博客西藏在最高处过一种生活

日志

ཁ་བ་ཅན་ལ་གསེར་གྱི་ལྷ་དར་འཐེན་མཁན་བརྩོན་འ ...

已有 40 次阅读2017-11-10 10:25 |系统分类:文化

ཁ་བ་ཅན་ལ་གསེར་གྱི་ལྷ་དར་འཐེན་མཁན་བརྩོན་འགྲུས་རབ་རྒྱས།
ཀུན་འདུས་ཞལ་ཐང་ཆེན་མོ་དང་བརྩོན་འགྲུས་རབ་རྒྱས།

སྐྱེས་བུ་གང་ཞིག་གི་གྲུབ་འབྲས་གླེང་དུས།     ཁོང་གི་མི་ཚེའི་བཤུལ་ལམ་ལ་ཕྱིར་ལྟ་བྱེད་པ་དེ་ནི་ཧ་ཅང་གལ་ཆེ་བར་མཐོང་།     བརྩོན་འགྲུས་རབ་རྒྱས་ལགས་ཁོང་ནི་སྤྱི་ལོ1951ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོའི་ཞིང་པ་ཞིག་གི་ཁྱིམ་དུ་སྐྱེས།    ཁོང་གི་ལོ་གྲངས་དང་རང་རེའི་དཔལ་ལྡན་སྤྱི་མཐུན་རྒྱལ་ཁབ་དབུ་ཚུགས་པའི་ལོ་གྲངས་གཉིས་ཕལ་ཆེར་མཉམ་པ་རེད།    དེ་བས།   ཁོང་ནི་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་འཚར་ལོངས་བྱུང་བའི་མི་རབས་གསར་བའི་ཁོངས་སུ་གཏོགས་པ་ཡིན།    ཁོང་ལ་མཚོན་ན།     ཆུང་དུས་སུ་བིས་མདོ་དགོན་ཆེན་དུ་ཡི་གེ་སྦྱངས་མོད།   འོན་ཏེ་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་བརྩོན་པར་བརྟེན་ནས་རི་མོ་འབྲི་སྦྱང་གི་ལས་ལ་འབད་པ་ལྷུར་ལེན་མཛད་པས་གྲུབ་འབྲས་བླ་ན་མཐོ་བ་བླངས།    ནང་སྒོས་སྲིད་ཇུས་བཟང་བོའི་དྲིན་ལ་ཞིང་ཆེན་དང་རྫོང་རིམ་པའི་ཟབ་སྦྱོང་འཛིན་གྲྭ་རུ་ཞུགས་པའི་སྐལ་བ་ཡང་ཡང་སྨིན་པས་དེང་རབས་རི་མོའི་སྒྱུ་རྩལ་སོགས་ལ་ལེགས་པར་སྦྱངས།    སྤྱི་ལོ1972ལོར་རི་མོ་གསར་རྩོམ་གྱི་ལས་ལ་དངོས་སུ་ཞུགས་པ་ནས་རྒྱལ་ཁབ་ཕྱི་ནང་གི་བྲིས་འབུར་རི་མོ་སྣ་ཅི་རིགས་སྦྱངས་པ་དང་སྒོས་སུ་རྐ་སར་ཀུན་བཟང་ལགས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རི་མོའི་པིར་རྩལ་ཟབ་སྦྱོང་བྱས་པས་རྒྱ་བོད་ཟུང་འབྲེལ་གྱི་རི་མོ་མང་པོ་གསར་རྩོམ་མཛད་པ་དང་བྱ་དགའ་ཐེངས་མང་པོར་ཐོབ།

