博客西藏在最高处过一种生活

日志

རྒྱལ་དབང་ལྔ་བས་སངས་རྒྱམ་སྡེ་སྲིད་དུ་བསྐོ ...

已有 40 次阅读2017-11-30 17:47 |系统分类:信仰

རྒྱལ་དབང་ལྔ་བས་སངས་རྒྱམ་སྡེ་སྲིད་དུ་བསྐོ་བཞག་བསྩལ་པའི་བཀའ་རྒྱ།

 རྒྱལ་དབང་ལྔ་པས་གངས་ལྗོངས་ཀྱི་སྐྱ་སེར་རིས་མེད་མཐའ་དག་ལ་སྡེ་བ་སངས་རྒྱམ་པ་བོད་ཀྱི་སྡེ་སྲིད་དུ་བསྐོ་བཞག་བསྩལ་པའི་བཀའ་རྒྱ་བཞུགས་སོ།།

2017-11-25


ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ། འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བའི་གཏམ།


      ཛམྦུབྲྀཀྵས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་དགུ་སྤྱི་དང་། བྱེ་བྲག་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ། གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སོགས་རིས་མེད་ཀྱི་ཁྲིམས་ལྡན་འདུས་པའི་སྡེ། གསང་སྔགས་འཆང་བ། གཡུང་དྲུང་བོན་སོགས་ལྷ་སྡེར་གཏོགས་སོ་ཅོག་དང་། སོག་པོ་ཚོ་ཆེན་བཞི་བཅུ། ཨོ་རོད་ཚོ་པ་བཞི། མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་གནས་པའི་རྒྱལ་པོ། རྒྱལ་རིགས། ཇུ་ནང་། ཐའི་ཇི། དཔོན་ཆེ་ཆུང་། ཐ་བུ་ནང་། ཇའི་སང་། མི་བཟང་། སྡེ་དམངས་དང་བཅས་པ། སྐོར་གསུམ། རུ་བཞི། སྒང་དྲུག་བཅས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་སུ་འཁོད་པའི་དཔོན་ཆེན། དཔོན་སྐྱ། རྫོང་སྡོད། ནང་རྣམ། རྟ་དྲུང་། གཉེར་ཁ་ལས་འཛིན་སོགས་མདོར་ན་མཆོག་དམན་བར་བ་མཐའ་དག་ལ་སྤྲིངས་པ།


