博客西藏在最高处过一种生活

日志

རྟ་ཤོད་ཟལ་མོའི་རི་རྒྱུད་སྐོར་གྱི་གླིང་གི ...

已有 38 次阅读2018-6-27 11:12 |系统分类:见闻

རྟ་ཤོད་ཟལ་མོའི་རི་རྒྱུད་སྐོར་གྱི་གླིང་གི་ལོ་རྒྱུས། 

གངས་རི་སྲས།

epicgesar 

མདོ་ཁམས་ས་ཡི་ཐིག་ལེ་དངུལ་ཟླ་ཟལ་མོའི་སྒང་རྒྱུད་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་རྟ་ཤོད་གཞུང་ན་རྟ་ཤོད་ཟལ་མོ་རི་རྒྱུད་དེ་ཁ་བྱང་ཤར་ལ་ཕྱོགས་ཏེ་འགྱིངས་ངེར་གནས་ཡོད། དེ་ཡི་མདུན་ན་སྤང་རི་རྣམ་ཐོས་སྲས་འགྱིངས་པ་ལྟ་བུའི་ངོགས་ལ་རི་དགོན་བཀྲ་ཤིས་ཆོས་གླིང་བསྡུས་མིང་ལ་རི་པ་དགོན་ཞེས་དགོན་པ་ཞིག་ཀྱང་ཆགས་ཡོད། དེ་རུ་སྔར་ནས་ད་བར་མི་ཕམ་རིན་པོ་ཆེའི་གླིང་བྲོ་བདེ་ཆེན་རོལ་མོ་དེ་ཉིད་དབྱངས་དང་སྟངས་སྟབས་ཆ་ཚང་མི་ཕམ་ཞལ་རྒྱུན་མ་འཁྲུལ་བར་རྒྱུན་ཆགས་སུ་ཡོད།  དེ་ཡང་གེ་སར་གྱི་སྒྲུང་མང་པོའི་ནང་དུ་རྟ་ཤོད་ཟལ་མོའི་རི་རྒྱུད་ལ།།རྟ་སྒབ་མའི་སྒབ་མ་ཁྲིད་འདྲ་ཡོད།།ཅེས་པ་གྲགས་ཆེན་རི་བོ་ཞིག་དང་པདྨ་བཀའ་ཐང་ནང་དུ་ཡང་ཟལ་མོའི་རི་ལ་ཟླ་བ་གཅིག་ཅེས་པ་སོགས་གུ་རུའི་སྒྲུབ་པ་མཛད་པའི་གནས་མཆོག་ཁྱད་པར་ཅན་དང་ཀོང་སྤྲུལ་རིན་པོ་ཆེའི་ཤེལ་གོང་ཕྲེང་ནང་དུ་ཡང་ཟལ་མོའི་རི་རྒྱུད་ལ་རྡོ་སྨན་རིགས་སྣ་ཚོགས་པ་ཞིག་ཡོད་པར་གསུངས་པ་སོགས་ཐོན་ཁུངས་ཀྱིས་ཕྱུག་པའི་གནས་མཆོག་དང་ཤང་གི་ཟམ་བུ་ལུང་དང་ཆ་འདྲ་བའི་གནས་རི་རྩ་ཆེན་ཞིག་ཡིན་པར་གསུངས་ཡོད། རྟ་ཤོད་གཞུང་ཞེས་མིང་ཇི་ལྟར་ཐོགས་ཞེ་ན་རྟ་ཤོད་གཞུང་གི་ཆུ་བོ་རྟ་ཆུ་ཞེས་པ་དེའི་ཆུ་མགོ་རུ་ན་ཁ་འམ་ནེའུ་གསིང་རྟ་ཡི་དབྱིབས་ལྟ་བུ་ཞིག་ཡོད་པའི་རྒྱུ་མཚན་གྱིས་རྗེས་གྲུབ་ཀྱི་མིང་སྟེ། ཆུ་བོ་ལ་རྟ་ཆུ་དང་ཡུལ་ལ་རྟ་ཤོད་ཅེས་འབོད་དོ། །

