博客西藏在最高处过一种生活

日志

༄༅།། ལོ༡༡༠ཡར་སྔོན་གྱི་ཏུན་ཧོང་སངས་རྒྱས་ས ...

已有 91 次阅读2018-9-30 11:48 |系统分类:文化

༄༅།། ལོ༡༡༠ཡར་སྔོན་གྱི་ཏུན་ཧོང་སངས་རྒྱས་སྟོང་གི་བྲག་ཕུག
1908ལོའི་གཏོར་བརླག་མ་ཐེབས་པའི་ཏུན་ཧོང་སངས་རྒྱས་སྟོང་གི་བྲག་ཕུག

པར་རིས་ཁག་འདིའི་ཡོང་ཁུངས་ནི་《Les Grottes de Touen-houang》(ཏུན་ཧོང་བྲག་ཕུག)ཞེས་པ་ཡིན་ཞིང་། ཧྥ་རན་སིའི་རྒྱ་རིག་པ་མཁས་ཅན་ཕོར་ཞི་ཧོ་(Paul Pelliot)ཡིས་རྩོམ་སྒྲིག་བྱས་པ་རེད།

དེབ་དེར་ཁྱོན་བམ་པོ་དྲུག་ཡོད་ཅིང་། ནང་དོན་ནི་1908 ལོར་ཕོར་ཞི་ཧོ་དང་རྟོག་ཞིབ་ཚོགས་པ་ཤིན་ཅང་ནས་ཏུན་ཧོང་དུ་ཡོང་སྟེ་བླངས་པའི་མོ་ཀའོ་བྲག་ཕུག་(སངས་རྒྱས་སྟོང་གི་བྲག་ཕུག)གི་ཕྱི་ལྗོངས་དང་བྲག་ཕུག་( ཧ་ལམ་༡༨༢)གི་ཚོན་ལྡན་འཇིམ་བཟོ་དང་ལྡེབས་རིས་སོགས་ཀྱི་འདྲ་པར་ཡིན།


 ཏུན་ཧོང་བྲག་ཕུག་གི་ངོས་ནས་བརྗོད་ན། ཕྱོགས་ཡོངས་ནས་རྟོག་ཞིབ་ཞིབ་ཕྲ་བྱས་པ་སྔ་ཤོས་ནི།  1908 ལོར་ཧྥ་རན་སིའི་ཕོར་ཞི་ཧོ་ཡིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་པས་བྱས་པ་དེ་ཡིན་སྲིད།


 1908ལོའི་ཟླ་2ཚེས་25ཉིན། ཕོར་ཞི་ཧོ་དང་རྟོག་ཞིབ་ཚོགས་པ་ཤིན་ཅང་བརྒྱུད་ནས་མོ་ཀའོ་བྲག་ཕུག་ལ་ཐོན་པ་དང་། ཁོ་ཚོ་མོ་ཀའོ་བྲག་ཕུག་ཏུ་བསླེབས་རྗེས། བྲག་ཕུག་ལ་ཨང་རྟགས་བཀོད་ཅིང་ཚད་འཇལ་རིས་འབྲི་བྱས་པ་དང་། པར་ལེན་དང་ཡི་གེ་ཟིན་ཐོར་འགོད་པའི་ལས་ཀ་བསྒྲུབས།


 ཕོར་ཞི་ཧོ་དང་རྟོག་ཞིབ་ཚོགས་པས་པར་བླངས་པ་ནས་ད་ལྟའི་བར་ལོ་བརྒྱ་ལྷག་གི་དུས་ཚོད་འདས་ཟིན་པ་དང་། འདས་ཟིན་པའི་ལོ་བརྒྱ་ལྷག་གི་རིང་རང་བྱུང་དང་། ལོ་རྒྱུས། དེ་བཞིན་མིས་བཟོས་པའི་འབྲེལ་བ་བཅས་ཀྱི་རྐྱེན་གྱིས། བྲག་ཕུག་ལ་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད།


 ལ་ལར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། སྐབས་དེའི་སྐྱོན་མེད་འཐུས་ཚང་གི་ཚོན་སྐུ་ལྡེབས་རིས་དང་དེ་རིང་གི་རྗེས་ཤུལ་སྟོང་བ་ཙམ་གྱི་དུས་ལ་བསླེབས་དུས། ཧྥ་རན་སི་པ་ཕོར་ཞི་ཧོ་ཡིས་ཉར་ཚགས་བྱས་པའི་འདྲ་པར་དེ་དག་ནི་ཧ་ཅང་རྩ་ཆེན་པོ་ཞིག་ཏུ་མཐོང་།