     ཚེ་རིང་གནམ་གྱི་ཤེ་མོང་གིས་ཡངས་པའི་ས་ཀུན་ལ་དབང་བསྒྱུར་བའི་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ལྷག་བསམ་དང་། སྙིང་སྟོབས་བརྩོན་པའི་མཐུས། ༸རྒྱལ་དབང་ཙོང་ཁ་པ་ཆེན་པོའི་བསྟན་པ་བླ་ནས་བླར་འདེགས་པར་མཛད་སྐབས། ཆུ་རྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེ་གཙོས་པའི་མངའ་འབངས་དང་། རྒྱལ་པོ་ཉིད་ཀྱི་རིགས་བརྒྱུད་དང་བཅས་པ་མཐའ་དག་གཏན་པ་མེད་པའི་མཆོད་སྦྱིན་དུ་སྦྱོར་འཇགས་མཛད་པའི་ཚེ། ཆོས་སྲིད་གཉིས་འཛིན་ངེད་རང་ནས་མ་ལྕོགས་པའི་འཇིག་རྟེན་སྲིད་སྐྱོང་གི་འཁུར་ལེན་སྡེ་པ་བསོད་ནམས་རབ་བརྟན་གྱིས་མཛད་པའི་རྗེས་སུ་གདུང་གཅིག་པའི་མི་ངོ་རྫོགས་པར་བརྟེན། སྡེ་པ་འཕྲིན་ལས་རྒྱ་མཚོ་སོགས་འཁུར་ལེན་རིམ་པར་བཀོད་ཅིང་། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་འདི་པ་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་རུས་ཚ་ཡིན་པར་མ་ཟད་གཏེར་གསར་རྒྱ་ཅན་སོགས་ལུང་བསྟན་འགའ་ཞིག་ཏུ། བོད་ཀྱི་རྗེ་བོར་འོས་པའི་ལུང་གིས་ཟིན་པ་ནས། ཤིང་ཡོས་ལོ་འཁུར་ལེན་བྱེད་དགོས་ཚུལ་རྒྱུ་མཚན་མཐའ་གསེད་ནན་ཆགས་བྱས་ཀྱང་ཞུ་ནན་ཆེས་པས་འཁྲོལ་ཆ་བྱེད་དགོས་ཤར། གཞན་མའི་འོས་ཐོ་མང་བ་ཧ་ཅང་གི་བརྟག་པར་མ་བབས་ཤིང་། གྲྭ་ཚང་གཉེར་པ་བློ་བཟང་སྦྱིན་པ་སངས་རྒྱམ་པའི་འོག་གི་བརྟག་པ་ངོ་དཀར་བ་ཡོད་གཤིས་རྒྱུ་མཚན་སྨོད་པར། ཤེས་འདོད་ནི་མེད། བཀའ་གྱེན་ལྡོག་ནི་མི་ནུས། འོན་ཀྱང་བརྟག་པ་བསྐྱར་ནས་བརླིང་ཆ་དགོས་ཚུལ་བྱུང་བ། ལོ་གསུམ་གྱི་བར་འཚུབ་ཆ་མེད་ཅིང་བཟང་བས། སླར་བགེགས་ཞི་ན་མུ་མཐུད་དུ་བྱེད་ལོང་ཡོང་རྩིས་ཀྱི་ལོ་གྲངས་ཀྱི་བརྡ་འགྲེམས་དང་བཅས་ཁྲིམས་བཀོད་པ། རང་འདོད་ཆུང་ཞིང་། བསྟན་སྲིད་ལར་རྒྱའི་སར་ཁུར་བསམ་ཆེ་བ་དང་། ཁྱད་པར་འདི་གའི་ངག་བཀོད་ལས་ཅུང་ཟད་ཀྱང་མི་གཡོ་བ་སོགས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཉེ་གནས་གསུང་རབ་པར་གནང་བའི་ཚིགས་བཅད་ཀྱི་བརྗོད་དོན་དང་མཚུངས་པར་མུ་མཐུད་ཐུབ་ལ་རེ་བྱུང་བ། སྡེ་པ་རང་ཡང་ལོ་གྲངས་ཐེངས་ནས་འཚུབ་འདྲ་འབྱུང་ཉེན་གྱིས་ནན་ཞུས་ཆེ་ཞིང་། བརྟག་པ་ལན་གཉིས་གསུམ་བསྐྱར་བ་དང་། ཚངས་པ་དུང་ཐོད་ཅན་ལ་དྲི་བ་ཞུས་པ་སོགས་ཀྱང་མཚུངས་པ་ནས་གསར་བཀོད་ཀྱི་སྒོ་དོད་པར། གཞན་པ་འོས་པ་དཀོན་ཞིང་། སྔར་གྱི་བརྟག་པ་ལུང་བསྟན་སོགས་གང་ས་ནས་གྲོང་སྨད་པ་སངས་རྒྱམ་པ་རང་ལ་ནན་ཏན་དུ་ལབ་པར། ཡལ་ཡོལ་སོགས་ཐབས་སྣ་ཚོགས་ལས་དང་ལེན་ཞིག་མི་འདུག་རུང་། དུང་དཀར་དང་ཆུ་སྲིན་གྱི་དཔེ་བཞིན་དགོངས་པ་གཏན་ནས་མ་འཁྲོལ་ཕྱིན། ཕྱིས་སྐོར་སྣ་འགྱུར་བའི་ཆོས་ལ་གདུང་སེམས་ཆེ་བ་ཞིག་ཡོད་ཀྱང་། སྡེ་སྲིད་འདི་གས་མུ་མཐུད་ནས་གནང་ན་སྨོས་མ་དགོས། དེ་མིན་ཁྲི་འདོན་ཞིག་གྲུབ་པའི་སྒོ་མ་དོད་གོང་ལ་ཞུས་ན། མི་དམངས་ཀྱང་རྣམ་རྟོག་གི་འཆར་སྒོ་སྣ་ཚོགས་བྱུང་དོགས་ཀྱིས་དེ་ལམ་དུ་ལུས་པ་ཡིན། ད་ཆ་བསྙེན་རྫོགས་ཞིག་བྱས་པའི་ལོ་གཉིས་ཀྱི་བར་བཀའ་མ་བཅག་པར་ཞུས། དེ་ནས་འཁུར་ཡང་བྱས་ཆོག་པ་དགོས་ཚུལ་ཟེར་བ། དངོས་གཞི་རབ་ཏུ་བྱུང་ན་ལེགས་པའི་ཆར་འདུག་རུང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡན་བཀའ་གདམས་ཀྱི