博客西藏在最高处过一种生活

日志

༄༅།།བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་མིའུ་གད ...

已有 44 次阅读2017-11-30 17:43 |系统分类:文化

༄༅།།བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་མིའུ་གདུང་དྲུག

བོད་ཀྱི་རུས་ཆེན་བཞིའམ་དྲུག་ནི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བ་ཡིན་ལ། རུས་ཆེན་བཞིའམ་དྲུག་ནི་མེས་པོ་དག་ཐུན་མོང་གིས་འཚོ་བ་རོལ་བཞིན་དུས་ཡུན་རིང་བོ་ཞིག་ཕྱིན་པ་ན། རྒྱུད་མང་དུ་འཕེལ་བའི་རྐྱེན་གྱིས་ཕན་ཚུན་ཟས་ལ་མ་འཆམ་པར་སོ་སོར་གྱེས་པ་ལས་སྒའབྲུ་སྦྲ་ལྡོང་གི་རུས་ཚན་མི་འདྲ་བ་བྱུང་བ་ཡིན། 

རྩ་བའི་རུས་ཚན་བགྲང་ཚུལ་ལ་ཡིག་ཚང་དག་ཏུ། སྒ་འབྲུ་སྦྲ་ལྡོང་ངམ་ཡང་ན་སེ་རྨུ་ལྡོང་སྟོང་ཞེས་རྩ་བའི་རུས་ཚན་བཞི་ལ་མིང་གི་འདོགས་ཚུལ་ཐད་ནས་ཁྱད་པར་ཡོད་པར་མ་ཟད།    སྒ་འབྲུ་སྦྲ་ལྡོང་བཞིའི་སྟེང་དུ་རྒོ་ཡི་རུས་ཚན་བསྣན་ནས་རྩ་བའི་རུས་ཆེན་ལྔའམ། གཞན་ཡང་དེའི་སྟེང་དབལ་དང་ཟླ་ཡི་རུས་ཚན་བསྣན་ནས་རྩ་བའི་རུས་ཆེན་དྲུག་གམ་བདུན་དུ་བགྲང་སྲོལ་མི་འདྲ་བ་དུ་མ་ཞིག་བྱུང་ཡོད་མོད། 

《རུས་མཛོད་པད་དཀར་སྐྱེད་ཚལ》དུ། ལྷ་རིགས་རྒོ་དང་བསེའི་ནང་གི་བཟང་བོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་དམུ་ཚ་རྒ། ལྡོ་གི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ།། ཞེས་པ་ལྟར་ན།    རྒོ་དང་བསེ། ཁྱུང་། སྦྲ་རྣམས་རུས་ཚན་གཅིག་དང་། དམུ་དང་སྒ་རུས་ཚན་གཅིག སྟོང་དང་འབྲུ་རུས་ཚན་གཅིག་ཏུ་སོང་ཡོད་པས། ཡིག་ཚང་སོ་སོའི་བགྲང་སྲོལ་གྱི་ཁྱད་པར་ཙམ་ལས་དོན་དུ་རྩ་བའི་རུས་ཆེན་བཞི་རུ་མ་འདུས་པ་མེད་ལ། གཞན་ཡང་རྩ་བའི་རུས་ཆེན་དག་གི་མིང་གི་འབྲི་སྟངས་ལའང་མི་འདྲ་བའི་ཁྱད་པར་ཅུང་ཟད་རེ་ཡོད་པ་དཔེར་ན། ལྡོང་དང་གདོང་ཞེས་པ་དང་། སེ་དང་བསེ། སྦྲ་དང་དབྲ། འབྲུ་དང་འགྲུ། རྨུ་དང་དམུ། སྒ་ལ་རྒའམ་དགའ། དབལ་ལ་དབས་དང་དཔའ། ཞེས་མིང་གི་འབྲི་སྟངས་ལ་ཁྱད་པར་ཅུང་ཙམ་ཡོད་ནའང་དོན་དུ་གཅིག་ཡིན་ནོ།། 

