博客西藏在最高处过一种生活

日志

ངོ་མཚར་འབུམ་གྱིས་ཕྱུག་པའི་གེ་སར་འཕྲུལ་ལུ ...

已有 87 次阅读2018-6-27 11:49 |系统分类:见闻

ངོ་མཚར་འབུམ་གྱིས་ཕྱུག་པའི་གེ་སར་འཕྲུལ་ལུང་། 

                                                                       

དཀོན་མཆོག་རྡོ་རྗེ་དང་ཚུལ་ཁྲིམས་བཟང་པོས་བྲིས་ཤིང་པར་བླངས།

གཅིག ཨ་ཁོ་རིས་སུ་གེ་སར་གྱི་རྡོ་བརྐོས་རི་མོ་ཐེངས་དང་པོར་གསར་རྙེད་བྱུང་བ།
སྤྱི་ཟླ་8པའི་ཚེས་5ཉིན། གེ་སར་འཕྲུལ་ལུང་དུ་འབོད་པའི་རྔ་བ་ཁུལ་ཆུ་ཆེན་རྫོང་ཨ་ཁོ་རིས་ཡུལ་ཤོག་ཏུ་གེ་སར་སྐོར་གྱི་རྡོ་བརྐོས་རི་མོ་ཁག་གཉིས་གསར་རྙེད་བྱུང་། ཁག་དང་པོ་ནི་ཨ་ཁོ་རིས་ཉི་ཤར་དགོན་པའི་ཀླད་ཀྱི་རི་སྐེད་སྒྲུབ་ཕུག་ལུང་པའི་ཉེ་འགྲམ་དུ་གནས་ཤིང་། ཇོ་དར་དང་རྩྭ་རྩི་ཤིང་གིས་ཡོངས་སུ་འགེབས་འདུག་པས། ལམ་འགྲོ་བས་ཧ་ཅང་མཐོང་དཀའ་བ་རེད། གནའ་སྔ་མོར་ས་གནས་དེ་གའི་མི་རྣམས་ཀྱིས་རྡོ་ཁང་ལས་ནས་རྡོ་བརྐོས་རྣམས་ལ་སྲུང་སྐྱོབ་བྱས་མྱངས་ཡང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་སུམ་ཆའི་གཉིས་ཙམ་གྱི་རྡོ་ཁང་སྔ་མོ་ནས་བརྡིབས་ཟིན། རྡོ་བརྐོས་མང་ཆེ་བ་རྣམས་ལ་ཉི་མ་ཕོག་ནས་སྔར་གྱི་ཚོན་མདོག་ཕལ་ཆེར་ཡལ་བ་དང་། མི་སྣ་དང་ཆིབས་པའི་མིང་རྣམས་ཀྱང་རབ་རིབ་ཏུ་གྱུར་འདུགཁག་གཞན་ཞིག་ནི་ཨ་ཁོ་རིས་ཉི་ཤར་དགོན་པའི་འདུ་ཁང་གི་ཐོག་བརྩེགས་གཉིས་པར་ཉར་ཚགས་བྱས་འདུག་ལ། ཚང་མ་ལ་ཚོན་བྱུག་ཡོད་པས་རྡོ་བརྐོས་ཀྱི་ཚོན་མདངས་རྣམ་པར་བཀྲ་ཞིང་། མི་སྣ་གསོན་ཉམས་ལྡན་པ། རི་མོར་བྱང་ཆ་དོད་པ་དང་གླིང་གི་དཔའ་རྟུལ་སུམ་ཅུ་དང་ཆིབས་པ་རྣམས་གླིང་སྒྲུང་གི་ནང་དོན་ལྟར་དུ་བརྐོས་འདུག དེ་དག་རི་སྐེད་དུ་ཡོད་པའི་རྡོ་བརྐོས་རི་མོའི་ནང་དོན་དང་ཕལ་ཆེར་འདྲ་ཡང་། མི་འདྲ་ས་ནི་ཁ་བྱང་དུ་མིའི་མིང་གཅིག་པུ་ལས་ཆིབས་པའི་མིང་བརྐོས་མེད་ལ། དཔའ་རྟུལ་འགའ་རེའི་མཚན་བསྡུས་བྲིས་བྱས་ཡོད་པ་དང་གོང་གི་དེ་ལྟ་བུའི་རྒྱས་པ་བྲིས་མེད ། དགོན་པ་དེའི་མཆོག་སྤྲུལ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་གསུངས་པ་ལྟར་ན། དགོན་པའི་ནང་གི་གེ་སར་གྱི་རྡོ་བརྐོས་དེ་དག་རི་སྐེད་ཀྱི་རྡོ་བརྐོས་དག་ལ་དཔེ་བླངས་ནས་གྲུབ་ཅིང་། བཤད་སྲོལ་ལྟར་ན་དེ་དག་ནི་རྡོ་བརྐོས་སྒྱུ་རྩལ་པ་གྲགས་ཅན་ཚེ་རིང་དོན་འགྲུབ་ཀྱིས་ལོ་ངོ་སུམ་ཅུའི་ཡར་སྔོན་དུ་བརྐོས་པ་རེད།