་རྣམ་ཐར་ཁོ་ན་ལྷུར་བཞེས་ལ་དཔེར་མ་མཚོན། དགའ་ལྡན་ཕོ་བྲང་ལུགས་གཉིས་ཀྱི་མངའ་ཐང་ཇེ་འཕེལ་གྱི་འགོ་ཟུག་པའི་ཕྱག་མཛོད་རྒྱ་སེང་གཉིས་ནས་བཟུང་ད་ལྟ་ཕན། སྡེ་པ་བློ་བཟང་སྦྱིན་པ་ཙམ་མ་གཏོགས་ཚངས་སྤྱོད་ལ་གནས་པ་མ་བྱུང་ཞིང་། ལྷག་པར་དཔལ་ཕག་མོ་གྲུ་པ་དང་། སྡེ་སྲིད་གཙང་པའི་སྟོབས་འབྱོར་ལས་བརྒལ་བ། ཤར་དར་རྩེ་མདོ་ཡན་གྱི་བདག་པོར་གྱུར་པའི་དམག་དང་ཁྲིམས་སོགས་དྲག་པོའི་རྩུབ་སྤྱོད་ཀྱང་སྣ་ཚོགས་དགོས་པར། ཚངས་སྤྱོད་གཅིག་པུས་རབ་བྱུང་འགྲོ་བའང་དཀའ་ཞིང་། བསམ་པའི་འགྱུར་ཁྱད་དྲག་ཞན་ཀུན་ལ་གཏན་མི་ཆགས་པ་ཞིག་ཡོང་གཤིས། ད་ལྟའི་བློ་འདི་གར་སྡོད་པའི་ངེས་པ་ཡང་མེད། ལྷག་ཏུ་དགེ་འདུན་དང་ངང་བ་ཁྱུས་འཚོ་དགོས་པར་གནས་གྲོགས་སོགས་གང་ས་ནས་ལྷུས་ཐིངས་དཀའ་བར་མ་ཟད། སྡེ་དཔོན་ཆེན་པོའི་རིགས་ལ་བློན་རྒྱུད་སོགས་དྲུང་འཁོར་དྲག་པ་རྣམས་འཁོར་བ་དོང་སྤྲུགས་ལྟ་བུའི་བློ་སྣ་བསྟུངས་པ་རྟེན་འབྲེལ་ལ་ཡང་མི་ལེགས། བླ་བྲང་དུ་བདག་མོ་བསྟེན་པས་མཚོན། སྒེར་གཞུང་མཉམ་བསྲེས་གཞན་བློར་མི་ཆུད་པ་ནི་ག་ལ་བྱེད། དེ་ཕྱིན་སྒེར་གཞིས་ཀྱི་འཛིན་སྐྱོང་ཀྱང་བློས་མ་བོར་བ་བྱས་ན། ཕུགས་ཡུལ་གཞུང་གི་ཞབས་ཏོག་ཏུ་འགྱུར་བ་རྒྱ་ལེ་ཀུན་འདུན་རིན་པོ་ཆེའི་དཔེ་དང་བཅས་མོལ་བ་ལྟར་ཡིད་འཇོག་བྱེད་རྒྱུ་ཡིན་ཅིང་། གོ་ས་འདི་བོད་ཀྱི་སྡེ་དཔོན་གཞན་དང་མི་འདྲ་བའི་རྒྱ་བོད་ཧོར་གསུམ་ཚང་མའི་སྣེ་ལེན་སྟབས་འབྲེལ་བ་རྒྱུན་མི་འཆད་པ་ལྟ་བུའི་ཁག་སྦྱོང་ཆེ་བར། ལ་ལར་ཉམས་འཆར་རྩེད་མོའི་གུང་སེངས་ཀྱིས་གཞུང་ལས་ལ་འཐུས་ཤོར་དང་། མི་རྣམས་ཀྱིས་ཀྱང་འཕྱ་གླེང་སྣ་ཚོགས་ཡོང་འདུག་པ། ད་ཆ་ཉམས་ལེན་གྱི་སྙིང་པོ་འདི་གའི་ངག་བཀོད་ལ་དང་ལེན་ངོས། ཚུལ་འཆོས་བག་ལྡན་གྱི་པར་བཀབ་མེད་པའི་ཁོ་རང་གི་བློ་མཐུན་དང་། ཉ་སྟོང་བརྒྱད་གསུམ་ལ་ཡན་ལག་བརྒྱད་པའི་ཁྲིམས་ལེན་པའམ། དགེ་སྦྱོར་ཟོལ་སྡོད་གུང་སངས་ལྟ་བུ་གང་བྱེད་ཀྱང་ཟླ་རེར་ཉིན་གསུམ་རེས་ལས་ཀར་ལེ་ཤོར་མི་ཡོང་བས་འཁྲོལ་ཆ་བྱས་ཤིང་། ལོ་གྲངས་མ་དགོས་ཟེར་བ་དེ་བཞིན་བྱས་ཚེ་ཚང་མ་ཁག་བསུན་དང་། གཞུང་རང་འགྲོས་སྒོ་ཆེ་བ་ལས་མི་འདུག་གཤིས། ནམ་ལྕོགས་བར་འཁུར་ལེན་བྱེད་རྒྱུ་དང་བཅས་ཕྱག་མཛོད་བསྐོ་གཞག་བགྱིས་པ། འདི་གར་ངོས་ནས་མི་ཆོས་ཀྱི་འཁུར་ལེན་མ་ལྕོགས་པའི་ངོ་ཚབ་ཡིན་གཤིས། འདི་པས་གང་བྱས་མེད་རང་ནས་བྱས་པ་དང་ཁྱད་མེད་པས་འཐེན་འཁྱེར་གྱི་གླེང་བརྗོད་མེད་པར་ཀུན་གྱིས་བཀོད་པ་གཡོ་མེད་དང་། ངེད་དང་སྡེ་པའི་བར་སེལ་འཇུག་སོགས་བྱས་ཚེ་གཞུང་དོན་ལར་རྒྱར་འཆུགས་འཚབ་ཆེ་བས་བདེན་མིན་བརྫུན་བསྒྲིགས་ཀྱི་གཡོ་འཁྲུལ་བྱས་ཆོག་རྒྱུ་མིན། ན་ཚོད་སོགས་ནས་མི་ལྕོགས་པའི་འཁུར་ལེན་འཇོག་པ་ཤར་ཚེ་ནམ་ཡིན་ལ་བཞག་པའི་ཟུར་པ་སྤྱི་འགྲེ་བཞིན་བྱེད་ལུགས་བློ་དང་སྦྱར་ཆོག་རྒྱུ་ཡིན་པ་སོགས་གོང་གསལ་ཚིག་དོན་རྣམས་ལ་སྐྱ་སེར་དྲག་ཞན་སུས་ཀྱང་ཚུལ་བཞིན་བསྒྲུབས་པར་རྗེས་འཛིན་དང་། ལོག་པར་འཁུ་བ་ཚར་གཅོད་པས་མཚོན་པའི་ལེགས་ཉེས་ཀྱི་སྟངས་འཛིན་འདོད་པའི་ཁམས་ཀྱི་དབང་ཕྱུག་དམག་ཟོར་རྒྱལ་མོ་དང་། ཆོས་སྐྱོང་བེག་ཙེ་ལྕམ་དྲལ་སོགས་བསྟན་སྲུང་རྣམས་ཀྱིས་འཕྲིན་ལས་རྣམ་བཞི་སྒྲུབ་པའི་གྲོགས་དན་གཡེལ་བ་མེད་པར་མཛད་དུ་གསོལ།