རྩ་བའི་རུས་ཚན་དེ་དག་རུས་ཚན་བྱེ་བྲག་མང་བོར་གྱེས་ཚུལ་དང་དེ་དག་གི་ཁྱབ་ཁོངས་ནི། 《རྒྱ་བོད་ཡིག་ཚང་ཆེན་མོ》ལས་ཨ་ཕོ་ལྡོང་གླེང་སྐབས།  

ཕུ་བོ་ལྡོང་ལ་མཆེད་དྲུག་ཡོད།།  སྟོད་ན་སྤ་ཚབ་འབྲིང་ཡས་གཉིས།། 

བར་ན་རོ་འཛེར་རག་ཤི་གཉིས།།  སྨད་ན་མི་ཉག་གྱི་ཐན་གཉིས།། 

 ཆེ་དྲུག་མཚན་ན་བཙུན་དྲུག་སྟེ།། བི་རི་འ་མདོ་གླིང་པ་གཉིས།། 

རོ་འཛེར་ཕུ་པ་མདའ་པ་གཉིས།། གྱི་ཐན་རྒྱས་བསྡུས་ཆེ་ཆུང་གཉིས།།ཞེས་ཕུ་བོ་ལྡོང་གི་རུས་ཚན་ལ་མཆེད་དྲུག་དང་བཙུན་དྲུག་སོགས་དབྱེ་ཡོད་པར་མ་ཟད། དཀར་བོ་ལྡོང་དང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་སོགས་ཡོད་པར་གྲགས་ལ། གཞན་ཡང་རུས་མཛོད་ཀྱི་ཡིག་ཚང་རྣམས་སུ་ལྡོང་གི་ང་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད་སོགས་འཁོད་ཡོད་པ་དང་། རུས་མིང་འདི་དག་མདོ་སྨད་ཀྱི་ཡུལ་གྲུ་རྣམས་སུ་དེང་དུས་ཀྱང་ལ་ལ་ནི་ཡུལ་མིང་དུ་འབོད་ལ། ལ་ལ་ནི་དུད་ཚང་གི་མིང་དུ་འབོད་ཀྱིན་ཡོད། ལྡོང་གི་རྒྱུད་པའི་ཁྱབ་ཁོངས་ནི་གཙོ་བོ་མདོ་ཁམས་སྟོད་སྨད་ཀྱི་ཡུལ་གྲུ་རྣམས་ཡིན་ནོ།། བསེ་ཁྱུང་སྦྲ་ནི། 《རྒྱ་བོད་ཡིག་ཚང་ཆེན་མོ》ལས། 

སེ་དང་དབྲ་ཡི་ཆེ་དྲུག་དེ།། སྟོད་ན་ཞང་ཞུང་ཁྱུང་པོ་གཉིས།།

 བར་ན་མར་པ་སྤུ་རང་གཉིས།། སྨད་ན་རེ་ཁེ་ཉག་ལེ་གཉིས།། 

བྲག་ཏུ་གྲུ་གུ་རྡོར་ཉེ་གཉིས།། དེ་མཆེད་བཙུན་སྤེལ་མ་བཅུ་གཉིས་ཡིན།།ཞེས་པ་ལྟར་མཆེད་བཙུན་སྤེལ་མ་བཅུ་གཉིས་སུ་གྱེས་པར་བཤད་ལ། དེ་དག་གི་ཁྱབ་ཡུལ་ནི་ཕལ་ཆེར་བོད་ཡུལ་ནུབ་ཕྱོགས་ཀྱི་ས་ཁུལ་དག་ཡིན་ནོ།།

