博客西藏在最高处过一种生活

日志

ཨ་མཆོག་པཎྜི་ཏས༼ཚད་མ་དང་ཚན་རིག་དབར་གྱི་ཞི ...

已有 973 次阅读2015-1-16 11:46 |个人分类:安曲仁波切|系统分类:见解

ཚད་མ་དང་ཚན་རིག་དབར་གྱི་ཞི་འགྲིག


    ༄༅། །དུས་རབས་ ༢༡ ནང་གི་ཚན་རིག་པ་རྣམས་དུས་རབས་ ༢༠ སྟོད་ཀྱི་ཚན་རིག་པ་ལས་གོམ་གང་གིས་སྔོན་ཐོན་ཆེ་བ་དང་། སོར་གང་གིས་ཀླད་པའི་རྒྱ་ཁྱོན་ཡངས་པ་ཡོད་པ་ནི་ཚན་རིག་མཁས་པ་འཛོམས་པའི་གླེང་སྟེགས་སྟེང་དུ་ཁས་ལེན་གནང་གི་ཡོད་པ་མ་ཟད། ཚན་རིག་པའི་ཅོག་ཙེ་སྒོར་མོའི་ཚོགས་འདུའི་སྟེང་དུ་གྲོས་ཆོད་ཀྱི་ཡིག་ཆར་གསལ་བསྡད་པ་ཞིག་ལོས་ཡིན། འདི་ནི་ཅ་ཅོའི་མནའ་སྐྱེལ་དགོས་པའི་གནད་དོན་དང་ལྐོག་ཏུ་ཤབ་ཤུབ༌ཀྱིས་གླེང་དགོས་པ་ཞིག་མ་ཡིན་ཏེ། ངོ་གནོང་མི་དགོས་ལ་ཐུགས་སེམས་ལྷོད་པའི་ངང་སྐད་གསང་མཐོན་པོས་ཤོད་ཆོག་པའི་དྲང་གཏམ་ཞིག་རེད།
    ལོ་རྒྱུས་རིང་མོ་ཡོད་པའི་ནང་ཆོས་ཀྱི་ལྟ་བ་འདི་ལ་མཚོན་ན་ལོ་ ༢༥༠༠ རིང་སློབ་སྦྱོང་མེད་པའི་མང་ཚོགས༌ཀྱིས་ཞེན་ཁོག་ཀྱང་བྱས་པ་དང་། པཎྜི་ཏས་དཔྱད་པ་གསུམ་གྱིས་སྦྱངས་བཤད་བྱས། རྣལ་འབྱོར་པས་ཚེ་གང་བྲག་ཕུག་ནང་ལག་ལེན་ལ་བསྟར་བའི་ཉམས་མྱོང་བཅས། ཁག་གསུམ་གྱིས་གཏན་ལ་ཕབ་པ་དང་འཛིན་སྐྱོང་བྱས་པ་ཞིག་རེད། འདི་དང་ཚན་རིག་གཉིས་ལ་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པའི་ནང་ནས་མངོན་གསལ་ཆེས་ཆེ་བ་ཞིག་ནི་ལོ་རྒྱུས་ཀྱི་འཕེལ་རིམ་སྟེ། བཅོམ་ལྡན་འདས་བྱོན་ནས་བསྟན་པའི་གནས་ཚད་ལ་ལེའུ་བཅུར་ཕྱེས་པ་དང་། མིང་ཡང་སོ་སོར་ཡོད་པའི་ལེའུ་རེར་ལོ་ལྔ་བརྒྱ་རེ། ལེའུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཇེ་ཞན་དུ་འགྲོ་བའི་ལོ་རྒྱུས་ཅན་ཞིག་རེད། ཅིག་ཤོས་ཚན་རིག་ནི་མི་རབས་སྔ་མ་ལས་ཕྱི་མར་ཡར་ཐོན་ཆེ་བ་དང་། གཏིང་ཇེ་ཟབ། ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་འཕེལ་རིམ་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
