博客西藏在最高处过一种生活

日志

༄༅།། ས་སྐྱ་པཎ་ཆེན་གྱི་མཛད་འཕྲིན་ལས་སོག་ཡ ...

已有 38 次阅读2018-10-7 10:07 |系统分类:文化

༄༅།། ས་སྐྱ་པཎ་ཆེན་གྱི་མཛད་འཕྲིན་ལས་སོག་ཡུལ་དུ་ཕེབས་པའི་སྐོར།

ས་སྐྱ་པཎ་ཆེན་གྱི་མཛད་འཕྲིན་ལས་སོག་ཡུལ་དུ་ཕེབས་པའི་སྐོར་ལ་རགས་ཙམ་དཔྱད་པ།

2018-10-06

འཇམ་དབྱངས་བློ་གྲོས། 


དང་བོ། ནང་དོན་གནད་བསྡུས།

     དེ་ཡང་ས་སྐྱ་པན་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ཧོར་གོ་དན་རྒྱལ་བོའི་བཀའ་ལུང་ལྟར་དགོས་དབང་གིས་ཧོར་ཡུལ་དུ་ཕེབས། དེར་བོད་ཀྱི་ལོ་རྒྱུས་དང་ས་སྐྱའི་གདུང་རབས་བཅས་སུ་ཧོར་གོ་དན་རྒྱལ་པོས་ས་པན་ལ་ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་བོ་ངེད་ཀྱི་ལུང་།ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་ལ་གོ་བར་བྱེད་པའི་གཏམ་ཞེས་པ་ལས་གསལ་བ་ལྟར་རྒྱལ་བོ་རང་ལ་བླང་དོར་གྱི་ལམ་སྟོན་པའི་བླ་མ་ཞིག་དགོས་པར་ས་པན་ཁོང་གདན་དྲངས་པར་ལམ་གྱི་དཀའ་ཚེགས་སོགས་ལ་མི་འཛེམ་པར་ཕེབས་ཚུལ་དང་།གལ་ཏེ་ལོ་ན་རྒས་པར་ཁག་བཞག་སྟེ་མི་ཕེབས་ན་རྒྱལ་པོ་ཁོས་མཐའི་ཁྲིམས་ར་བླངས་ནས་དམག་དཔུང་གིས་སེམས་ཅན་མང་པོར་གནོད་པ་བྱེད་སྲིད་པས་ཅིས་ཀྱང་མགྱོགས་པར་ཤོག་ཅེས་པའི་བཀའ་ཤོག་རྒྱས་པ་ཞིག་བསྐུར་བར་བཤད།


