博客西藏在最高处过一种生活

日志

སྦྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལོ་རྒྱུས། . ...

已有 341 次阅读2018-5-1 11:10 |系统分类:信仰| 莲师

སྦྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལོ་རྒྱུས།

གུ་རུ་མཚན་བརྒྱད།

གུ་རུ་མཚན་བརྒྱད་ནི་གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ནང་གསུངས་པ་ལྟར་ན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྤྲུལ་པའི་བཀོད་པ་མི་འདྲ་བ་བརྒྱད་ལ་མཚན་མི་འདྲ་བ་བརྒྱད་ཐོགས་པའི་ལོ་རྒྱུས་ཡོད་པ་སྟེ《རིན་ཆེན་གཏེར་མཛོད》ཀྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་གསུངས་པ་ལྟར་ལགས་སོ། ། 

གུ་རུ་མཚོ་སྐྱེས་རྡོ་རྗེ། 莲花金刚

 གུ་རུ་མཚོ་སྐྱེས་རྡོ་རྗེ། གུ་རུ་མཚོ་སྐྱེས་རྡོ་རྗེ་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཤར་དང༌། ལྷོ། བྱང་གསུམ་དུ་མཚོ་རེ་རེ་ཡོད་པའི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་དུ་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་ཡོད་པའི་སྦུགས་སུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཡི་གེ་ཧྲཱིས་མཚན་པ་ཞིག་སྤྲོས་པ་ལས་ཁྱེའུ་ལོ་བརྒྱད་པའི་ཚོད་ཙམ་ཞིག་འཁྲུངས་ཏེ་ལྷ་དང་མཚོ་གླིང་གི་མཁའ་འགྲོ་རྣམས་ལ་ཆོས་གསུངས་ཏེ་བཞུགས། ཡུལ་དེའི་རྒྱལ་པོ་ཨིནྡྲ་བོངྷི་ལ་སྲས་མེད་སྟབས་སྲས་ཚབ་ཏུ་གདན་དྲངས་ནས་མཚན་ལ་པདྨ་འབྱུང་གནས་སམ་མཚོ་སྐྱེས་རྡོ་རྗེ་ཞེས་གསོལ།

གུ་རུ་རྡོ་རྗེ་གྲོ་ལོད། 忿怒金刚

རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་དྲག་པོ་རྩལ་ནི་ཨོ་རྒྱན་གྱི་རྒྱལ་པོའི་ཁབ་ཏུ་བཞེས་ནས་རྒྱལ་སྲིད་བསྐྱངས། དེ་ནས་རྒྱལ་སྲིད་སྤངས་པར་བཞེས་ཀྱང་ཡབ་རྒྱལ་པོས་གནང་མ་མ་ཐོབ་པར་བརྟེན་རྩེད་མོའི་ཚུལ་གྱིས་བློན་པོ་ཏྲི་ནུའི་བུ་ལ་མདུང་རྩེ་གསུམ་པ་ཁ་ཤོར་བ་ལྟར་མཛད་ནས་བུ་བསད། དེའི་རྐྱེན་གྱིས་དུར་ཁྲོད་དུ་རྒྱང་འཕུད་བཏང་བས་དུར་ཁྲོད་སྣ་ཚོགས་སུ་བཞུགས་ནས་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་པ་སོགས་མཛད་པས་མཚོན་ལ་རྡོ་རྗེ་དྲག་པོ་རྩལ་ཞེས་གསོལ།

གུ་རུ་ཤཀྱཱ་སེངྒེ། 释迦狮子

གུ་རུ་ཤཱཀྱ་སེང་གེ་ནི་དེ་ནས་རྡོ་རྗེ་གདན་དུ་ཕེབས་ནས་སྤྲུལ་པ་སྣ་ཚོགས་བསྟན་པས་མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པར་ང་ནི་རང་བྱུང་གི་སངས་རྒྱས་ཡིན་ཞེས་གསུངས་པས་མི་རྣམས་ཀྱིས་ཡིད་མ་ཆེས་པར་སྐུར་པ་བཏབ་པར་བརྟེན། ཟ་ཧོར་ཡུལ(བྷརྒངྷ)དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་བྱུང་ཞུས་པའི་མཚན་ལ་གུ་རུ་ཤཱཀྱ་གེ་ཞེས་གསོལ།

གུ་རུ་བློ་ལྡན་མཆོག་སྲེད།  莲师爱慧

གུ་རུ་བློ་ལྡན་མཆོག་སྲེད་ནི་གོང་གསལ་སློབ་དཔོན་པྲ་བྷི་ཧསྟི་ལས་ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན། ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེས་དགེ་སློང་མར་སྤྲུལ་པ་ཀུན་དགའ་མོ་ལ་གསང་སྔགས་ཀྱི་དབང་གསན། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད་ཀྱི་སྐོར། སློབ་དཔོན་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་གྱི་སྐོར། སློབ་དཔོན་ཤྲཱི་སིང་ཧ་ལས་རྫོགས་ཆེན་གྱི་སྐོར་བཅས་ཡོངས་སུ་རྫོགས་པར་གསན་ནས་གང་གསན་པ་ཐམས་ཅད་ཚར་རེས་མཁས་པར་མཁྱེན་པས་མཚན་ལ་གུ་རུ་བློ་ལྡན་མཆོག་སྲེད་དུ་གསོལ།