    འཕགས་པའི་ཡུལ་དུ་ཨརྠསེངྷཿཕྱོགས་འདིར་དོན་གྲུབ་ཏུ་གྲགས་ཤིང་། འཇམ་དབྱངས་གོང་མའི་ཁབ་ཏུ་གྱི་ཡི་ཞེས་པའི་དབང་ཐང་དང་བསྟུན་པ་ས་མོ་ལུག་གི་ལོ་ཧོར་ཟླ་ལྔ་པའི་དཀར་ཆའི་རྒྱལ་བ་གཉིས་པའི་ཚེས་ལ་སྡེ་བཞིའི་སྒོ་འཕར་རྣམ་པར་ཕྱེ་བ་ཕོ་བྲང་ཆེན་པོ་པོ་ཏྰ་ལ་ནས་བྲིས་པ་ཛཡནྟུ།།


གསལ་བཤད།


 རྩོམ་སྟེགས་འདིར་རིན་ཐང་ཆེ་བའི་དཔྱད་རྩོམ་དང་། དམངས་སྲོལ་ངོ་སྤྲོད། བརྒལ་བརྟག སྒྲུང་ཐུང་། བསྒྱུར་རྩོམ། འབོལ་རྩོམ། གླེང་བརྗོད། ཁ་བརྡ་འམ་བཅར་འདྲི། ཡུལ་སྐོར་ཟིན་ཐོ། ད་དུང་གསར་འགྱུར་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་མི་རིགས་རིག་གནས་དར་རྒྱས་ཀྱི་ཆེད་དུ་རང་དང་གཞན་གྱི་རྩོམ་ཡིག་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ། དེ་མིན་སྙན་རྩོམ་མང་བོ་འགོད་ཐུབ་ཀྱི་མེད། ལྷག་པར་དུ་བཅད་མ་དང་རང་མོས། དེ་ལའང་རྒྱུ་མཚན་ཡོད་མོད། གནས་སྐབས་སུ་གླེང་བར་མི་བྱའོ།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-16 01:51 , Processed in 0.274462 second(s), 21 queries .

返回顶部