བརྩོན་འགྲུས་རབ་རྒྱས་ཀྱི་འདས་པའི་མི་ཚེའི་ཁྲོད་ཆེས་འོད་སྟོད་འབར་བའི་ལེ་ཚུན་ནི།    1996ལོར༼ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ༽ཞེས་པ་ལེགས་འགྲུབ་བྱུང་ཞིང་སྐྱེ་འགྲོ་ཀུན་གྱི་མིག་གི་དཔལ་དུ་བསྟར་བ་དེ་ལགས།    དེས་ཁོང་གྱི་མཚན་སྙན་གྱི་བ་དན་ཨ་སྔོན་དགུང་དུ་བཏེགས་ཤིང་ཕྱོགས་སོར་སྟོར།    ཁོང་གིས་ད་ལྟ་མཐོ་རིམ་མཛེས་རྩལ་པ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མཛེས་རིས་ཡར་སྐུལ་ཚོགས་པའི་ལས་འཛིན་པ།     མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི།     མཚོ་སྔོན་ཞིང་ཆེན་བོད་རིག་པ་ཚོགས་པའི་ལས་འཛིན།    ཀུན་འདུས་ཞལ་ཐང་ཆེན་མོའི་སྤྱི་ཁྱབ་འགན་འཛིན་སོགས་གཅིག་ལྕོགས་སུ་བཞེས་ཡོད།

