博客西藏在最高处过一种生活

日志

༄༅།། ཆོས་རྒྱལ་མེས་དབོན་རྣམ་གསུམ། ...

热度 1已有 86 次阅读2017-11-30 17:24 |系统分类:文化

༄༅།། ཆོས་རྒྱལ་མེས་དབོན་རྣམ་གསུམ།

ཆོས་རྒྱལ་མེས་དབོན་རྣམ་གསུམ་དྲངས་ཚུལ་འདྲ་མིན་གཉིས་ལས། གཅིག་ནི། ལྷ་ཐོ་ཐོ་རི་གཉན་བཙན་་དང་། སྲོང་བཙན་སྒམ་པོ།  ཁྲི་སྲོང་ལྡེ་བཙན་གསུམ་དུ་བྱས་པ་དང་།  གཞན་ཞིག་ནི་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་གསུམ་ལ་ངོས་འཛིན་པ་ཡིན། འདྲེན་ཚུལ་དང་པོ་དེ་ནི། ལྷ་ཐོ་ཐོ་རི་གཉན་བཙན་་གྱི་དུས་སུ་ཆོས་ཀྱི་དབུ་བརྙེས་པ་དང་། སྲོང་བཙན་སྒམ་པོའི་དུས་སུ་སྲོལ་བཏོད་པ། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དར་ཞིང་རྒྱས་པར་མཛད་ཅེས་པའི་ཐ་སྙད་སྦྱར་སྲོལ་ལྟར་དང་། འདྲེན་ཚུལ་གཉིས་པ་ནི། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོ་དང་། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེ་བཙན། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྲི་རལ་པ་ཅན་ཞེས་རིགས་གསུམ་མགོན་པོའི་སྤྲུལ་པའི་རྒྱལ་པོ་གསུམ་ཟེར་བའི་ཐ་སྙད་སྦྱར་སྲོལ་ལྟར་ཡིན། 

ལྷ་ཐོ་ཐོ་རི་གཉན་བཙན།

བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ནི་ཁྲི་རྗེ་ཐོག་བཙན་དང་རུ་བཟའ་སྟོང་རྒྱལ་ན་མོ་ཚོ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་པོ་འདི་དགུང་ལོ་དྲུག་ཅུའི་དུས་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་དང་གསེར་གྱི་མཆོད་རྟེན་ཁྲུ་གང་བ་སོགས་འབྱོར། ངོ་མཚར་ཆེ་བར་ནི་དགོངས། གང་ཡིན་ནི་མ་མཁྱེན་ཏེ། མིང་གཉན་པོ་གསང་བར་བཏགས་ནས་ཕོ་བྲང་གི་དཀོར་ཁང་དུ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ། རྒྱལ་རབས་ཆོས་འབྱུང་ཁག་ན་བཙན་པོ་འདིའི་དུས་ལ་བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་དབུ་བརྙེས་པར་བཤད། འོན་ཀྱང་དེའི་སྐོར་ཡང་འཆད་ཚུལ་མི་འདྲ་བ་མང་ཞིང༌། འདི་ཡར་ལུང་ཆོས་འབྱུང་ལས་དྲངས་ན། སྐུ་མཁར་ཡུམ་བུ་བརླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་པ་དང༌། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་འབྲུ་དྲུག་པ། ཚིནྔྷ་མ་ཎིའི་རྐོས་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན་ཞེས་གསལ་ཞིང༌། ནེལ་པའི་ཆོས་འབྱུང་ལས་ནི། བོན་པོ་གནམ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི། དོན་ལ་པཎྜིཏ་བློ་སེམས་མཚོ་དང༌། ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་རྣམས་ཁྱེར་འོངས་པ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག་ཟེར་། ཅི་ཡིན་ངོ་མ་ཤེས་ཀྱང༌། ངོ་མཚར་སྐྱེས་ནས་ཕོ་བྲང་གི་དཀོར་ཁང་དུ་བཞུགས་སུ་གསོལ་ཏེ། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པས་བཙན་པོ་དགུང་ལོ་དྲུག་ཅུ་ལོན་པ་ལ་སེའུ་སྐྱེས། དབུའི་སྐྲ་དཀར་རྣམས་ཀྱང་ནག་པོར་གྱུར། གཉེར་མ་མེད་ཅིང་སྐུ་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་པ་ཡིན་ཞེས་གྲགས། མཆོད་པའི་རྟེན་དེ་དག་ལ་གཉན་པོ་གསང་བ་ཞེས་པའི་མཚན་གསོལ་ཞིང༌། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་དེ་ནས་བརྙེས་པར་བརྩི་བ་ལགས་སོ། །