གནས་མཆོག་ཟལ་མོ་རི།

རྟ་ཤོད་གཞུང་རྒྱུད་ལ་ཡང་གེ་སར་གྱི་གཏམ་རྒྱུད་དུ་མ་ཡོད་དེ་གླིང་གེ་སར་དང་པོ་ཡུལ་འདིར་ཕེབས་སྐབས་ཡུལ་འདི་ལ་བྱང་མུན་པ་ཆུ་འཁྲིགས་ཟེར་ཞིང་། ལུང་པ་འདི་རུ་མཚོ་འཁྱིལ་ནས་ཡོད་པས་ན་གེ་སར་གྱི་རལ་གྲིས་བཤགས་པས་མཚོ་དབྲལ་བས་རྟ་ཤོད་གཞུང་ཆགས་སོ། །རྟ་ཤོད་གཞུང་གི་ལུང་པ་ཁ་ནུབ་ཏུ་གྱུ་ཞིང་རྟ་ཆུ་ཡང་ཤར་ནས་ནུབ་ཏུ་བཞུར་བ་དང་།ས་མདོ་ཞེས་པ་གེ་སར་གྱིས་གྲིས་བཤགས་ས་ནས་ལྷོ་དང་དེ་ནས་རྒྱལ་མོ་དངུལ་ཆུ་དང་འདྲེས་ཏེ་བཞུར་རོ། །རྟ་ཤོད་གཞུང་གི་ཉིན་རི་ནི་བྱང་སྤེན་ནེ་རི་བཀྲ་དང་སྲིབ་རི་རྟ་ཤོད་ཟལ་མོ་རི་རྒྱུད་ཡིན་ནོ། །བྱང་སྤེན་ནེ་རི་བཀྲ་རི་བོའི་མགུལ་དུ་ཕོ་ཆུའི་ཆུ་འགོ་ཞིག་ཡོད། དེ་ནི་གེ་སར་ཡར་ཁམས་བྱང་ལ་བྱོན་སྐབས་འབྲུག་མོའི་འབྲོང་ཤ་བབ་གཅིག་རྫུ་འཕྲུལ་གྱིས་སྙེ་མེ་གང་དུ་བྱས་ནས་གེ་སར་ལ་ལམ་ཆས་སུ་བསྐུར། ལམ་ནས་གེ་སར་གྱིས་གསོལ་བ་མཛད་སྐབས་འབྲུག་མོས་བསྐུར་བའི་ལམ་ཆས་འདི་འདྲ་ཉུང་བ་ལ་ཨང་དགོངས་ཏེ། འབྲོང་ཤ་སྙེ་མེ་གང་ཡོངས་རྫོགས་གསོལ་བས་ཕོ་བ་སྙུང་ཞིང་། རྟ་རྐྱང་བུས་ཕོ་ཆུ་གཏེར་ནས་བཏོན་ཏེ་གེ་སར་གྱིས་གསོལ་བས་འབྲོང་ཤ་སྐྱུག་པར་གྲགས་པའི་ཤུལ་སོགས་ཡོད། ཡང་རྟ་ཤོད་གཞུང་དུ་ཝ་མདའ་ཞེས་པའི་སར་གེ་སར་གྱིས་བྲིས་པའི་རིགས་གསུམ་མགོན་པོའི་བསྙེན་པ་ཡོད། དེ་ཡང་གེ་སར་གྱིས་བདུད་པོ་ཤ་བ་སྐྱ་རེངས་ཞེས་བདུད་པོ་ཤ་བའི་གཟུགས་སུ་སྤྲུལ་པ་ཞིག་ཡོད་པ་དེ་འདུལ་བའི་ཕྱིར་ཡུལ་དེར་ཕེབས་ནས་ཤ་བ་བདས་པས་ལུང་པའི་མདའ་ཞིག་ནས་ཤ་བ་ཤོར་བས་ཤོར་མདའ་ཞེས་ཐོགས་པ་དང་།དེའི་ཡར་ཙམ་བསླེབས་པའི་ལུང་པའི་མདའ་རུ་ཤ་བ་སོད་པས་ཝ་མདའ་ཞེས་ཐོགས་པར་གྲགས་སོ། །( ༼ཝ་༽ཞེས་པ་ནི་ཡུལ་འདིའི་ཁ་སྐད་དུ་བཟང་འགྲུབ་བྱུང་བའི་དོན་ནོ།།) ཝ་མདའ་རུ་བྲག་ངོས་སུ་བདུད་པོའི་ཁྲག་གི་གེ་སར་གྱིས་མདའ་སྟོང་གིས་བྲིས་པའི་རིགས་གསུམ་མགོན་པོའི་བསྙེན་པ་དང་རྟ་རྐྱང་བུའི་འདྲེ་ལོག་བྱས་པའི་རྗེས་ཤུལ་སོགས་ཐེ་ཚོམ་བྲལ་བ་ཡོད་དོ། །དེ་དང་ཉེ་བའི་ས་ན་སེང་ཆེན་ཐང་ཞེས་པ་སྤང་ལྗོངས་ཡིད་གར་འོང་བ་ཞིག་ཡོད། བཤད་སྲོལ་ལ་གླིང་དམག་མོན་ལ་ཆས་སྐབས་དམག་སྒར་ཡུན་རིང་ཞིག་བསྡད་མྱོང་བའི་ཤུལ་ཡིན་ཟེར། ཞིབ་པར་བལྟས་ན་དེ་རུ་གླིང་གི་སྦྲ་ཕུབ་པའི་རྗེས་ཤུལ་ཡིན་ཟེར་བ་དང་། ཁྱི་སྐོར་སའི་རྗེས་ཡིན་ཟེར་བ་སོགས་ཡོད། སྔར་དེ་རུ་རྡོ་ཕ་བོང་མི་ཁ་ཤས་ཀྱིས་ཐེག་ཙམ་ཞིག་གི་ཁར་གེ་སར་གྱི་ཞབས་རྗེས་གསལ་ལ་བཀྲ་བ་ཞིག་ཡོད་པ་དེ་ཆབ་མདོ་འཕགས་པ་ལྷས་བཀས་བཀོད་བཞིན་མི་མང་པོས་མཉམ་རུབ་བྱས་ཏེ་ཆབ་མདོ་ལ་གདན་དྲངས་པ་ཡིན་ཞེས་ཕྱོགས་འདིའི་རྒན་རབས་པ་ཀུན་གྱིས་བཤད་བཞིན་ཡོད། ཞེ་དམར་རོང་ཉིན་དུ་རྟ་རྐྱང་བུའི་ཞབས་རྗེས་སོགས་ཡོད། དེ་ལྟར་རྟ་ཤོད་གཞུང་དུ་ལོ་རྒྱུས་རིན་ཐང་ལྡན་པའི་གེ་སར་གྱི་གཏམ་རྒྱུད་རྣམས་ཞིབ་འཇུག་བྱེད་རིན་ཡོད་པ་ཞིག་ཏུ་སྣང་ནས་ཡི་གེར་བཀོད་པའོ། །