གཉིས་པ།བརྡ་ཆད་གཙོ་བོ།

དམག་དཔུང་། གདན་འདྲེན། ཞི་འཇགས། བཀའ་ལུང་། བསྟན་སྤེལ།


གསུམ་པ། ནང་དོན་དངོས།

ས་པཎ་གྱི་མཛད་རྣམ་རགས་བསྡུས།

   ས་སྐྱ་པཎ་ཆེན་ནི་རབ་བྱུང་གསུམ་པའི་ཆུ་སྟག་སྟེ་སྤྱི་ལོ(1182)ལོར་འཁྲུངས་ཤིང་མཚན་ལ་དཔལ་ལྡན་དོན་གྲུབ་ཏུགསོལ། སྐུ་བལྟམས་མ་ཐག་ནས་སཾ་སྐྲྀ་ཏའི་སྐད་སྨྲ་ཤེས་ཤིང་དབྱངས་གསལ་རྣམས་ཕྱག་མཛུབ་ཀྱིས་འབྲི་ཞིང་ཀློག་པ་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་ཞིག་ཡིན་པར་གསུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ།ཁུ་བོའི་མདུན་ནས་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན་པ་དང་། དགུང་ལོ་ཉེར་གསུམ་ཐོག་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི(1127-1225)མདུན་ནས་སྒྲ་སོགས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་སོགས་རིག་གནས་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བ་མཐར་ཕྱིན་ཏེ་པཎྜི་ཏའི་མཚན་སྙན་ཐོབ།དགུང་ལོ་ཉེར་བདུན་སྟེང་ཉང་སྨན་རྒྱན་གོང་གི་གཙུག་ལག་ཁང་དུ་ཁ་ཆེ་པཎ་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་སོ་ལྔའི་བར་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་མདོ་སྔགས་སྤྱི་དང་།ཁྱད་པར་དུ་ས་སྐྱའི་སྙན་བརྒྱུད་མན་ངག་མ་ལུས་པ་གསན་ཏེ་བསྒྲུབས་པས།ཆོས་ཐམས་ཅད་ཀྱི་གནད་ཕྱིན་ཅི་མ་ལོག་པར་གོ་བ་དང་།ཏིང་འཛིན་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེས།དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་བཞི་བའི་ཤིང་འབྲུག་སྟེ་སྤྱི་ལོ1244ལོར་ཧོར་རྒྱལ་གོ་དན་གྱིས་གདན་དྲངས།དེ་རྗེས་རབ་བྱུང་བཞི་བ་ལྕགས་ཕག་སྟེ་སྤྱི་ལོ1251ལོར་ལང་གྲུ་སྡེ་བཞིའི་ནང་ཚན་སྤྲུལ་བའི་སྡེའམ་མེ་ཏོག་ར་བའི་སྡེ་ཞེས་པར་སྐུ་གཤེགས། ཁོང་གི་མཛད་རྗེས་གཙོ་བོ་ནི། གདན་ས་ལོ་སོ་ལྔར་མཛད་ནས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་པ་དང་།སྒོས་སུ་བོད་ཁམས་ཡོངས་ལ་བདེ་འཇགས་ཡོང་བའི་ཆེད་དུ། དགུང་ལོ་བགྲེས་ནའང་སྐུ་ངལ་ལ་མ་འཛེམས་པར་ཧོར་ཡུལ་དུ་ཕེབས་ནས་རྒྱལ་བློན་འབངས་དང་བཅས་པ་ཆོས་ཀྱིས་ཚིམ་པར་མཛད་པར་མ་ཟད། དེ་དང་མཉམ་དུ་བོད་མི་ཁྲི་སྟོང་མང་བོའི་ཚེ་སྲོག་ཀྱང་བསྐྱབས་པར་བཤད།དེ་མིན་བུ་སློབ་ཀྱང་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་སོགས་སའི་རྒྱན་དུ་གྱུར་པ་མང་བོ་མཆིས་ལ།ལྗགས་རྩོམ་ཡང་པོད་གསུམ་ཙམ་ས་སྐྱའི་བཀའ་འབུམ་ཁྲོད་དུ་བཞུགས་པ་སོགས་མཛད་རྗེས་རླབས་ཆེན་མང་དུ་ཡོད་དོ།།