སྲོང་བཙན་སྒམ་པོ།

གནམ་རི་སྲོང་བཙན་དང་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས།བོད་རྒྱལ་གདུང་རབས་སོ་གསུམ་པ་འདིའི་རིང་ལ་པོ་ཏ་ལའི་རི་ལ་ཕོ་བྲང་བརྩིགས། བོད་ཡིག་གི་སྲོལ་བཏོད། སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད་པ་སྟེ། དེ་ཡང་དང་པོ་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་དང༌། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་ཕྱེ་བ། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་བཅས་སྲིད་འཛིན་གནད་དྲུག་དང༌། གཉིས་པ་བཀའ་འགྲོས་ཆེན་པོ་དྲུག གསུམ་པ་ཡིག་ཚངས་དྲུག བཞི་པ་བཀའ་ཡི་ཕྱག་རྒྱ་དྲུག ལྔ་བ་རྐྱེན་དྲུག དྲུག་པ་དཔའ་མཚན་དྲུག་བཅས་དྲུག་ཚན་དྲུག་གིས་བོད་ཀྱི་ཁོས་སུམ་ཅུ་སོ་དྲུག་གཏན་ལ་ཕབ། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་རྒྱལ་སྲིད་བཟུང༌། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ལྕགས་གླང་ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བཙུན་མོར་བསུས། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང༌། ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས། མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་ཡོན་ཏན་སློབ་ཏུ་བཏང་སྟེ་རྒྱ་ནག་ཡུལ་ནས་ཆོས་དང༌། སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང༌། རྗེ་འདི་དང་མོང་བཟའ་གཉིས་ལ་སྲས་གུང་རི་གུང་བཙན་བྱུང་ཡང་ཡབ་རྗེའི་གོང་དུ་འདས་པས་རྒྱལ་ས་དབོན་སྲས་མང་སྲོང་མང་བཙན་ལ་བསྐུར། སྤྱི་ལོ650སྐུ་གཤེགས།

