ཅད་ན་བའི་སྡུག་བསྔལ་ལས་མ་གྲོལ་བར་དུ་རང་ཉིད་སྨན་རྩྭ་ཞིག་ཏུ་གྱུར་ནས་ཀྱང་ནད་གཡོག་བྱ་རྒྱུ་ཡིན་ཅེས་གསུངས་འདུག འདིའི་དོན་ནི་ནད་ཐམས་ཅད་མ་དྲག་་གོང་རང་ཉིད་སྨན་པའམ་སྨན་གཡོག་པ་ཞིག་བྱེད་རྒྱུ་དང་། ཐ་ན་སྨན་རྫས་ཤིག་ཏུ་གྱུར་ནས་འགྲོ་བར་ཕན་འདོགས་རྒྱུ་དེ་ཡིན་ནོ། ངས་ཀྱང་རང་ཉིད་སྨན་པ་ཞིག་བྱས་ནས་ཉིན་གཅིག་ལ་ནད་པ་གཅིག་སྐྱོབ་ཐུབ་ནའང་མི་ཞིག་གི་ལུས་སེམས་ཀྱི་སྡུག་བསྔལ་ཅུང་ཙམ་སེལ་ཐུབ་པས་འདི་ཡང་རིན་ཐང་ལྡན་པ་ཞིག་རེད་འདོད།

ང་ཚོ་སྐྱེ་འགྲོ་ཡོངས་ཀྱིས་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་ནི་འདྲ་འདྲ་ཡིན། ཡིན་ནའང་ང་ཚོའི་མི་མང་པོ་ཞིག་གིས་དེ་འདྲ་འདོད་ཀྱིན་མེད། ཁོ་ཚོའི་རིན་ཐང་ལྟ་བ་ནི་རང་ཉིད་བདེ་སྐྱིད་ཀྱི་ཆེད་རེད། རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཅི་བྱས་ཀྱང་ཆོག ཡིན་ནའང་གཞན་པའི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཧ་ཅུང་ཉུང་། གཞན་ལ་རོགས་བྱ་ཆེད་རང་ཉིད་ཀྱི་ཡོད་ཚད་འབུལ་བའི་བསམ་བློ་དེ་འདྲ་ད་ལྟ་ཡོད་པ་མ་རེད། དེ་བས་ཐེག་ཆེན་གྱི་ལྟ་བ་ནི་ཆེས་བླ་ན་མེད་པ་དང་ཆེས་གལ་ཆེ་བ་ཞིག་རེད། མིའི་རིགས་ཀྱི་འཇིག་རྟེན་འདི་མ་འཇིག་བར་དུ་གཞན་ཕན་གྱི་བསམ་བློ་ཉམས་མི་སྲིད། ཐེག་ཆེན་གྱི་རིན་ཐང་ལྟ་བ་ནི་མང་ཚོགས་མང་པོ་ཞིག་གི་ཁྲོད་དུ་ད་ལྟ་མངོན་འགྱུར་བཟང་པོ་མ་བྱུང་བར། མི་མང་པོ་ཞིག་གིས་རང་ཉིད་ཀྱི་གཉེན་ཉེའམ་ཆ་རྒྱུས་ཡོད་མཁན། ཚོང་ལས་འབྲེལ་བ་ཡོད་པ་བཅས་ལ་རོགས་རམ་བྱེད་པ་ལས། རང་ཉིད་ལ་འབྲེལ་བ་མེད་པའི་མི་དེ་འདྲ་མང་པོ་ཞིག་ཡོད་པས་ང་ཚོས་ཇི་ལྟར་རོགས་རམ་བྱ་ཐུབ་པར་འདོད་ཀྱིན་ཡོད། འདུ་ཤེས་དེར་མིའི་རིགས་ཀྱི་རིམ་པ་མཐོ་གྲས་ནས་དབྱེ་ཞིབ་བྱས་ན། དེ་ནི་གོ་ལྡོག་པའི་རིན་ཐང་ལྟ་བ་ཞིག་རེད། ང་ཚོའི་ནང་བསྟན་གྱིས་མིའི་རིགས་ཀྱི་ལོ་ངོ2500ཡི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་འགྱུར་བ་ཅི་ཡང་མ་བྱུང་བར་གནས་པ་འདིས་དེའི་ནུས་པ་དང་སྟོབས་ཤུགས་ར་སྤྲོད་བྱས་པ་རེད། རྒྱུ་མཚན་ནི་ང་ཚོས་ནང་བསྟན་གྱི་རིན་ཐང་ལྟ་བ་དང་གཞན་ཕན་གྱི་བསམ་བློ་ཧ་ཅང་གལ་ཆེ་བ་སྔར་བས་ཤེས་རྟོགས་བྱུང་བ་རེད། དེ་བས་མི་ཚང་མས་སྒོར་མོ་ཁོ་ན་མི་བསམ་པར་གཞན་ཕན་གྱི་བསམ་པ་ཡོད་ན་བཟང་། དེ་མིན་ཕྱིར་མི་སེམས་ཡལ་རྒྱུ་རེད། གཞན་ཕན་གྱི་བསམ་བློ་ནི་བདེ་ཐང་གི་སེམས་ཁམས་ཡིན། ཏིས་ཀུན་སི་ཡིས་ང་ཚོའི་བདེ་ཐང་གི་སེམས་ཁམས་དེ་བློ་རིག་བརྒྱ་ལས་ཀྱང་སྟོབས་ཤུགས་ཡོད་ཟེར། ང་རང་དེར་ཧ་ཅང་འཐད། ང་ཚོ་འདིར་བཞུགས་ཚང་མར་བདེ་ཐང་གི་སེམས་ཁམས་ཤིག་ཡོད་ན། ད་གཟོད་རང་ཉིད་ཀྱི་སྟོབས་ཤུགས་ལ་འོད་སྟོང་ལྡན་པས། རང་ཉིད་ཀྱི་བློ་རིག་གིས་སྤྱི་ཚོགས་དང་མིའི་རིགས་ལ་དོ་ཁུར་བྱེད་པ་དང་། རང་ཉིད་ཀྱི་བརྩེ་སེམས་ཀྱིས་མཐའ་འཁོར་གྱི་རོགས་རམ་བྱ་དགོས་པའི་མི་ལ་རོགས་རམ་བྱེད་ཐུབ། །


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-23 03:01 , Processed in 0.289053 second(s), 21 queries .

返回顶部