གླིང་རྗེ་གེ་སར་རྒྱལ་པོའི་རྡོ་བརྐོས་ཚོན་རིས།

མདོར་ན་རྡོ་བརྐོས་ཁག་གཉིས་ནི་གཞི་རྒྱ་ཆེ་ཞིང་། ནང་དོན་ཐད་གླིང་གེ་སར་རྒྱལ་པོ་གཙོ་བོ་བྱས་པའི་དཔའ་རྟུལ་ཕུ་ནུ་སུམ་ཅུ་དང་ཆིབས་པ། གླིང་གི་མོ་སྨན་དང་གླིང་ལྷ་སོགས་ཀྱི་འདྲ་གཟུགས་བརྐོས་འདུག ཚོ་གཉིས་ལ་བསྡོམས་པས་གེ་སར་སྐོར་གྱི་རྡོ་བརྐོས་ཧ་ལམ་བརྒྱ་འདུག་ལ། རྡོ་བརྐོས་ཀྱི་ལག་རྩལ་བྱང་ཆ་ལྡན་ཞིང་། ནང་དོན་ཕུན་སུམ་ཚོགས་ཤིང་བརྐོས་རིས་དང་ཚོན་རིས་ཟུང་འབྲེལ་བྱས་པའི་ཁྱད་ཆོས་སོགས་ལྡན་པས། གེ་སར་རིག་གནས་དང་གེ་སར་རི་མོའི་ཞིབ་འཇུག་ཐད་ལ་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད།ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། གེ་སར་རིག་པ་སྨྲ་བ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གསར་དུ་རྙེད་པའི་གེ་སར་སྐོར་གྱི་རྡོ་བརྐོས་ཀྱི་པར་རིས་དེ་དག་མཐོང་རྗེས་སྤྲོ་སེམས་འཁོལ་བའི་ངང་ཐེངས་འདིར་གསར་དུ་རྙེད་པའི་ཨ་ཁོ་རིས་གེ་སར་རྡོ་བརྐོས་ཚོན་རིས་ཅན་ནི་རོང་བྲག་རྫོང་མ་ཧཱ་ས་གནས་སུ་རྙེད་པའི་གེ་སར་རྡོ་བརྐོས་རི་མོའི་རྗེས་ཀྱི་རྔ་བ་ཁུལ་གྱི་ཁོངས་སུ་ཐེངས་དང་པོ་གེ་སར་རྡོ་བརྐོས་འབོར་ཆེན་རྙེད་པ་ཞིག་རེད་ལ། དེ་ལ་ཞིབ་འཇུག་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པར་མ་ཟད། རྒྱལ་སྤྱིའི་གེ་སར་རིག་པའི་ཞིབ་འཇུག་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད་ཅེས་གསུངས། ཁོང་གིས་སྔོན་མར་གེ་སར་གྱི་རིག་གནས་རླབས་པོ་ཆེ་འདི་ཉིད་སི་ཁྲོན་བོད་ཁུལ་ལ་མཚོན་ན། དཀར་མཛེས་ཁུལ་ལ་དར་ཁྱབ་ཆེ་བ་དང་རྔ་བ་ཁུལ་ལ་ཁྱབ་རྒྱ་ཆུང་ཞིང་རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་དེ་བས་ཀྱང་དར་སྲོལ་མེད་པ་སྙམ་ཡང་། ད་ཐེངས་ཨ་ཁོ་རིས་སུ་གེ་སར་རྡོ་བརྐོས་གསར་རྙེད་བྱུང་བ་དེས་རྒྱལ་མོ་ཚ་བ་རོང་དུ་གེ་སར་གྱི་རིག་གནས་དར་ཁྱབ་ཧ་ཅང་ཆེ་བར་མ་ཟད། སྒྱུ་རྩལ་གྱི་རྣམ་པ་སྣ་མང་ཞིང་ཕུན་སུམ་ཚོགས་ལ། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་ར་སྤྲོད་བྱེད་ཐུབ། དེ་དང་དུས་མཚུངས་སུ། གེ་སར་རིག་གནས་ལ་རྒྱ་ཆེ་བའི་མང་ཚོགས་ཀྱི་རྨང་གཞི་དང་སྟོབས་ཆེ་བའི་སྒྱུ་རྩལ་གྱི་གསོན་ཤུགས་ཆེན་པོ་ཡོད་པ་བདེན་དཔང་བྱས་ཤིང་། གེ་སར་རིག་གནས་ལ་ཞིབ་འཇུག་དང་ཡང་དགོས་སུ་རྒྱལ་རོང་ས་ཁུལ་ལ་གེ་སར་རིག་གནས་དར་བའི་ལོ་རྒྱུས་ཀྱི་ཞིབ་འཇུག་ཐད་ལ་རྒྱུ་ཆ་གསར་པ་རྩ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད་ཅེས་གསུངས།