ཁྲི་སྲོང་ལྡེ་བཙན།

བཙན་པོ་ཁྲི་སྲོང་ལྡེ་བཙན་ནི། ཡབ་བཙན་པོ་ཁྲི་ལྡེ་གཙུག་བཙན་དང་ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་སྤྱི་ལོ་༧༤༢ལོར་འཁྲུངས་ཤིང་༧༩༧ལོར་སྐུ་གཤེགས། སྤྱི་ལོ་༧༥༧ལོར་དགུང་ལོ་༡༥སྟེང་སྲིད་ཁྲི་ལ་མངའ་གསོལ། ཕོ་ཡོང་བཟའ་རྒྱལ་མོ་བཙུན་དང་རུ་ཡོང་བཟའ་མདོ་རྒྱལ་གཉིས་ཁབ་ཏུ་བཞེས་ཀྱང་རིགས་སྲས་མ་བྱུང་ཞིང་། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་སྨ་རྒྱལ་ལྡོང་སྐར་བཅས་བཙུན་མོར་བཞེས། ཚེ་སྤོང་བཟའ་ལ་སྲས་མུག་ཁྲི་བཙན་པོ་ཆུང་ངུའི་དུས་འདས། སྲས་མུ་ནེ་བཙན་པོ་དང་མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་འཁྲུངས། སྤྱི་ལོ་༧༦༣ལོར་བཙན་པོའི་དམག་གིས་ཐང་གི་རྒྱལ་ས་ཀེང་ཤིར་དམག་དྲངས་ཏེ་ཁྲང་ཨན་མཁར་དབང་དུ་བསྡུས། རྒྱ་རྗེ་ཏའེ་ཙུང་ཧྲའན་ཀྲོའུ་རུ་བྲོས། དེར་བོད་ཀྱིས་རྒྱ་རྗེ་གསར་པ་ལི་ཁྲེང་ཧུང་གོང་མའི་ཁྲིར་བསྐོས་ནས་ཚུར་ལོག རྒྱ་ཡི་རྒྱལ་ས་ཁྲང་ཨན་ནི་དེ་སྐབས་འཛམ་གླིང་ནང་གྲོང་ཁྱེར་ཆེ་ཤོས་ཨང་དང་པོ་ཡིན་སྐོར་འཁོད་ཡོད་པ་དང་། གཞི་རྒྱ་ཧ་ཅང་ཆེ་བའི་རྒྱལ་ས་ལེན་པར་བོད་དམག་ལ་སྟོབས་ཤུགས་ཇི་ཙམ་ཡོད་པ་གསལ་ཞིང་། དེ་དུས་<<རྒྱ་ཡི་ཡིག་ཚང་>>ལས་ཁྲང་ཨན་མཁར་ལ་བོད་དམག་འབུམ་གཉིས་ལྷག་དང་ད་དུང་། ཐུ་ལུ་ཧུན་དང་། ཏང་ཞང། ཏི། ཆཱང་སོགས་ཀྱི་དམག་ལེ་དབར་བཅུ་ཕྲག་དུ་མར་ཁེབས་ནས་བསྐྱོད་པར་བཤད། དེ་སྐབས་བོད་ཀྱི་མངའ་ཐང་ནི། ཤར་ལོང་ཧྲང་རི་རྒྱུད་ཡན་ཆད་དང་། ལྷོ་འཇང་ས་ཐམ་གྱི་ཚུན་ཆད། ནུབ་ཏ་ཟིག་མན་ཆད། བྱང་ལི་ཡུལ་སྡེ་བཞི་དང་བཅས་པར་རྒྱ་བསྐྱེད་ནས།“མཐོང་ཁྱབ་ཁྲི་སྡེ་ལྔ་”གསར་དུ་བཙུགས་པ་སོགས། ཨེ་ཤི་ཡའི་མངའ་ཁུལ་ནས་བོད་ཀྱི་མངའ་ཐང་དར་བའི་སྒང་དུ་བྱས་སོ། །སྤྱི་ལོ་༧༦༡ལོར་བཙན་པོ་དགུང་ལོ་༢༠སྟེང་དམ་པ་ཆོས་ཀྱི་དབུ་བརྙེས་པའི་སྟ་གོན་མཛད། རྒྱ་གར་ནས་བྷོ་དྷི་ས་ཏྭ་དང་པདྨ་སམ་བྷ་གཉིས་གདན་དྲངས་ཤིང་སྤྱི་ལོ་༧༦༢ལོར་བསམ་ཡས་གཙུག་ལག་ཁང་རྨང་བཏིང་། སྤྱི་ལོ་༧༦༦ལོར་བཞེངས་གྲུབ་ཅིང་༧༦༧ལོར་དགའ་སྟོན་རྟེན་འབྲེལ་དང་སད་མི་རྣམས་རབ་ཏུ་བྱུང་། རྒྱ་དཀར་ནག་གཉིས་ནས་ཆོས་དཔེ་མང་པོ་བསྒྱུར། བོད་ཡུལ་ཆོས་ཀྱི་གང་བར་བྱས་ཤིང་བོད་རང་དུ་ས་དར་རྡོ་དར་གྱུར་པའི་བོན་ཆོས་དང་བོན་པོ་རྣམས་མཐར་སྐྲོད་བཏང་བ་སོགས་ཕམ་ཁ་ཚད་མེད་བསྐྱལ། འདི་ལ་བརྟེན་ནས་བོན་བློན་དག་གི་སེམས་པ་མ་མགུ་བར་བཙན་པོ་རིམ་བྱུང་ལ་གནོད་པ་བསྐྱལ། ལྷག་པར་ཁྲི་རལ་པ་ཅན་དབུ་ལྟག་པར་བཅུས་ཏེ་བཀྲོངས་པ་སོགས་བྱས་སོ། །ཆོས་འབྱུང་ཁ་ཤས་དང་བཀའ་ཐང་ལས། བཙན་པོ་འདི་རྒྱ་བཟའ་ཀོང་ཅོའི་སྲས་སུ་འཁྲུངས་པར་བཤད་ཀྱང་། རྒྱ་ཡི་ཡིག་ཚང་ལས་མི་གསལ་བ་དང་ཏུན་ཧོང་ཡིག་རྙིང་ལས་སྣ་ནམ་བཟའི་སྲས་ཡིན་པར་བཤད་པས་རྒྱ་ཚ་མིན་པ་ར་འཕྲོད་ཐུབ། སྲོང་བཙན་སྒོམ་པོའི་དུས་ལྟར་རྒྱལ་པོ་འདི་མ་འདས་གོང་ནས་སྲས་མུ་ནེ་བཙན་པོ་ཁྲི་ལ་འགོད་པར་བྱས། འདི་གཉིས་མི་འདྲ་ས་ནི་སྲོང་བཙན་སྒམ་པོས་རང་ཉིད་སྲིད་ལ་འཛེགས་པར་ཚ་བོ་བཀྲོངས་མྱོང་བ་དང་། ཁྲི་སྲོང་ལྡེ་བཙན་གྱིས་རང་ཉིད་ཆོས་ཕྱོགས་སུ་གཤེགས་ཏེ་རང་གི་ཆབ་སྲིད་དང་བཙུན་མོ་ཡང་བུ་ལ་བྱིན་པ་ཡིན། འདི་ནས་བཟུང་སྟེ་བོད་བཙན་པོའི་སྙིང་སྟོབས་ཉམས་པའི་འགོ་བུས་པ་དང་བཙན་པོ་གོང་མ་དང་བསྡུར་ན། ཆབ་སྲིད་ཀྱི་འདུ་ཤེས་ཕྱེད་ཙམ་ཉམས་པ་རེད། མུ་ནེ་བཙན་པོ་ནི་ཡུམ་ཚེ་སྤོང་