གུ་རུ་པདྨ་རྒྱལ་པོ། 莲花王

གུ་རུ་པདྨ་རྒྱལ་པོ་ནི་དེ་ནས་ཨོ་རྒྱན་གྱི་ཡུལ་དུ་ལོ་བཅུ་གསུམ་གྱི་རིང་རྒྱལ་པོའི་མཆོད་གནས་སུ་བཞུགས་ཏེ་རྒྱལ་བློན་བཙུན་མོ་དང་བཅས་པར་བཀའ་འདུས་ཀྱི་རྒྱ་མཚོའི་ཆོན་བསྟན་ནས་སྨིན་གྲོལ་ལ་བཀོད་པས་མཚན་ལ་གུ་རུ་པདྨ་རྒྱལ་པོ་ཞེས་གསོལ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། པདྨ་ཐོད་ཕྲེང་རྩལ་དང་པདྨ་རྒྱལ་པོ་གཉིས་དུས་སྐབས་གཅིག་ལ་ཐོགས་པའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས།

གུ་རུ་ཉི་མ་འོད་ཟེར། 莲师日光

གུ་རུ་ཉི་མ་འོད་ཟེར་ནི་རྒྱལ་པོ་མྱ་ངན་མེད་འདུལ་བའི་དོན་དུ་དགེ་སློང་དབང་པོའི་སྡེར་སྤྲུལ་ནས་ཆོས་བསྟན་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། འཛམ་བུའི་གླིང་དུ་ནུབ་གཅིག་ལ་སངས་རྒྱས་ཀྱི་རིམ་བསྲེལ་བཞུགས་པའི་མཆོད་ན་བྱེ་བ་གཅིག་བཞེངས་སུ་འཇུག་པ་དང༌། ནང་པའི་བསྟན་པ་ལ་སྡང་བའི་མུ་སྟེགས་ཀྱི་རྒྱལ་པོ་བཏུལ། དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ནས་མཁའ་འགྲོ་མ་རྣམས་ལ་ཆོས་བསྟན། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་སྲོག་གི་སྙིང་པོ་བཞེས་ཏེ་བསྟན་སྲུང་དུ་བཀོད་པར་མཛད་པའི་མཚན་ལ་གུ་རུ་ཉི་མ་འོད་ཟེར་ཞེས་གསོལ།

གུ་རུ་པདྨ་སཾབྷ། 莲师白玛桑巴瓦

པདྨ་ཐོད་ཕྲེང་རྩལ།

        པདྨ་ཐོད་ཕྲེང་རྩལ་ནི། དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡྷི་ར་བ་བཞེས། བྲག་ཕུག་མ་ཏི་ཀར་ཟླ་བ་གསུམ་གྱི་རིམ་ཚེ་སྒྲུབ་མཛད་ཅིང༌། ཚེ་དཔག་མེད་ཀྱིས་དངོས་སུ་དབང་བསྐུར་ཏེ་ཚེ་ཡི་རིག་འཛིན་བརྙེས། ཟ་ཧོར་གྱི་རྒྱལ་པོས་སྐུ་གསོན་པོར་མེར་བསྲེགས་བཏང་སྐབས་སློབ་དཔོན་ཡབ་ཡུམ་གཉིས་ཀ་མ་ཚིགས་པར་མཚོ་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོ་སྐྱེས་པའི་ཡབ་ཡུམ་གཉིས་ཀ་ལྷན་ཅིག་ཏུ་བཞུགས་པའི་སྤྲུལ་པ་བསྟན་ཅིང༌། སླར་ཡང་ཨོ་རྒྱན་ཡུལ་དུ་ཕེབས་པ་ན། དེར་ཡང་བློན་པོ་ངན་པ་ཚོས་ངོ་ཤེས་ཏེ་ཙནྡན་མེའི་ནང་དུ་བསྲེགས་ཀྱང་སྔར་བཞིན་པདྨའི་སྡོང་པོའི་རྩེར་ཡབ་ཡུམ་གཉིས་ཀྱིས་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་མཛད་པས་མཚན་ལ་པདྨ་ཐོད་ཕྲེང་རྩལ་ཞེས་གསོལ།

གུ་རུ་སེངྒེ་སྒྲ་སྒྲོག 狮子吼  

        གུ་རུ་སེང་གེ་སྒྲ་སྒྲོག་ནི་རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་པའི་སྟོན་པ་ལྔ་བརྒྱས་ནང་པའི་ཆོས་ལ་ངོ་རྒོལ་རྩོད་པ་བྱེད་དུ་འོངས་སྐབས་སློབ་དཔོན་གྱིས་རྩོད་པ་དང་མཐུ་ནུས་འགྲན་པས་སློབ་དཔོན་རྒྱལ། མུ་སྟེགས་པས་ངན་སྔགས་བཏབ་ནས་མཐུ་བཏང་བ་དྲག་སྔགས་ཀྱིས་ཕྱིར་ལོག་ཏེ་མུ་སྟེགས་པའི་གྲོང་ཁྱེར་མེས་བསྲེགས། ལྷག་མ་རྣམས་ནང་པའི་ཆོས་ལ་བཀོད་པས་མཚན་ལ་གུ་རུ་སེང་གེ་སྒྲ་སྒྲོག་ཅེས་གསོལ་བ་སྟེ། 

སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།  

སྤྲུལ་པའི་གུ་རུ་མཚན་བརྒྱད་ལ།། 

 སྙིང་ནས་དད་པ་བྱས་གྱུར་ན།། 

 བསམ་དོན་འགྲུབ་ཅིང་ཤེས་རབ་འཕེལ།།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-22 09:58 , Processed in 0.266850 second(s), 21 queries .

返回顶部