རི་པ་དགོན།

ཡང་དེ་ཕྱོགས་སུ་འབྲུག་མོ་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཅན་ཞིག་ཡོད་པ་ནི། དེ་ཡང་ཟལ་མོ་རི་ཡི་གཡས་ཕྱོགས་རི་དགོན་བཀྲ་ཤིས་ཆོས་གླིང་གི་མདུན་ཕྱོགས་ན་ཞེ་དམར་ཞེས་པའི་འབྲོག་སྡེ་འཁོར་ཡུག་ཧ་ཅང་གཙང་ཞིང་ཉམས་དགའ་བའི་ཡུལ་ལུང་ཞིག་ཡོད། དེ་ན་མི་རབས་ནས་མི་རབས་ལ་བརྒྱུད་པའི་ས་མིང་དང་། ངག་རྒྱུན་གྱི་གཏམ་རྒྱུད་ངོ་མཚར་ཅན་དུ་མ་ཡོད་དེ། འབྲུག་མོའི་རྟ་རྒྱུག་པའི་ཤུལ་དང་། འབྲུག་མོའི་སྐུ་གདུང་བཞུ་ས། འབྲུག་མོ་ཐང་། རྔ་ལ་ནང་དུ་འབྲུག་མོའི་བསང་ཁང་། ཞེས་པ་སོགས་འབྲུག་མོ་དང་འབྲེལ་བའི་ས་མིང་མང་པོ་ཞིག་ད་ལྟའང་རྒན་རབས་དང་གཞོན་པ་ཀུན་གྱིས་ངག་ནས་བརྗོད་བཞིན་འདུག ། རྒན་རབས་དག་ལ་ས་མིང་དེ་ལྟར་ཐོགས་དོན་དྲིས་པས་ཁོང་ཚོས། ཁྲ་མོ་གླིང་ནས་གེ་སར་ནོར་བུ་དགྲ་འདུལ་གཙོས་གླིང་གི་སྐུ་འཁོར་རྣམས་རེ་ཞིག་འགྲོ་བའི་དོན་རྫོགས་ནས་སྔ་ཕྱི་ཅུང་ཟད་ཙམ་ལས་ཞིང་གཞན་དུ་གཤེགས། འོན་ཀྱང་རྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་དེའི་ལས་དང་། གདུལ་བྱའི་འཕྲོ། ཁྱད་པར་གུར་དཀར་དང་བག་ཆགས་ཀྱི་འཕྲོ་མ་རྫོགས་པར་དེ་ཉིད་འདུལ་བའི་ཕྱིར་དུ་ཚེ་སྨད་ཧ་ཅང་རྒས་པའི་དུས་ལ་ཡུལ་འདིར་བྱོན་ནས་ཧོར་གུར་དཀར་རྒྱལ་པོའི་སྐྱེ་བ་སྡིག་ཕྲུག་གུ་ལུ་ཞེས་པའི་ཤན་པ་ཁེར་རྐྱང་ཞིག་ཡོད་པ་དེའི་མཉམ་དུ་བཟའ་ཚང་གི་འཚོ་བ་རོལ་ནས་བསྡད། ཤན་པ་དེ་ཕྱོགས་ཀུན་ཏུ་བཤས་ལ་འགྲོ་ཞིང་དེའི་སྡིག་གླ་ཡིས་འཚོ་བ་རོལ་ནས་སྡོད་ཀྱི་ཡོད་པ་དང་།རྟོལ་ལེ་བསད་དེ་རྟོལ་མགོ་སྡིག་གླ་རུ་ཁུར་ནས་ཡོང་གི་ཡོད། ཉིན་ཞིག་སྡིག་ཕྲུག་གུ་ལུ་ཡུལ་སྡེ་གཞན་ལ་རྟོལ་ལེ་གསོད་དུ་སོང་སྐབས། ཁྱིམ་དུ་སྤྲང་པོ་ཞིག་བསླེབས་པ་དེ་ལ་འབྲུག་མོས་རྟོལ་ལེའི་མགོ་བྱིན་པས། དགོང་མོ་སྡིག་ཕྲུག་གུ་ལུ་ནང་ལ་ལོག་སྐབས་རྟོལ་ལེའི་མགོ་སྤྲང་པོ་ལ་བྱིན་པ་ཤེས་ནས་རྟོལ་མགོ་རྡུང་བྱེད་ཀྱི་དབྱུག་པ་འབྲུག་མོའི་མགོ་ལ་བསྣུན་པས་སྟབས་མ་ལེགས་པས་འབྲུག་མོ་ཚེ་ལས་འདས་སོ་ཞེས་གྲགས། སྤྲང་པོ་ནི་གེ་སར་གྱི་སྤྲུལ་པ་སྟེ་འབྲུག་མོ་རེ་ཞིག་འགྲོ་དོན་རྫོགས་པར་མཁྱེན་ནས་བསུ་མ་རུ་བྱོན་པ་ཡིན་ཟེར། འདིར་འབྲུག་མོ་སྡོད་སའི་བྲག་གཡབ་དང་། འབྲུག་མོ་རྟ་རྒྱུག་སའི་ཤུལ་ཞེས་རྒྱུན་པར་མི་འགྲོ་འདུག་མེད་པའི་རི་མགོ་ཞིག་ཏུ་ལམ་དང་། འབྲུག་མོའི་སྐེ་རྒྱན་འཐོར་བའི་ཤུལ་ཞེས་ས་བསྐོས་ན་མཆོང་མངོན་རྒྱུ་ཡོད་པ་དང་མཆོང་ཁ་ཤས་མིས་བཅོས་དགོས་ལ་ཁ་ཤས་བཅོས་མི་དགོས་པར་དབྱིབས་དང་ཁུང་བུ་སོགས་རང་བྱུང་ཡོད་པ་རྙེད་རྒྱུ་ཡོད། འབྲུག་མོའི་སྐུ་གདུང་བཞུས་པའི་ཤུལ་ཞེས་ཕྱོགས་གཅིག་ལ་ས་རྡོ་མེས་ཚིག་པ་ལྟ་བུ་མདོག་སྡོན་པོ་དང་ནག་པོ་དམར་པོ་སོགས་ཡོད། དེ་དང་ཉེ་བའི་ས་ན་ས་མིང་ལ་དམ་པ་རིགས་བརྒྱ་ཞེས་འབྲུག་མོ་འདས་སྐབས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཞལ་གཟིགས་པར་མཐོང་བའི་བྲག་ཐོ་འདྲ་མིན་མགོ་བརྙན་སྣ་ཚོགས་པ་ལྟ་བུ་ཡོད་དོ། །དེ་ལྟ་བུའི་གཏམ་རྒྱུད་དེ་མི་རབས་ནས་མི་རབས་ལ་བརྒྱུད་དེ་ཡོང་བ་ཡིན་ཕྱིར་སྒྲོ་བཏགས་ཀྱི་ཆ་ཅུང་ཟད་རེ་ཡོད་སྲིད་ཀྱང་དཔྱད་པར་འཚལ་ལོ། གཞན་ཡང་འདི་ནས་ལེ་བར་དྲུག་ཅུ་ཙམ་ན་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་ཡོད་ལ་དེ་དང་པོ་བཞེངས་ནས་གྱང་རྡུང་སྐབས་སུ་འབྲུག་མོས་འབྲེལ་འཇོག་ཆེད་ས་ཐུ་བ་གང་ཁུར་ནས་ཡོང་སྐབས་གྱང་རྡུང་བཞིན་པའི་སྐྱེས་པ་རྣམ་ཀྱིས་ཁ་མཚར་ཚུལ་དུ་གྱང་གླུ་བླངས་ཏེ། ས་མཐའི་རྒས་མོ་ག་ཡག་མ། །ས་ཐུ་གང་ཐོབ་དང་རྟེན་འབྲེལ་འགྲིག། ཞེས་གླུ་བླང་པ་དང་། འབྲུག་མོ་རྒས་ཆེ་བས་ས་གྱང་ཐོག་ལ་མ་བསླེབས་པར་ལྷ་ཁང་གི་འགྲམ་དུ་ལུས་པ་ཡིན་ཞེས་པའི་ས་ཕུང་ཞིག་ཡོད་པ་དང་དེ་རྗེས་དེའི་ཁར་ཀུན་གྱི་ས་ཚ་སྤུང་པས་ས་ཚ་དེའུ་འབུར་ཞེས་པའི་དེའུ་ཆུང་ཆུང་ཞིག་ཆགས་པ་ཡོངས་གྲགས་ཡིན་པས་འབྲུག་མོ་ཚེ་སྨད་ལ་འདི་ཕྱོགས་སུ་བྱོན་པ་བདེན་པ་ལྟར་དུ་སྣང་ངོ། །