ཕོར་ཞི་ཧོ་(Paul Pelliot ། 1878-1945)ནི་ཧྥ་རན་སིའི་སྐད་བརྡ་རིག་པ་བ་དང་རྒྱ་རིག་པ་མཁས་ཅན།  ཡུལ་སྐོར་པ་དང་ཉེན་བརྟག་པ། ཏུན་ཧོང་ཤོག་དྲིལ་ཆེད་མཁས་པ་བཅས་ཡིན། 1878ལོའི་ཟླ་5ཚེས་28ཉིན་ཕ་རི་སི་རུ་སྐྱེས། 1887 ལོར་ཧྥ་རན་སིའི་ཤར་ཕྱོགས་སྐད་བརྡ་སློབ་གླིང་ནས་མཐར་ཕྱིན་པ་དང་། 1900 ལོར་ཧྥ་གཏོགས་རྒྱ་གར་གྱི་ཧྥ་རན་སིའི་ཤར་ཕྱོགས་སློབ་གླིང་དུ་ལས་ཀར་མངགས།


 ཕོར་ཞི་ཧོ་ནི་སྐད་བརྡའི་ཐད་ལྷན་སྐྱེས་ཀྱི་ཤེས་རབ་ཆེན་པོ་ལྡན་པ་དང་། ཕྱི་རྒྱལ་གྱི་སྐད་ཡིག་རིགས་13 ལ་བྱང་ཆུབ་པ་མ་ཟད་མཁྱེན་རྒྱ་ཤིན་ཏུ་ཡངས། ཁོང་དང་ཀྲུང་གོའི་མཁས་དབང་བར་སྤེལ་རེས་ཐུབ་པ་ནི་རྒྱ་ཡིག་ལ་མཁས་པ་དང་ཀྲུང་གོའི་རིག་གཞུང་གི་ནུས་པ་དྲག་པོ་ལྡན་པ་དེ་ཡིན། ཁོང་ནི་ཆོས་སྤེལ་མཁན་ཞིག་ཡིན་པ་ཕུད། ནུབ་ཕྱོགས་ཀྱི་རྒྱ་རིག་པའི་ལས་རིགས་ཁྲོད་མཐོང་དཀོན་པའི་པེ་ཅིན་རྒྱ་སྐད་བྱང་ཆུབ་པ་ཞིག་བཤད་ཐུབ་པའི་མཁས་དབང་ཞིག་ཡིན།


 ཐོགས་པ་མེད་པའི་རྒྱ་སྐད་དང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་བྱ་ཕུན་སུམ་ཚོགས་པ་སྤྱད་ནས།  ཕོར་ཞི་ཧོ་ཡིས་1906 ལོ་ནས་1908 ལོའི་བར་དུ་ཀྲུང་གོའི་ཀན་སུའུ་དང་ཤིན་ཅང་རྒྱུད་དུ་ལས་སྒོ་སྤེལ་མྱོང་བ་དང་། ཤིན་ཅང་ཁཱ་ཧྲི་ས་ཁུལ་དང་ཁུའུ་ཐུའུ་མུའུ་ཧྲུའུ་ཁེ་ཡི་ཐོ་ཁུའུ་ཙི་སཱ་ལའེ། དེ་བཞིན་ཀན་སུའུ་ཏུན་ཧོང་བྲག་ཕུག་བཅས་སུ་རྟོག་ཞིབ་རྒྱ་ཆེར་བྱས།

1907ལོའི་ཟླ་12པའི་ཟླ་དཀྱིལ་དུ་ཝུའུ་ལུའུ་མུའུ་ཆི་ནས་ལམ་ལ་ཆས་ཏེ། 1908ལོའི་ཟླ་2ཚེས་24ཉིན་ཏུན་ཧོང་དུ་ཐོན། ཕོར་ཞི་ཧོ་ཡིས་ཏུན་ཧོང་མོ་ཀའོ་བྲག་ཕུག་ནས་ཡིག་ཆ་རིགས་དྲུག་སྟོང་ལྷག་ཁྱེར་བ་དང་། གཞན་ད་དུང་ཐང་རྒྱལ་རབས་ཀྱི་རི་མོ་དང་རྒྱལ་མཚན། ཐགས་དངོས། ཤིང་ཆས་དང་། ཤིང་བཟོས་ཡིག་སྒྲིག་པར་འདེབས་ཀྱི་ཡིག་པར་དང་ཆོས་ལུགས་ཀྱི་དངོས་པོ་སོགས་མང་པོ་ཁྱེར་བ་རེད།  ཁོང་གིས་རིག་དངོས་དེ་དག་ཕ་རི་སིར་དབོར་འདྲེན་བྱས་པ་དང་། དུས་མཚུངས་སུ་བྲག་ཕུག་རེ་རེར་རྟོག་ཞིབ་ཞིབ་ཕྲ་བྱས་ནས། བྲག་ཕུག་རེ་རེ་བཞིན་ཞིབ་བརྗོད་བྱས་ཡོད་པ་དང་། ལྷག་པར་དུ་བྲག་ཕུག་ནང་གི་ལྡེབས་རིས་ཐོག་གི་ཡི་གེ་སོགས་ཞིབ་ཕྲ་བཀོད་ཡོད། 