ཆུ་ཡོད་ས་ན་ལྗང་མདོག་ཡོད་ལ།    ལྗང་མདོག་ཡོད་ས་ན་ཚེ་སྲོག་ཡོད།   ཡིན་ནའང་ཆུ་ལ་ཡང་ཆར་བྱས་སྡོངས་གྲོགས་མཛད་དགོས་པ་ནི་རང་བྱུང་ཆོས་ཉིད་དུ་འཁུམས།    བརྩོན་འགྲུས་རབ་རྒྱས་ཀྱང་དེ་ལས་མ་འདས་ཏེ།    སྐབས་བཅུ་གཅིག་པའི་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྦྲང་ཆེར་ཟིལ་མས་མེས་རྒྱལ་འཛིན་མའི་ཁྱོན་ཡོངས་བརླན་ཞིང་གཤེར་བར་བཏང་བ་ན།   ཁོང་གི་་ཕུགས་བསམ་གྱི་མྱུག་གསར་ཡང་དགུན་གསུམ་གྱི་འཁྱག་པ་ལས་ཐར་ཏེ་ལྗང་མདོག་གི་རང་མདངས་ཀུན་ནས་ངོམ་པར་བྲེལ།      ལྷག་པར་ཏང་དང་སྲིད་གཞུང་གིས་ཆག་འཇིག་གི་ཉེན་ཁར་གཏུག་པའི་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་མཐོང་ཆེན་གནང་བ་བརྒྱུད།     རིག་འབྱུང་གྲོང་དུ་བསྔགས་པའི་ཡུལ་གང་དེའི་གཟི་འོད་འབར་བའི་རེབ་གོང་སྒྱུ་རྩལ་ནི་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར།     1979ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་རིས་མཁན་ཆེན་ཤ་བོ་ཚེ་རིང་སོགས་རེབ་གོང་ས་ཆའི་ལྷ་རིས་པ25སྒྲིག་འཛུགས་བྱས་ནས་སེང་གེ་གཤོང་དུ་རེབ་གོང་སྒྱུ་རྩལ་པའི་ཚོགས་པ་ཞེས་པ་བཙུགས།    རྗེས་སུ་ཚོགས་པ་དེ་གཉན་ཐོག་སྡེ་བར་གནས་སྤར་ཞིང་ཚོགས་པའི་མིང་ཡང་སྔ་གཞུག་ཏུ་ཐེངས་གསུམ་ལ་བརྗེས།    སྐབས་དེར་བརྩོན་འགྲུས་རབ་རྒྱས་ལ་གོ་སྐབས་ལེགས་པོ་ཞིག་སྨིན་པ་ནི།     གོང་རིམ་ལས་ཁུངས་ཀྱིས་ཁོང་རང་མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་རེབ་གོང་སྒྱུ་རྩལ་ཞིབ་འཇུག་ཁང་དུ་དངོས་སུ་གདན་འདྲེན་བྱས་པ་དེ་རེད།   ཚོགས་པ་དེའི་ཁོངས་མིར་གྱུར་པ་ནས་བཟུང་།     ཁོང་གི་ལྷ་རིས་སྒྱུ་རྩལ་གྱི་ལམ་བུ་དེ་ཡང་མདུན་ནས་མདུན་དུ་སྲིང་འགོ་བརྩམས།    བརྩོན་འགྲུས་རབ་རྒྱས་ཀྱིས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱིས་གསོ་སྐྱོང་གནང་ལན་དུ་བརྩོན་པ་བླ་ལྷག་བསྐྱེད་པ་སྟེ།     ཁོ་རང་སྒྱུ་རྩལ་ལ་དུངས་པའི་བློ་སྤོབས་ནི་བྲག་རིའི་སྤོ་རུ་བརྡབས་པའི་ལྕགས་ཕུར་བཞིན་བརྟན་ཞིང་བརླིང་ལ།     ཁོང་གི་དཀའ་སྤྱད་འབད་བརྩོན་གྱི་སྡུག་རུས་ནི་ཆུ་བོའི་རྒྱུན་ལ་འགྲན་པས།     ཁོང་གི་གྲུབ་འབྲས་ཀྱང་ཀུན་ལས་ཁྱད་དུ་འཕགས་པ་བྱུང་སྟེ།    རིམ་བཞིན་ཁོང་གི་བརྩམས་ཆོས་དག་ཞིང་ཆེན་ཕྱི་ནང་ཀུན་ཏུ་ཁྱབ་ཅིང་དགའ་བསུ་དང་གདེང་འཇོག་གནང་མཁན་ཡང་མང་དུ་བྱུང་།   1982ལོ་ནི་ཁོང་ལ་མཚོན་ན་ཆེས་དགའ་བའི་ལོ་ཞིག་ཡིན་འདུག    ལོ་དེར་ཁོང་རང་ཐེངས་དང་པོར་ཁ་བའི་རི་བོས་བསྐོར་བའི་མཚོ་བོད་མཐོ་གཞོངས་ནས་ཐོན་ཏེ་པེ་ཅིན་སོགས་སུ་ཐང་ག་འགྲེམ་སྟོན་དུ་ཕེབས།   ཐེངས་དེའི་ཚོར་སྣང་ནི་ཁོང་གིས་ནམ་ཡང་བརྗེད་མི་སྲིད་དེ།    ཀུན་གྱིས་བསྟོད་བསྔགས་དང་གདེང་འཇོག་ནི་ཁོང་རང་མུ་མཐུད་དུ་ལམ་དེར་ཞུགས་པའི་གྲོགས་སུ་གྱུར།    དེའི་རྗེས་ནས་ཀོང་ཀྲའུ་དང་ཞང་ཀང་།     དེར་མ་ཟད་གླིང་ཆེན་གཞན་དུ་རི་མོ་འགྲེམ་སྟོན་དུ་ཕེབས་པའི་གོ་སྐབས་ཀྱང་འཕྲོ་རིམ་འཕྲོར་བྱུང་ཞིང་།    ཁོང་གི་ཚོན་མདངས་རྣམ་པར་བཀྲ་བའི་རྐང་རྗེས་ཀྱང་འཛམ་གླིང་གི་རི་མོའི་སྐྱེད་ཚལ་ཆེན་པོའི་ཁྲོད་དུ་སྤེལ།