གེ་སར་ཏ་ལེན།

  གཉིས། གེ་སར་རིག་གནས་རྒྱུན་འཛིན་པ་མདོ་ཆེན་ཨ་ཁོ་རིས་ཐུབ་བསྟན་ཉི་ཤར་གླིང་།
        མདོ་ཆེན་ཨ་ཁོ་རིས་ཐུབ་བསྟན་ཉི་ཤར་གླིང་ནི་གསང་སྔགས་རྙིང་མའི་ཁོངས་སུ་གཏོགས་པ་དང་། སྡེ་དགེའི་རྫོགས་ཆེན་དགོན་གྱི་དགོན་ལག་གཙོ་ཤོས་ཤིག་ཡིན་པ་གྲགས་ཤིང་། བོད་རབ་བྱུང་བཅུ་གསུམ་པའི་ནང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ངོ་མཚར་བའི་རྟགས་དུ་མ་དང་བཅས་ཏེ་ཕྱག་བཏབ་པ་དང་། དགོན་པའི་ལོ་རྒྱུས་སུ་མཚན་ཐོགས་ཚུལ་ལ། རྒྱལ་སྲས་གཞན་ཕན་མཐའ་ཡས་མདོ་ཆེན་ཕྱོགས་སུ་ཕྱག་ཕེབས་ཏེ་ཉིན་ཞིག་བྱ་ཕོ་རོག་ཞིག་གིས་ཁོང་གི་ཕུད་ཀོང་ཁྱེར་ནས་འཕུར་སོང་བས། དེ་དེད་ནས་ད་ལྟའི་དགོན་པ་ཆགས་སའི་གནས་སུ་འབྱོར་དུས་ཕོ་རོག་གིས་ཕུད་ཀོང་དེར་བཞག་པ་རེད། གནས་དེ་ནི་ས་ཡི་དགེ་བཅུ་ཚང་ཞིང་ཨ་ཡིག་འབུར་དུ་དོད་པའི་ས་མིག་ཁྱད་པ་ཅན་ཞིག་ཡིན་པ་དང་དེ་དང་དུས་མཚུངས་སུ་ཁོ་རིས་ཞེས་པའི་རྒན་པོ་ཞིག་ཁོང་གི་དྲུང་དུ་བཅར་ནས་འདི་ནི་ཁོའི་དགུན་ས་ཡིན་པས་ཁྱེད་ལ་འབུལ་ལབ་པས། ཁོང་གིས་རྟེན་འབྲེལ་ཆེན་པོ་འགྲིག་པར་དགོངས་ནས་དེ་རུ་དགོན་ས་འདེབས་རྒྱུ་གཏན་འཁེལ་བྱས་པར་མ་ཟད། དགོན་མིང་ལ་སའི་ཁྱད་ཆོས་དང་སྦྱིན་བདག་གི་མིང་གཉིས་གཅིག་ཏུ་བསྡུས་ནས་མདོ་ཆེན་ཨ་ཁོ་རིས་ཐུབ་བསྟན་ཉི་ཤར་གླིང་ཞེས་གསོལ་བར་གྲགས།