སྐབས་དེའི་སོག་པོ་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།

    རབ་བྱུང་གསུམ་པའི་ཤིང་མོ་ཡོས(1195)ལོ་ལ་ཧོར་ཇིང་གིར་རྒྱལ་བོ་བོད་ཀྱི་ས་མཚམས་སུ་སླེབས་སྐབས།བོད་ཀྱི་སྡེ་དཔོན་སོ་སོས་དམག་ཟློག་ཐབས་སུ་དམག་དཔོན་རྣམས་ལ་རྒྱུ་ནོར་གཏོས་ཆེན་བསྐུར་ཏེ།དེང་ཕྱིན་ཆད་ཧོར་ལ་ཁྲལ་འཇལ་རྒྱུ་ཡིན་ཞེས་སོགས་ཀྱི་འཕྲིན་བཏང་ནས་རེ་ཞིག་བཟློགདེ་རྗེས་ལོ་སྐོར་གཅིག་གི་འཕྲོར་རབ་བྱུང་བཞི་བའི་མེ་ཡོས(1207)ལོ་ལ་ཡང་སོག་དམག་བོད་དུ་སླེབས་པར་འགོག་ཐབས་སུ་ལྡབ་ནོར་ཕྲན་བུ་རེ་སྟེར་རྒྱུ་བྱས་འདུག་ཟེར། ཧོར་ཇིང་གིར་རྒྱལ་བོ་རང་ལོ་དྲུག་ཅུའི་ཐོག་རབ་བྱུང་བཞི་བའི་མེ་མོ་ཕག་གི(1227)ལོ་ལ་ཚ་བའི་ནད་བྱུང་ནས་འདས།སྲས་ཨུ་གོ་ཏ་རྒྱལ་སར་བཀོད་པར་བོད་ཀྱིས་ལོ་ཤས་ལ་ལྡབ་ནོར་གྱི་ཁྲལ་མ་སྤྲད་སྟབས། ལང་གྲུ་ན་ཡོད་པའི་ཁམས་རྒྱལ་གོ་དན་ཁྲོས་ཏེ་རབ་བྱུང་བཞི་བའི་ལྕགས་ཕོ་བྱི་བའི(1240)ལོར་དམག་དཔོན་ལི་ཅི་དང་།དོར་རྟ་ནག་པོ་སོགས་དམག་ཁྲི་གསུམ་དང་བཅས་པ་བཏང་ནས། མདོ་སྟོད་སྨད་ཀྱི་མི་མཐོང་ཚད་བསད། གྲོང་སྡེ་མང་པོ་བཅོམ། རྒྱལ་ལྷ་ཁང་སོགས་གཙུག་ལག་ཁང་དུ་མ་མེར་བསྲེགས། སོ་སྟོན་སོགས་རྭ་སྦྲེང་གི་གྲྭ་བ་ལྔ་བརྒྱ་ལྷག་བསད། བོད་ཁམས་ཆམ་ལ་ཕབ་ནས་མངའ་འོག་ཏུ་བཅུག རྗེས་སུ་འཇམ་མགོན་ས་པཎ་མཆོག་ཧོར་ཡུལ་དུ་གདན་དྲངས་ནས་ཧོར་བོད་བར་དུ་མཆོད་ཡོན་གྱི་འབྲེལ་བ་བྱུང་།