བཟའ་སྨ་རྒྱལ་ལྡོང་སྐར་གྱི་སྲས་སུ། སྤྱི་ལོ་༧༦༡ལོར་འཁྲུངས་ཤིང་། དགུང་ལོ་༢༥པར་ཡབ་རྗེ་ཁྲི་སྲོང་ལྡེ་བཙན་དམ་ཆོས་སྒྲུབ་པར་གཤེགས་ཤིང་སྲས་ཁྲི་ལ་དབང་བསྐུར། རྗེ་བོ་འདིས་ཆོས་ཀྱི་ཁྲིམས་སྐྱོང་ཞིང་མཆོད་པ་སྡེ་བཞི་སོགས་བཙུགས། འབངས་རྣམས་དབུལ་ཕྱུག་ལན་གསུམ་བསྙམས་པ་སོགས་བྱས། བཙུན་མོ་ནི་ཡབ་ཀྱི་ཐུགས་ལ་བཏགས་པའི་ཕོ་ཡོང་བཟའ་རྒྱལ་མོ་བཙུན། བུ་ཡི་བཙུན་མོར་གནང་བ་བཞིན་བསུས་པ་དང་གཞན་ཡང་རུ་ཡོངས་བཟའ་རྒྱལ་མོ་བྱ་བ་ཞིག་ཡོད་པར་གསལ། མཐར་དགུང་ལོ་༣༨སྟེང་