གེ་སར་གྱི་དབུ་ཞྭ།

དགོན་ས་བཏབ་ནས་བཟུང་རྟེན་དང་བརྟེན་པའི་འཕྲིན་ལས་རྒྱ་ཆེན་པོ་སྤེལ་ཞིང་། གེ་སར་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལེགས་པོ་བྱས་ནས་ལོ་རྟག་པར་གེ་སར་གྱི་ཟློས་གར་འཆམ་སྲོལ་འདུག དཔའ་རྟུལ་ཕུ་ནུ་སུམ་ཅུ་སོགས་ཀྱི་ཞལ་འབག་དང་ཁྲབ་རྨོག་འཁོར་གསུམ་རྒྱས་སྤྲོས་ཆེ་བ། གཞན་ཡང་གར་འཆམ་གྱི་ནང་དོན་ཐད་ནས་རྟ་རྒྱུག་ནོར་བུ་ཆ་བདུན་དང་། གེ་སར་གཙོ་བོ་ཡིན་པའི་དཔའ་རྟུལ་སུམ་ཅུ་དང་གླིང་གི་མོ་སྨན་སོགས་འདུས་ཤིང་། འཆམ་འགྲོས་དང་འཆམ་ཚུགས་སོགས་ནི་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་དང་གསེར་རྟའི་གླིང་བྲོ་བདེ་ཆེན་རོལ་མོའི་ཉིང་བཅུད་བླངས་ཤིང་། དེའི་སྟེང་ས་གནས་དེ་གའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཞབས་བྲོའི་ཉམས་འགྱུར་ཁ་སྣོན་བྱས་ནས་གྲུབ་པས་ལུས་ཀྱི་སྟངས་སྟབས་དེ་འབུད་རྡུང་དཀྲོལ་གསུམ་གྱི་སྒྲ་སྙན་དང་ཆ་ཧ་ཅང་འཚམ་པོ་འདུག གཞན་ཡང་སྔར་ནས་གེ་སར་ལ་བསང་དང་གསེར་སྐྱེམས་སོགས་ཀྱི་གསོལ་མཆོད་བྱེད་པའི་ལུགས་སྲོལ་ད་བར་རྒྱུན་སྐྱོང་བྱས་འདུག
ཞོགས་པའི་ཉི་ཟེར་སྨུག་པ་དང་རི་བོའི་ཕག་ནས་རྡོ་ཁང་གི་མཁར་གྲོང་དུ་འཕྲོས་ཙ་ན། ཐང་མར་བརྡལ་བའི་ཁང་སྟེང་གི་རྡོ་ལེབ་ངོས་ནས་དངུལ་དཀར་གྱི་མདངས་དང་ལྡན་པའི་འོད་ཟེར་གྱིས་རི་ཀླུང་མཛེས་པར་བྱས། ས་གནས་དེ་རུ་ཁྲོ་རྡོ་དང་རྡོ་གཡའ་མ་ངོས་འཇམ་ཞིང་ལེབ་མོ་ཅན་གང་སར་ཁྱབ་འདུག་པས། སྐྱ་སེར་དག་གིས་ས་གནས་ཀྱི་ལེགས་ཆ་བེད་སྤྱོད་བྱས་ནས་བཟོ་བཀོད་ལེགས་པའི་རྡོ་ཁང་ཁྱད་ཆོས་ཅན་བརྩིགས་འདུག་ལ། དགོན་པའི་འདུ་ཁང་དང་གྲྭ་ཤག འབྲོག་པའི་དགུན་མཚེར་ཚང་མ་རྡོ་ཁང་ཤ་སྟག་རེད་འདུག ས་གནས་འདི་ནི་རྒྱུན་འཛིན་དང་སྲུང་སྐྱོབ་ཆེས་ལེགས་པའི་རྡོ་ཁང་གི་མཁར་གྲོང་ཞིག་རེད་ཅེས་ལབ་ན་འཚམ་པོ་རེད།