ས་སྐྱ་པཎ་ཆེན་སོག་ཡུལ་དུ་གདན་དྲངས་ཚུལ།

    གོ་དན་གྱིས་རང་ཉིད་ལ་ཆོས་ཀྱི་བླང་དོར་མ་ནོར་བ་སྟོན་ཤེས་པའི་བླ་མ་ཞིག་དགོས་པར་དགོངས་ནས་དོར་རྟ་ལ།དེང་དུས་བོད་ན་སུ་བཟང་དྲིས་པས།དོར་རྟས་དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་མང་།མི་ཆོས་ནི་སྟག་ལུང་པ་མཁས། གཟི་བརྗིད་ནི་འབྲི་གུང་བ་ཆེ།ཆོས་ནི་ས་སྐྱ་པཎྜི་ཏ་མཁས། ཞེས་ལན་ཕུལ་བས། དགེ་འདུན་མང་ཡང་ཚང་མ་གདན་འདྲེན་མི་ཐུབ།མི་ཆོས་ལ་ང་ཡང་མཁས།གཟི་བརྗིད་ནི་ང་ཆེ།ང་ལ་དགོས་པ་ནི་ཆོས་ལ་མཁས་པ་ཡིན་ཟེར་ནས། གསེར་ཡིག་པ་རྡོར་སྲི་མགོན་དང་། དཔོན་ཇོ་དར་གཉིས་བཀའ་ཤོག་འབུལ་བ་གཏོས་ཆེན་པོ་བཅས་གདན་འདྲེན་དུ་རབ་བྱུང་བཞི་བའི་ཤིང་འབྲུག་སྟེ་སྤྱི་ལོ(1244)ལོར་མངགས།བཀའ་ཤོག་གི་ནང་དོན་གཤམ་གསལ།ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་བོ་ངེད་ཀྱི་ལུང་།ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་ལ་གོ་བར་བྱེད་པའི་གཏམ།ངེད་ཕ་མ་དང་གནམ་སའི་དྲིན་ལན་འཇལ་བའི་ཕྱིར།ལམ་གྱི་བླང་དོར་མ་ནོར་བར་སྟོན་ཤེས་པའི་བླ་མ་དམ་པ་བརྟག་པ་བྱས་དུས་ཁྱོད་དུ་འདུག་པས།ལམ་གྱི་དཀའ་ཚེགས་ལ་མི་བལྟ་བར་ཡོང་དགོས། གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པར་ཇི་ཙམ་གཏོང་བ་ཁྱོད་ཀྱིས་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ།ངས་མཐའི་ཁྲིམས་ར་བླངས་དམག་དཔུང་ཆེན་པོས་བདའ་འདེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པར་མི་སྐྲག་པ་ཨེ་ཡིན།དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོར་སོམས་ལ་ཁྱོད་མགྱོགས་པར་ཤོག ཉི་མ་ནུབ་ཕྱོགས་ཀྱི་བནྡེ་རྣམས་ལ་ཁྱོད་ཤེས་སུ་འཇུག་པ་ཡིན། གནང་སྦྱིན་ལ་དངུལ་བྲེ་ཆེན་ལྔ།གོས་ཆེན་གྱི་ཆོས་གོས་མུ་ཏིག་ཚོམ་བུ་ཅན་ལ་མུ་ཏིག་སྟོང་ཕྲག་དྲུག་དང་ཉིས་བརྒྱ།ཁ་ཏི་ཁ་ཚང་མ་ཡུག་གཉིས།བྱོན་ཏི་ཁ་ཚང་མ་ཡུག་གཉིས།གོས་ཆེན་སྣ་ལྔ་ཡུག་ཉི་ཤུ་རྣམས་ཡོད། འདིའི་ལོན་མ་རྡོར་སྲི་མགོན་དང་། དབོན་ཇོ་དར་མ་གཉིས་བཏང་བ་ཡིན། འབྲུག་ལོ་ཟླ་བ་བརྒྱད་པའི་གནམ་གང་ལ་བྲིས།ཞེས་འཁོད་པ་བཅས་གནང་།སྐབས་དེར་ཆོས་རྗེ་ས་པཎ་དགུང་ལོ་རེ་གསུམ་ལ་ཕེབས་ཟིན་ནའང་ཧོར་དམག་གིས་བོད་ཡུལ་འདིར་དུས་བདེ་ཞོད་འཇགས་ཡོང་བའི་ཆེད་དུ་སྐུ་མཉེས་ལ་མ་ལྟོས་པར་ཧོར་ཡུལ་དུ་ཕེབས་རྒྱུ་ཞལ་གྱིས་བཞེས།ས་སྐྱ་དགོན་པའི་འགོ་འཛིན་དུ་བླ་མ་འོ་ཡུག་པ་བསོད་ནམས་སེང་གེ་དང་།ཤར་པ་ཤེས་རབ་འབྱུང་གནས་གཉིས་བསྐོ་བཞག་གནང་ཞིང་།གདན་ས་སྤྱིའི་འགན་འཛིན་པ་ནང་གཉེར་པ་གྲོམ་པ་ཤཱཀྱ་བཟང་པོ་བསྐོ་བཞག་གནང་། ཚ་བོ་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་དང་།ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ལ་སོན་པ་དེ་གཉིས་ཀྱང་ཁྲིད་གནང་ནས། རབ་བྱུང་བཞི་བའི་ཤིང་འབྲུག་སྤྱི་ལོ་(1244)ལོར་ས་སྐྱ་ནས་ཆིབས་སྒྱུར་གནང་།