སྤྱི་ལོ་༧༩༨ལོར་མ་ཡུམ་གྱིས་ཕྲག་དོག་བྱས་ཏེ་དུག་གིས་བཀྲོངས། དེ་རྗེས་གཅུང་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་རྒྱལ་སྲིད་ཀྱི་ཁྲི་ལ་འཛེགས། ཁྲི་ལྡེ་སྲོང་བཙན་འདི་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་སྨ་རྒྱལ་ལྡོང་སྐར་གཉིས་ཀྱི་སྲས་སུ། སྤྱི་ལོ་༧༧༤ལོར་འཁྲུངས་ཤིང་། མཐར་སྤྱི་ལོ་༨༡༥ལོར་འདས། བཙན་པོ་འདི་དགུང་ལོ་༢༤སྤྱི་ལོ་༧༩༨ལོར་རྒྱལ་སར་དབང་བསྐུར། ལྕམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་དང་། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་བཙན་རྒྱལ་བཅས་ཁབ་ཏུ་བཞེས། ཆབ་སྲིད་ཀྱི་བློན་ཆེན་བན་དེ་གཉིས་ཏེ་མྱང་བན་ཏིང་འཛིན་བཟང་པོ་དང་། བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གཉིས་ལ་གནང་བ་སྟེ། དེ་ནས་བཟུང་སྟེ་དགེ་འདུན་པས་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ཟུང་འབྲེལ་གྱིས་སྐྱོང་འགོ་ཚུགས། འདིའི་སྐབས་ར་མ་སྒང་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བརྩིགས་པ་དང་། བཀའ་གཙིགས་ཀྱི་རྡོ་རིང་མང་པོ་བླངས་པ་དང་བྲག་རྐོས་ཀྱི་ཡི་གེ་སོགས་མང་ངོ་། །ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནི། ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ་ཆུ་རྟ་སྤྱི་ལོ་༨༠༢ལོར་འཁྲུངས། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་མེ་ཏོག་མ་བཅས་བཙུན་མོར་བསུས། དགུང་ལོ་༡༣སྟེང་ཡབ་གཤེགས་པ་དང་སྲིད་ཁྲིར་འཛེགས། སྤྱི་ལོ་༨༡༥ལོ་དེར་འགོ་བཟུང་སྟེ་“སྐྱིད་རྟགས་”ཟེར་བའི་མིང་གསར་དུ་བཙུགས། རྒྱ་བོད་བར་གྱི་མཇལ་དུམ་གྱི་རྡོ་རིང་བླངས། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། བཙན་པོ་འདིའི་རིང་ལ། ཤར་ཕྱོགས་ཕོ་ལོན་གྱི་རི་བརྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་རྒྱ་ནག་པོ་ཟད་པའི་ས་མཚམས་ལ་བཏུགས་ཏེ་དབང་དུ་བསྡུས་པ་དང་། དེར་ས་ཆ་འདི་མན་ཆད་དབང་བ་ཡིན་ཞེས་པའི་རྡོ་རིང་བཙུགས། ལྷོ་ཕྱོགས་གློ་དང་མོན། རྒྱལ་གར། བལ་པོ། ཟ་ཧོར། གངྒའི་རྒྱ་མཚོ་ལྕགས་ཀྱི་ས་ཏྲ་གདོང་ཚུན་ཆོད་དབང་དུ་བསྡུས། ནུབ་ཕྱོགས་སྟག་ཟིག་གི་ས་མཚམས་བྲུ་ཤ་སོགས་དབང་དུ་བསྡུས། བྱང་ཧོར་གྱི་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ་ཡ་གླིང་སུམ་གཉིས་ས་ལ་མངའ་མཛད་ཅིང་མཐའ་དབུས་ཀུན་ཏུ་གཙུག་ལག་ཁང་བཞེངས་ཞེས་སོ། །མཐར་དགུང་ལོ་༣༢སྤྱི་ལོ་༨༣༨ལོར་དབས་རྒྱལ་ཏོ་རེ་སྟག་སྣ་དང་། ཅོག་རོ་ལེགས་སྒྲ་གཉིས་ཀྱིས་ཞལ་ལྟག་པར་གཅུས་ཏེ་བཀུམས་ཡོད་ཟེར་ཡང་བདེན་པར་མ་ངེས། རྒྱའི་ཐང་ཡིག་ལས་ནད་པ་ཞིག་ཡིན་པར་བཤད་པ་དང་གསང་བ་ཕྱག་རྒྱ་ཅན་སོགས་ལས་གྲི་ཤི་བྱུང་བ་མི་གསལ་བས་སྙུན་ནས་གྲོངས་པ་འདྲ། ལོ་དེར་གཅུང་འུ་དུམ་བརྟན་སྲིད་ཀྱི་ཁྲི་ལ་འཛེགས། །