1985ལོར།   ཚོགས་པ་དེ་རྨ་ལྷོ་ཁུལ་རིག་གནས་ཅུས་ཀྱི་མངའ་འོག་ཏུ་འཛུད་ཅིང་།    མིང་ལ“རེབ་གོང་སྒྱུ་རྩལ་ཁང”ཞེས་བཏགས།     མིང་དེ་ནི་སྐབས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་ཡོད་པའི་བློ་མཐུན་ཧུའུ་ཡོ་པང་གིས་བཏགས་ཤིང་ཕྱག་བྲིས་གནང་བར་བཤད།     ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དབང་དུ་བོད་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱ་ཇེ་ནོམ་དང་འཐུས་ཇེ་ཚང་དུ་བཏང་བ་མ་ཟད།    བརྩོན་འགྲུས་རབ་རྒྱས་ཀྱི་བརྩོན་སེམས་ཀྱང་ཆེར་བསྐྱེད་ཅིང་དུས་སུ་བབ་པའི་ཤ་མོ་སྤང་བརྡོལ་ཚུལ་དུ་གྱུར།གལ་ཏེ་དེ་ལྟའི་སྲིད་ཇུས་ཡག་པོ་དབེན་ཚེ།    བརྩོན་འགྲུས་རབ་རྒྱས་ཀྱི་མདུན་ལམ་དེ་ཡང་ཅི་ལྟ་བུ་ཞིག་ཡིན་པ་ང་ཚོས་བློས་དཔག་ཐབས་བྲལ།     བརྩོན་འགྲུས་རབ་རྒྱས་དང་ཁོང་གི་ལས་གྲོགས་ཚོས་དེ་ཇི་བཞིན་རྟོགས་ཏེ།     སྲིད་ཇུས་ཡག་པོ་དེ་ནི་གོམ་ཁ་མདུན་དུ་སྐུལ་བའི་རྔ་བོ་ཆེར་བསྒོམས་ནས་མདུན་རྣས་མདུན་དུ་བསྐྱོད།    སྔ་གཞུག་ཏུ་ཁོང་གི་བརྩམས་ཆོས༼རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་པ༽དང༼བཀྲ་ཤིས་རྟགས་བརྒྱད༽སོགས་བརྩམས་ཆོས་ཀྱང་ཀུན་གྱི་མིག་གི་ལོངས་སྤྱོད་དུ་བསྟར།     ཁོང་གི་སྲོལ་རྒྱུན་གྱི་ལེགས་ཆ་མངོན་པར་གསལ་ཞིང་།   དེང་རབས་ཀྱི་བྲོ་བས་ཀུན་ནས་ཕྱུག་པའི་རི་མོ་བརྩམས་ཆོས་དེ་དག་གིས་ཁོང་གི་རྣམ་དཔྱོད་དང་ཡོན་ཏན་མཚོན་ཐུབ་ཅིང་།   ཁོང་གི་གསར་རྩོམ་གྱི་ཁ་ཕྱོགས་དང་དམིགས་འབེན་ཡང་མངོན་འདུག     འདི་ནི་ཆར་བ་ཆུ་གྲོགས་ཏེ།    སྲིད་ཇུས་ཀྱི་ཆར་བ་འཇམ་པོས་ཁོང་གི་སྒྱུ་རྩལ་གྱི་ཆུ་ཕྲན་ཆེ་ནས་ཆེ་རུ་རྒྱས་པར་བྱས་ཤིང་།   ཁོང་གི་བགྲོད་ལམ་རྒྱང་རིང་ནས་རྒྱང་རིང་དུ་བསྲིངས།