 ཕོར་ཞི་ཧོ་ཡིས་ཏུན་ཧོང་ནས་རྟོག་ཞིབ་བྱས་ཤིང་མོ་ཀའོ་བྲག་ཕུག་གི་འདྲ་པར་མང་པོ་བླངས་པ་དེ་དག་ལ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་ཡོད་ཅིང་། ཁོང་ཡང་དེའི་ཕྱིར་སྐད་གྲགས་ཤིན་ཏུ་འབར་བ་དང་རྒྱལ་སྤྱིའི་རྒྱ་རིག་པའི་སྡེ་རུ་གོ་གནས་འདིང་པར་ནུས་པ་གལ་ཆེན་ཐོན་ཡོད། ཁོང་ཕྱིར་ལོག་རྗེས་ཐོག་མའི་ལེགས་སྒྲིག་ལས་ཀ་དང་གནའ་རྫས་བརྟག་དཔྱད་ཀྱི་སྙན་ཞུའི་ལས་ལ་ཞུགས།

 ཏུན་ཧོང་བྲག་ཕུག་ནི། ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་ཀྱི་ཏུན་ཧོང་རྫོང་ནས་ཤར་ལྷོའི་ཕྱོགས་ལ་སྤྱི་ལེ་ཉེར་ལྔ་ཙམ་སོང་ན་ཡོད་པའི་མོ་ཀའོ་ཁུའུ་འམ་སངས་རྒྱས་སྟོང་གི་བྲག་ཕུག་ཟེར་བ་ཞིག་ཡོད་པ་དེ་རེད། ཡོངས་གྲགས་སུ་ལོ་ངོ་ཕལ་ཆེར་སྟོང་གཉིས་ལྷག་གི་ལོ་རྒྱུས་ཡོད་ལ། དེ་ནི་གནའ་དུས་སུ་ཀྲུང་གོ་དང་ཕྱི་གླིང་བར་གྱི་འགྲིམ་འགྲུལ་གྱི་རྒྱུ་ལམ་འགངས་ཆེན་ཞིག་དང་། རྒྱལ་ཁབ་སོ་སོའི་ཚོང་བ། ལག་ཤེས་བཟོ་པ། རབ་བྱུང་བཙུན་པ་རྣམས་ཡུལ་འདི་ལ་འཛོམས་ཏེ། རིག་གནས་དང་ཆོས་ལུགས་བརྗེ་རེས་ཀྱི་ལྟེ་བ་ལྟ་བུ་ཞིག་བར་སྐབས་ཀྱི་རིང་ལ་གྱུར་ཡོད་མྱོང་བ་ཞིག་རེད། ད་ལྟའང་ད་དུང་བྲག་ཕུག་༤༩༢ཡོད་པ་དང་ལྡེབས་རིས་སྨི་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ལྷག་དང་ལྷ་སྐུ་ཉིས་སྟོང་ལྷག་མཆིས་ཤིང་།  དེ་མིན་ད་དུང་གཏེར་མའི་བྲག་ཕུག་ལས་གནའ་རབས་ཀྱི་དཔེ་རྙིང་འབོར་ཆེན་བྱུང་བ་རེད། བོད་ཀྱི་བཙན་པོས་ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་ཏུན་ཧོང་བདག་གེར་བཟུང་ནས་བྲག་ཕུག་སུམ་བཅུ་ལྷག་བརྐོས་པ་དང་། ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ངོས་ནས་ཏུན་ཧོང་ནས་བུད་པའི་རྒྱུ་ཆ་དག་ནི་ཁུངས་འཛིན་དང་ཡང་ན་གཞི་འཛིན་ས་གཙོ་བོར་འཛིན་གྱིན་ཡོད་པ་རེད།

སྐབས་དེར་བླངས་པའི་བྲག་ཕུག་ཕྱི་ནང་གི་འདྲ་པར།

(赤血宁玛文学平台)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-10 09:49 , Processed in 0.313424 second(s), 21 queries .

返回顶部