གེ་སར་ཆིབས་རྟའི་རྨིག་རྗེས།

གེ་སར་གྱི་ཆང་བུམ།

གསུམ། ཨ་ཁོ་རིས་སུ་ཡིབ་པའི་གེ་སར་འཕྲུལ་ལུང་།ཨ་ཁོ་རིས་དགོན་པའི་ལོ་རྒྱུས་དང་དམངས་ཁྲོད་ངག་རྒྱུན་དུ། དགོན་པ་ནས་སྤྱི་ལེ་གསུམ་ཙམ་གྱི་ནུབ་བྱང་མཚམས་སུ་རི་བོ་ཚར་དུ་དངར་ཞིང་། རི་དེ་དག་ནི་གེ་སར་གཙོ་བོ་གྱུར་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་བླ་རི་ཡིན་པ་དང་མཚོ་བཅོ་བརྒྱད་ཡོད་པ་ནི་གླིང་གི་མོ་སྨན་རྣམས་ཀྱི་བླ་མཚོ་མཚོན་བྱེད་ཡིན་པ། གཞན་ཡང་གནས་དེ་རུ་གེ་སར་གྱི་རང་བྱོན་དང་རྗེས་ཤུལ་དུ་མ་ཞིག་ཡོད་ཚུལ་གྲགས། གེ་སར་འཕྲུལ་ལུང་ཞེས་པའི་ཡུལ་དེའི་གཞོགས་གཉིས་སུ་རྫ་རི་ཚར་དུ་དངར་ཞིང་ལུང་པའི་ཕུ་འདའ་དྭངས་ཤིང་གཙང་བའི་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་བཞུར་བ། རྩྭ་རྩི་ཤིང་གི་ལོ་འདབ་རྒྱས་ཤིང་སྨན་རྩྭ་དང་ཤིང་ཕྲན། མེ་ཏོག་སྣ་ཚོགས་ཀྱིས་རི་ལུང་ཁེངས་པ། རུག་པ་དང་ལྕིམ་སོགས་རི་སྐྱེས་ཟས་རིགས་ཕུན་སུམ་ཚོགས་ཤིང་། ནོར་གནག་དང་རི་སྐྱེས་སྲོག་ཆགས་རྣམས་ལམ་ཟུར་དུ་བག་ཕེབས་པར་གནས་འདུག