གྲུབ་འབྲས་ནི་ཕུགས་བསམ་ཅན་གྱི་མི་ལ་དབང་ཟེར་བ་ལྟར།     བརྩོན་འགྲུས་རབ་རྒྱས་ནི་སྐྱེས་བུ་ཕུགས་བསམ་དང་ལྡན་པ་ཞིག་སྟེ།     ཁོང་གིས་ནམ་ཡང་ཕུགས་བསམ་གྱི་ཆེད་དུ་དཀའ་ཁག་གང་ཡོད་ཁྱད་དུ་བསད་དེ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།   1980ལོར་བརྩོན་འགྲུས་རབ་རྒྱས་བོད་ཁུ།    ལ་གྱི་ས་ཆ་མང་ཆེ་བར་ཕྱིན་ཏེ་རྟོག་དཔྱོད་བརྒྱུད་ནས་མཐོང་ཐོས་བསྐྱེད་ཅིང་།    རིང་ཚད་ལ་མུས་བརྒྱ་ཕྲག་ལས་ལྷག་པའི“ཀུན་འདུས་ཞལ་ཐང་ཆེན་མོ”བློས་བསླངས་གནང་།    གྲ་སྒྲིག་གོ་རིམ་ཡོངས་སུ་རྫོགས་རྗེས།   1996ལོར“ཀུན་འདུས་ཞལ་ཐང་ཆེན་མོ”དངོས་སུ་བཞེངས་འགོ་བརྩམས།    ཐོག་མར་མ་རྩའི་ཐད་ནས་དཀའ་ཁག་ཆེན་པོར་ཕྲད་ནའང་།    ཁོང་གི་བརྩམས་ཆོས་དེ་ཉིན་རེར་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན།    ཞིང་ལས་དངུལ་ཁང་གིས་དངུལ་བུན་བཏང་སྟེ་རྒྱབ་སྐྱོར་གནང་བ་མ་ཟད།    མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་ཀྱི་རིག་གནས་བཟོ་འགོད་གལ་ཆེན་ཞིག་ཏུ་གྱུར་ཏེ།    རི་མོའི་ལས་རིགས་དང་བོད་རིགས་པའི་ལས་རིགས་ཁག   དེ་མིན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དངུལ་རྩ་སྡེ་ཁག་སོ་སོས་མཐོང་ཆེན་བྱེད་འགོ་བརྩམས།   ཕྱོགས་སོ་སོས་རྒྱབ་སྐྱོར་དང་འདེབས་དངུལ་འདང་ངེས་ཀྱི་རམ་འདེགས་ལྡན་པར་བརྟེན།  བརྩོན་འགྲུས་རབ་རྒྱས་ཀྱི༼ཀུན་འདུས་ཞལ་ཐང་ཆེན་མོ༽ཡི་ལས་རིམ་བསྐྱར་དུ་ལེགས་སྒྲིག་བྱས་ཏེ།   སྤྱིའི་རིང་ཚད་སྔོན་གྱི་རྨིས300ནས་རྨིས618ལ་ཇེ་རིང་དུ་བཏང་།    1999ལོའི་ཟླ8པར་ཁོང་གི་རྔུལ་ཆུ་དང་ཟུངས་ཁྲག་བསྟིམ་པའི༼ཀུན་འདུས་ཞལ་ཐང་ཆེན་མོ༽དེ་རྨ་ལྷོ་ཡུལ་ནས་མི་རྣམས་ཀྱི་བསྟོད་བསྔགས་ཁྲོད་ནས་ལེགས་འགྲུབ་བྱུང་།    དེ་ནི་བརྩོན་འགྲུས་རབ་རྒྱས་དང་ཁོང་གི་ལས་གྲོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་མེས་རྒྱལ་དབུ་བརྙེས་ནས་ལོ50འཁོར་བར་ཕུལ་བའི་གཏང་རག་གྱ་ནོམ་པ་ཞིག་ཏུ་གྱུར།     རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ།   ༼ཀུན་འདུས་ཞལ་ཐང་ཆེན་མོ༽དེ་ཐེངས་དང་པོར་རྨ་ལྷོ་ཁུལ་རོང་བོ་གྲོང་རྡལ་དུ་འགྲེམ་སྟོན་བྱས།    སྐབས་དེར།   ཕྱོགས་དང་ཕྱོགས་ནས་ཡོང་བའི་གཟིགས་མོ་པ་མང་པོས་གཟེངས་བསྟོད་ཀྱི་མེ་ཏོག་སྟོར་ཞིང་།    རོང་བོ་གྲོང་རྡལ་དུ་མི་ཚོགས་ཀྱི་རྦ་རླབས་འཕྱུར།