མངའ་བདག་ཁྲི་རལ་བ་ཅན།

བོད་རྒྱལ་གདུང་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ནི་ཡབ་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོན་དང༌།ཡུམ་ལྷ་རྩེ་གཉིས་ཀྱི་སྲས་སུ་སྤྱི་ལོ༨༠༦ལ་སྐུ་འཁྲུངས་ཤིང༌།༨༡༧ལོར་ཡབ་དགོངས་པ་རྫོགས་ནས་རྒྱལ་སྲིད་བཟུང༌།ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་སོགས་བཙུན་མོ་བགྲེས༌གཞོན་ལྔ་ཁབ་ཏུ་བཞེས།བཀའི་བློན་པོ་བྲན་ཀ་དཔལ་ཡོན་གྱིས་མཛད་དེ་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས།ངན་ལ་ཆད་པ་གཅོད་ཅིང་བཟང་ལ་བྱ་དགའ་སྟེར།མཐོ་བའི་གཉའ་ནས་གནོན་ཅིང་དམའ་བ་ཐབས་ཀྱིས་སྐྱོང་བའི་བཀའ་ཁྲིམས་ཀྱི་སྲོལ་བཟང་བོ་བཏོད།ནང་བའི་བསྟན་པ་དར་བ་འཆད་ཉན་གྱི་གཞི་ལ་རག་ལས་པར་དགོངས་ནས་སྒོམ་གྲྭ་དང་བཤད་གྲྭ་འདུལ་གྲྭ་སོགས་མང་དུ་བཙུགས་ཤིང༌།བཙུན་པ་རྣམས་གཙུག་ཏུ་བཀུར་ཆེད་རང་ཉིད་ཀྱི་དབུ་རལ་ལས་དཔྱངས་པའི་དར་ཡུགས་དགེ་འདུན་པར་གདན་ལ་བཏིང་ནས་ཤིན་ཏུ་གུས་པའི་ཚུལ་མཛད་པས་མཚན་ཡང་ཁྲི་རལ་བ་ཅན་ཞེས་གྲགས།སྔར་བསྒྱུར་བའི་གསུང་རབ་མཐའ་དག་ལ་ཞུ་དག་ལེགས་པར་མཛད་ཅིང༌།སྐད་གསར་བཅད་ཀྱིས་གཏན་ལ་ཕབ།

མདོར་ན།བཙན་པོ་འདི་ཡི་སྐུ་དུས་སུ་ཐང་བོད་བར་གྱི་མཛའ་བརྩེའི་མཐུན་ལམ་ཇེ་ཟབ་ཏུ་བཏང་སྟེ་དབོན་ཞང་མཐུན་པའི་ངོ་རིང་བཙུགས་པ་དང༌།བོད་ཀྱི་ཆབ་སྲིད་དང༌།དཔལ་འབྱོར།རིག་གནས་བཅས་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་རས་ཁྲིམས་ཡིག་གསར་བཟོ་དང༌།བྲེ་སྲང་སོགས་ལ་ལེགས་བཅོས་བྱས་ཏེ་ཚད་ལྡན་དུ་བཏང༌།ལྷག་པར་དུ་བོད་ཀྱི་ཆོས་ལུགས་དང་རིག་གནས་ཆེས་ཆེར་དར་བར་མཛད།


发表评论 评论 (1 个评论)

回复 丹正嘉的blog 2017-12-3 10:33
  

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-16 01:59 , Processed in 0.289377 second(s), 22 queries .

返回顶部