ཨ་ཁོ་རིས་བོད་སྡེ། 

ཨ་ཁོ་རིས་དགོན་པའི་གེ་སར་ཟློས་གར་འཁྲབ་སྟོན།

ལུང་པའི་གཡས་ཕྱོགས་སུ་ཁྲོ་ཐུང་གི་བླ་རི་དང་། འདན་མའི་ཁྱུང་རི་སོགས་གཙོ་བོ་བྱས་པའི་རི་བོ་བཅུ་གཉིས་གྲལ་དུ་བསྒྲིགས་པ་དང་གཡོན་ཕྱོགས་སུ་དགྲ་ལྷ་ཞལ་དཀར་དང་། འབྲུ་དགའ་སྡེ་སོགས་ཀྱི་བླ་རི་རྔམ་ཞིང་བརྗིད་པ། མདུན་ཕྱོགས་སྤྲིན་དང་སྨུག་པའི་གསེབ་ནས་རྒྱལ་མོ་ཚ་བ་རོང་གི་བླ་རི་ཨ་མྱེ་རྒོད་ལྡེམས་ཀྲོང་ངེར་འགྱིང་ཞིང་། དེ་ནི་ཁུ་བོ་ཁྲ་རྒན་གྱི་བླ་རི་ཡིན་པར་བཤད་སྲོལ་འདུག འགྲམ་གྱི་གཙང་པོའི་གཡོན་ཟུར་དུ་གེ་སར་ཐེམ་སྐས་ཁང་བརྩེགས་གཉིས་ལ་ཉེ་བ་ཙམ་དང་འབྲུག་མོའི་ཐེམ་སྐས། གེ་སར་རྒྱལ་པོའི་ཞབས་རྗེས་དང་ལྷ་རྟ་རྐྱང་རྒོད་ཀྱི་རྨིག་རྗེས་གཏིང་ཟབ་པ། རྟ་སྒ་དང་ཏ་ལེན། ཉི་ཟླ་ཁ་སྤྲོད་ཀྱི་དབྱིབས་དང་མཚུངས་པའི་གེ་སར་དབུ་ཞྭ་དང་ལྷ་རྟ་རྐྱང་ལུའི་རྟ་ཕུར་ཕ་བོང་ནར་མོ་དགུང་ལ་རེག་པ། དཔའ་རྟུལ་ཁྲ་གླག་སྤྱང་གསུམ་དང་དགྲ་ལྷའི་ཝེར་མ་བཅུ་གསུམ་གྱི་འདྲ་གཟུགས། གཞན་ཡང་བྲག་རི་དང་ཕ་བོང་གི་ངོས་སུ་མཐོང་བ་ཙམ་གྱིས་ངོས་ཟིན་པའི་རི་མོ་དང་འདྲ་གཟུགས་སོགས་རང་བྱོན་ངོ་མཚར་བ་དུ་མ་འདུག ཁང་རལ་ཐང་དུ་རྡོ་དཀར་པོ་གྲུ་བཞི་མ་མཆིག་ཡ་ལོ་ཙམ་དུ་མ་འདུག་ལ། བཤད་སྲོལ་དུ་དེ་ནི་གེ་སར་གྱིས་མཁར་ཆེན་པོ་ཞིག་བཞེངས་གྲབས་མཛད་ནས་སྦ་ལྕག་བསམ་པའི་དོན་འགྲུབ་ཀྱིས་རྫུ་འཕྲུལ་ངང་གནས་དེར་དེད་ཡོང་བའི་བཤད་སྲོལ་འདུག

ཡབ་ཆེན་སེང་བློན།


རྒྱ་ཚ་ཞལ་དཀར།

དགྲ་བླ་རྩེ་རྒྱལ།

མདོར་ན་དམངས་ཁྲོད་ཀྱི་ངག་རྒྱུན་དང་རྗེས་ཤུལ་ངོ་མཚར་བ་དེ་དག་གིས་ས་གནས་དེ་གའི་མི་རྣམས་ཀྱིས་ལུང་པ་དེ་ལ་གེ་སར་འཕྲུལ་ལུང་ཞེས་འབོད་པ་ནི་མིང་དོན་མཚུངས་པ་ཞིག་ཡིན་པ་རྟོགས་ཐུབ། ། 

(来源,见图片)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-19 11:59 , Processed in 0.282691 second(s), 21 queries .

返回顶部