འཛམ་གླིང་ན་འགྲན་ཟླ་བྲལ་བའི་བརྩམས་ཆོས་དེ་ནི་བརྩོན་འགྲུས་རབ་རྒྱས་ཀྱི་བློ་གྲོས་ཀྱི་ཉིང་ཁུ་ཡིན་ལ།   མཚོ་སྔོན་དང་ཀན་སུའུ།   ཟི་ཁྲོན།   ཡུན་ནན་སོགས་ནས་གདན་ཞུ་བྱས་པའི་མི་རིགས་ཐ་དད་ཀྱི་སྒྱུ་རྩལ་པ400ལྷག་གི་སྟོབས་ཤུགས་དང་མཐུན་སྒྲིལ་ལ་བརྟེན་ནས་ཆགས་པའི་ལྷ་དར་རིང་མོ་ཡང་ཡིན།    ལྷ་དར་རིང་མོ་དེ་ནི་སྲོལ་རྒྱུན་གྱི་འགོད་ཐབས་དང་ལག་རྩལ་གཙོ་བོར་བཟུང་མུར།   དེའི་སྟེང་དུ་དེང་རབས་ཀྱི་སྒྱུ་རྩལ་འགོད་ཐབས་བསྲེས་ཡོད་པའི་ཁྱད་ཆོས་ལྡན། དེའི་སྤྱིའི་འཁོད་ཁྱོན་ལ་མུས་གྲུ་བཞི་མ1680ཡོད་ཅིང་།    ལྗིད་ཚད་ལ་ཏུན1ལྷག་ཡོད།   རི་མོའི་གྲངས་ཀ་དང་གཞི་ཁྱོན་གང་ནས་བཤད་ཀྱང༼ཞལ་ཐང་ཆེན་མོ༽འདི་ནི་སྲིད་ན་དཀོན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཏུ་སྣང་།

བརྩོན་འགྲུས་རབ་རྒྱས་ཀྱི་ཞལ་འཛུམ་དེ་ནི་བསྟོད་བསྔགས་དང་གདེང་འཇོག་མཛད་པས་མ་ཡིན་པར།    ཁོང་གི་ཕུགས་བསམ་གྱི་ལྗོན་པར་འབྲས་བུ་སྨིན་པས་ཡིན།  ལོ་དེའི་ཟླ12པའི་ཚེས3ཉིན།དབྱིན་ཇིའི་ཧྲང་ཧེ་ན་སྡོད་པའི་ལོན་ཏུང་ཅི་ཉེ་སིའི་སྤྱི་ཁྱབ་ས་ཚིགས་ཀྱིས་དཔང་རྟགས་བསྐུར་ཡོང་ནས༼ཀུན་འདུས་ཞལ་ཐང་ཆེན་མོ༽དེ“འཛམ་གླིང་དུ་ཆེས་རིང་བའི་བོད་ཀྱི་ཐང་གར”བཀོད། 

བརྩོན་འགྲུས་རབ་རྒྱས་ཀྱི་སྒྱུ་རྩལ་འཚོལ་སྙེག་གི་ལམ་བུ་དེ་ནི་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ནང་བཞིན།   ཚོན་མདངས་བཀྲ་བའི་མི་ཚེའི་བཤུལ་ལམ་ཞིག་སྟེ།   ཁྲ་དོག་སྣ་ལྔས་གྲུབ་པ་ཡིན།བརྩོན་འགྲུས་རབ་རྒྱས་ཀྱི་གཟེངས་སུ་མཐོ་བའི་གྲུབ་འབྲས་ནི་དཀའ་སྤྱད་འོབད་བརྩོན་ལས་བྱུང་བ་ཡིན་ལ།སྒྱུ་རྩལ་ལ་བཅངས་པའི་ཆོད་སེམས་བརྟན་པོ་ལས་བྱུང་བའང་ཡིན།    མདོར་ན་ཕུགས་བསམ་དང་འགན་འཁྲིས་སྐུལ་བའང་ཡིན། །

(中国藏族网通)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-11-22 19:09 , Processed in 0.271955 second(s), 21 queries .

返回顶部