བདུད་པོ་བསྒྲལ་རྗེས་རྟ་རྐྱང་བུའི་དགའ་བའི་འགྲེལ་ལོག་བྱས་པའི་སྐུ་རྗེས།

རང་ཉིད་སྔར་ནས་ཡུལ་འདིའི་གཏམ་རྒྱུད་རྒན་རབས་རྣམས་ཀྱི་ངག་ནས་ཐོས་ཤིང་ད་སྐབས་ཕྱོགས་འདིར་རྒྱུ་བའི་དུས་སུ་ཡང་ཕྱོགས་འདིའི་ས་མིང་རྣམས་སླར་ཡར་རྣ་བར་ཐོས་པའི་རྐྱེན་བྱས་ཏེ་ངག་རྒྱུན་བཞིན་བྲིས་པས་གཅིག་བྱས་ན་དེང་སྐབས་གེ་སར་ལ་ཞིབ་འཇུག་གནང་མཁན་རྣམས་ལ་དཔྱད་གཞི་ཙམ་ཡོང་ན་བསམ་པའི་རེ་བ་དང་བཅས་པས་བྲིས་སོ། ། 

བདུད་པོའི་ཁྲག་གི་གེ་སར་གྱི་མདའ་སྟོང་གིས་བྲིས་པའི་རིགས་གསུམ་མགོན་པོའི་བསྙན་པ།

འབྲུག་མོ་འདས་རྗེས་ཞི་ཁྲོའི་ཞལ་གཟིགས་པའི་བྲག

ཝ་མདའི་བྲག

དེང་སྐབས་རྟ་ཤོད་གཞུང་གི་ལུང་པའི་སྟོད་ནི་རི་བོ་ཆེའི་རྫོང་ཁོངས་དང་ལུང་སྨད་སྟེང་ཆེན་རྫོང་ཁོངས་ཡིན་ཞིང་རྒྱ་ལམ་༡༣༤ཡི་ལམ་ཆེན་གཞུང་དུ་ཆགས་ཡོད་པ་དང་ཞེ་དམར་ནི་རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་གི་ཁོངས་གཏོགས་ཀྱི་གྲོང་ཚོ་ཞིག་ཡིན། 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-19 13:52 , Processed in 0.288006 second(s), 21 queries .

返回顶部