  ཨ་ལྕགས་འབྲུ་ནི།ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དེ། 

ཤར་ན་གྱི་དང་རོང་བོ་གཉིས།། ལྷོ་ན་བྷེ་དང་རི་ཐོ་གཉིས།། 

སྨད་ན་འབྲོམ་དང་ངོ་ཀྲོ་གཉིས།། ཆེ་དྲུག་མཚན་གྱི་བཙུན་དྲུག་དེ།། 

སྤས་དང་སྤོས་དང་ཚ་ཕྲོམ་གསུམ།། ཞུག་པ་སྟོང་ཉེ་ཉེ་སྒ་གསུམ།། 

མཆེད་བཙུན་སྤེལ་མ་བཅུ་གཉིས་ཡིན།།ཞེས་པ་ལྟར་མཆེད་བཙུན་སྤེལ་མ་བཅུ་གཉིས་སུ་གྱེས་ལ། དེ་དག་གི་ཁྱབ་ཡུལ་ནི་དབུས་གཙང་གི་བྱང་ཤར་མི་ཉག་གི་ནུབ་ངོས། འ་ཞའི་ནུབ་བྱང་གི་ཕྱོགས་སུ་ཆགས་ཡོད་པའི་མངའ་སྡེ་ཡིན་ཞེས་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་དུ་གསལ་བ་བཞིན་ནོ།། 

རྨུ་ཚ་སྒ་ནི། རྨུ་ཚ་ལྒ་ཡི་ཆེ་དྲུག་དེ།།

ཐོས་རུས་སྟག་རུས་སྟོད་ན་ཡོད། བྱ་ཅན་ཁྲབ་ཅན་སྟོད་ན་ཡོད།། 

བྱ་རྗེ་སྤེན་ཐོག་སྟོད་ན་ཡོད། ཆེ་དྲུག་མཚན་གྱི་བཙུན་དྲུག་དེ།། 

ལྒ་ལ་བྱེས་པ་ཡུལ་པ་གཉིས། ལྟག་རུས་ཡུལ་སྟག་འབྲོག་སྟག་གཉིས།།

དབས་ལ་ཆེ་སྐོར་ཆུང་སྐོར་གཉིས།། མཆེད་བཙུན་སྤེལ་མ་བཅུ་གཉིས་ཡིན།། ཞེས་པ་ལྟར་སྒ་ཡི་མཆེད་བཙུན་སྤེལ་མ་བཅུ་གཉིས་ཀྱི་ཁྱབ་ཡུལ་ནི་ཕལ་ཆེར་བོད་ཡུལ་སྟོད་ཕྱོགས་ཀྱི་ས་ཆ་དག་ཡིན་ནོ།། 

དེ་ལྟར་རྩ་བའི་རུས་ཆེན་དག་རུས་ཕྲན་མང་དུ་གྱེས་ཏེ་སོ་སོས་རང་རང་གི་རུས་བླ་རེ་བསྟེན་ནས་ཡུལ་གྲུ་བྱེ་བྲག་པ་རེ་ལ་མངའ་མཛད་པའི་དུས་སྐབས་ངེས་ཅན་ཞིག་བྱུང་མྱོང་ཡོད་ནའང་། སྤྱི་ཚོགས་དང་ལོ་ཟླའི་འཕོ་འགྱུར་གྱི་དབང་གིས་རུས་བླའི་རིག་གནས་ཉམས་པར་གྱུར་པ་དང་། རུས་ཚན་ཕན་ཚུན་གཅིག་ཏུ་བསྲེས་ཏེ་བོད་ཡུལ་གྱི་ཡུལ་ཁམས་ཡོངས་ལ་ཁྱབ་ཡོད་པར་བརྟེན། རུས་ཚན་རེ་རེ་དང་དེ་དག་གི་ཁྱབ་ཡུལ་བྱེ་བྲག་ཏུ་ངོས་འཛིན་བྱེད་ཁག་པོར་གྱུར་ཡོད་དོ།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-16 01:50 , Processed in 0.275788 second(s), 21 queries .

返回顶部