ས་པཎ་མཆོག་ཧོར་ཡུལ་དུ་ཕེབས་དོན་གཙོ་བོ།

   དུས་དེར་ས་སྐྱ་པཎ་ཆེན་མཆོག་ཧོར་ཡུལ་དུ་ཕེབས་པའི་ཐུགས་འདུན་གཙོ་བོ་ནི་བོད་ཡུལ་འདིར་ཞི་བདེ་ཡོང་བའི་ཆེད་དུ་ཡིན་པ་ནི་བཀའ་གདམས་པའི་དགེ་བཤེས་ནམ་མཁའ་འབུམ་གྱིས་ཧོར་འདི་ལ་ཁྱེད་བྱོན་པས་ཕན་པའི་རྒྱུ་མཚན་ཨེ་བདོག་ཅེས་དྲིས་པའི་ལན་དུ། ཧོར་འདིས་ངེད་ལ་ཅི་ནས་མཆོད་གནས་ལ་ཤོགམི་འོང་ན་དམག་འོང་ཟེར་བས། དམག་བྱུང་ན་བོད་ལ་གནོད་དོགས་ནས་འགྲོ་བ་དང་སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་ཡིན་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས།ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་ལ་མི་ཕོད་རྒྱུ་མི་བདོག་ཙམ་ཤེས་པ་གདའ། ཞེས་པ་ལ་དཔྱད་ན་ལེགས་པར་ཤེས་ཐུབ། དེ་ཡང་བོད་ཀྱི་ཆོས་འབྱུང་རྣམས་ལ་བལྟས་ན་ས་པཎ་ཧོར་ཡུལ་དུ་ཕེབས་དོན་གཙོ་བོ་ནི་ཡུལ་དེར་བསྟན་པ་སྤེལ་ཆེད་དང་རྒྱལ་པོར་བླང་དོར་ཤེས་སུ་འཇུག་པར་བྱོན་པ་ལྟ་བུར་བཞེད་འདུག་ཀྱང་། དོན་ལ་དེ་ལྟར་མིན་ཏེ་ཁོང་གིས་གདུང་རབས་སུ་སྐབས་དེར་ཧོར་ཞེས་བྱ་བའི་སྐྱེ་བོ་གདུག་པ་ཅན་བླང་དོར་གྱི་གནས་ལ་དུད་འགྲོ་བས་རྨོངས་ཤིང་། སྙིང་རྗེ་ནི་ལས་ཀྱི་གཤིན་རྗེ་བས་ཀྱང་ཆུང་། ལུས་ཀྱི་རྩལ་ནི་གནོད་སྦྱིན་བས་ཀྱང་ཆེ།ལྷ་མ་ཡིན་གྱི་དཔུང་ཚོགས་ལྟར་གྲངས་མང་ཞིང་འཇིགས་སུ་རུང་བ་ཞིག་གིས་ཐོག་མར་རྒྱའི་ཡུལ་དང་།དེ་ནས་མི་ཉག་གི་ཡུལ་ལ་སོགས་པ་བྱང་ཕྱོགས་ཀྱི་རྒྱུད་མཐའ་དག་བདག་གིར་བཟུང་ནས།ཁྱིམ་པ་དང་རབ་ཏུ་བྱུང་བའི་དབྱེ་བ་མེད་པར་ཐམས་ཅད་དམག་ཁྲལ་ལས་གསུམ་གྱི་ཁྱུར་བཅུག་ནས་བསྟན་པའི་མིང་ཙམ་ཡང་མེད་པར་བྱས་ཏེ་རང་གཞན་ཐམས་ཅད་འཕུང་བར་འགྱུར་བར་གཟིགས་ཏེ་ཞེས་སོགས་བཀོད་པ་ལྟར་གྱི་གནས་ཚུལ་དེ་ལྟ་བུ་དངོས་སུ་རང་རེ་བོད་པ་རྣམས་ཀྱི་མགོ་ཐོག་ཏུ་འབབ་ཉེན་ཡོད་པས། གལ་ཏེ་ཁོང་མ་ཕེབས་ཚེ་འཕྲིན་ཡིག་ཏུ་གསལ་བ་བཞིན་ཧོར་གྱི་དམག་དཔུང་ཆེན་པོས་བརྡ་དེས་སེམས་ཅན་མང་བོ་ལ་གནོད་འཚེ་བགྱི་བར་གདོན་མི་ཟ་བས་ན། སྐབས་དེར་ཁོང་དགུང་གྲངས་དྲུག་ཅུ་ལྷག་བཞེས་ཡོད་ཀྱང་ཁོང་རང་གི་ལེགས་ཉེས་དང་སྐུ་སྲོག་ལ་ཕངས་པ་སྤུ་ཙམ་ཡང་མེད་པར་མགོ་ནག་བོད་མི་སྤྱིའི་བདེ་སྡུག་ཁོ་ན་དང་ལོ་རྒྱུས་འཕེལ་ཕྱོགས་ཀྱི་འགྲོས་དང་བསྟུན་ནས། རང་ཉིད་དགུང་ལོ་མཐོ་བ་དང་ཕེབས་ལམ་རིང་བའི་དཀའ་ཚེགས་ལ་མ་འཛེམ་པར་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུར་སོན་པ་དང་ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ཙམ་ལས་མེད་པ་གཉིས་ཕྱག་ཕྱིར་གཙོ་བོར་ཁྲིད་དེ་ཧོར་ཡུལ་དུ་བྱོན་པར་མཛད་དོ༎


མཇུག་གི་གཏམ།

    མདོར་ན་སྐབས་དེར་བོད་སིལ་བུར་འཐོར་ཞིང་གཅིག་གྱུར་མེད་པས། ཧོར་གྱི་ངོ་ཡ་མི་ཡོང་བར་མ་ཟད། ངོ་མ་བལྟས་ན་གྱོང་ཆེན་པོ་རག་ཡོང་དགོངས་ནས། ས་པཎ་གྱིས་བོད་ཡོངས་ལ་ཧོར་གྱི་ངོ་བལྟ་དགོས་ཚུལ་གྱི་གསུང་འཕྲིན་རྒྱས་པ་གནང་བ་དེའི་སྟབས་ཀྱིས་རེ་ཞིག་ཧོར་དམག་གིས་བོད་ལ་གསོད་བཅོམ་ཆེན་པོ་མ་བྱུང་བ་རེད། དེ་དག་གིས་བལྟས་ན་ས་པཎ་མཆོག་ནི་ཆབ་སྲིད་པ་དང་། མཁས་པ་བཀའ་དྲིན་ཅན་ཡིན་པར་མ་ཟད།ཆོས་སྲིད་ཀྱི་མཛད་པ་ལ་བརྟེན་ནས་སོག་ཡུལ་དུ་ས་སྐྱ་བའི་ཆོས་ལུགས་དང་གསང་སྔགས་རྡོ་རྗེ་ཐེག་པའི་དབུ་བརྙེས་པ་དང་། ནང་བ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སོག་ཡུལ་དུ་སྤེལ་བའི་སྐྱེས་བུ་དམ་པ་ཞིག་ལགས་སོ༎


དཔྱད་གཞིའི་རྒྱུ་ཆ།

དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།

བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིགཐུབ་བསྟན་ཕུན་ཚོགས།མི་རིགས་དཔེ་སྐྲུན་ཁང་།

བོད་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང་།འཇམ་དབྱངསདམ་ཆོས།

བོད་ཀྱི་རྒྱལ་རབས་དང་སུམ་རྟགས་མེས་པོའི་གསུང་རྒྱུན་ཀུན་གསལ་མེ་ ལོང་།བློ་བཟང་སྦྱིན་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།རྒྱལ་མོ་འབྲུག་པ། མི་རིགས་དཔེ་སྐྲུན་ཁང་།

བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།དམུ་དགེ་བསམ་གཏན།མི་རིགས་དཔེ་སྐྲུན་ཁང་།

རྒྱ་བོད་ཡིག་ཚང་ཆེན་མོ།དཔལ་འབྱོར་བཟང་བོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

དེབ་ཐེར་ཀུན་གསལ་མེ་ལོང་།ཕུན་ཚོགས་ཚེ་རིང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

(见图片所示)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-23 03:27 , Processed in 0.289800 second(s), 21 queries .

返回顶部