    འོན་ཀྱང་འགྲོ་བ་མིའི་སྤྱི་ཚོགས་དང་། དེ་དང་འབྲེལ་བ་ཟབ་མོ་ཡོད་པའི་ཁོར་ཡུག་བཅས་ལ། ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཉེན་ཁ་དང་དཀའ་ངལ་ཇེ་ཆུང་དུ་འགྲོ་གི་ཡོད་དམ་ཇེ་ཆེར་འགྲོ་གི་ཡོད་ཅེས་དྲི་བ་འདི་འདྲ་ཞིག་ཚད་མ་པ་དང་ཚན་རིག་པ་གཉིས་ལ་ཆ་མཉམ་དུ་བཀོད་ན། སོ་སོ་ནས་དགོངས་པ་ཟབ་བཞེས་གནང་སྟེ་ལན་འདེབས་དགོས་པ་ཞིག་སྣང་སྟེ། སྨན་བཅོས་ཐད་ཡར་རྒྱས་ཕྱིན་པ་དང་། གློག་ཀླད་སོགས་འཕྲུལ་ཆས་ཡར་རྒྱས་ཕྱིན་པ། རྒྱལ་སྲུང་མཚོན་ཆ་ནུས་སྟོབས་ཆེ་རུ་སོང་བ་བཅས་མིག་སྔར་ངོ་མཚར་བརྗོད༌ཀྱིས་མི་ལངས་པའི་ཡར་རྒྱས་ཕྱིན་ཡོད་པ་གཉིས་ཀས་ཀྱང་ཁས་མི་ལེན་ཐབས་མེད་རེད།
    ཚན་རིག་པས་ཀྱང་ད་དུང་དཀར་པོ་ནག་པོའི་དབྱེ་མཚམས་ལྟ་བུའི་ཐག་ཆོད་པའི་ལན་འབུལ་རྒྱུ་ཕར་ཞོག བསམ་བློ་ཞིབ་ཏུ་བཏང་ན་ཚན་རིག་ཡར་རྒྱས་ཕྱིན་པ་དང་མཉམ་དུ། སྔར་མེད་པའི་ཉེན་ཁ་གསར་པ་མང་པོ་ཞིག་ཡར་ལངས་ནས་ཁུ་ཚུར་བཅངས་ཏེ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་ཡོད་པས་ལན་རྒྱག་རྒྱུ་དཀའ་མོ་ཆགས་བསྡད་ཡོད།
    དུས་རབས་ ༢༠ སྟོད་ཀྱི་ཚན་རིག་པ་དང་ལྷག་པར་ཚན་རིག་པར་རློམ་པའི་མར་ཁེ་སི་དང་ལེ་ནེན་སོགས་ནས་ནུབ་ཕྱོགས་པའི་ཆོས་ལུགས་མང་པོར་སྐྱོན་ཆ་ཡོད་པ་མཐོང་བ་དང་། མི་ལེགས་པའི་རྒྱུ་མཚན་དེས་ནང་པའི་ལྟ་གྲུབ་ལའང་རྒྱས་འགེབས་བྱས་ཏེ་ཧམ་པ་ཆེན་པོས་དུག་ཟེར་བའི་མིང་འདོགས་ཞིག་སྤྲད་ཡོད་པ་རེད། དེར་བརྟེན་དེའི་རྗེས་འཇུག་མི་ཉུང་བ་ཞིག་གིས་མིག་ཕྱིར་བལྟས་མ་ལོག་པར། མིག་བཙུམ་ནས་གཏམ་འདི་ནི་ཚད་མ་རེད་ཅེས་རྗེས་སུ་མཆོང་རྐྱང་བྱས་པས།
    དཔེར་ན་རིན་ཐང་བརྗོད་མི་ཤེས་པ་མང་པོས་གཏམས་པའི་གནའ་བོའི་གྲགས་ཅན་གྱི་དཔེ་མཛོད་དེ་ཉིད་
( The Library of Alexandria (3rd century B.C.) laid the foundation of the library by Ptolemey-1) རོ་མེན་གྱིས་མེར་བསྲེགས་བཏང་བ་བཞིན། ཤར་ནུབ་ཀྱི་ཡུལ་གྲུ་མི་ཉུང་བ་ཞིག་ནས་འདས་པའི་བྱུང་རབས་ནང་གི་རིན་ཐང་བྲལ་བའི་གནའ་བོའི་ལོ་རྒྱུས། རིག་གནས། གནའ་རྫས་ལ་སོགས་པ་མང་པོ་ཞིག་མེ་ལ་བསྲེགས། ཆུ་ལ་སྦྱངས། ས་འོག་ཏུ་སྦས། རླུང་ལ་བསྐུར་བ་སོགས་ཀྱི་བྱས་ཉེས་སུ། ད་ལྟ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་མཐོང་ཐོས་ཀྱི་ཡུལ་ནས་གཏན་བྲལ་སོང་བ་རེད། དེ་བས་ཀྱང་ཧ་ལས་དགོས་པ་ཞིག་ནི་ལོ་རྒྱུས་ནང་ལཀུགས་རྟགས་འདི་ལྟ་བུ་བསྟན་ཡོད་པ་མིག་གིས་མཐོང་དང་མཐོང་བཞིན། དེང་སང་གི་ཤེས་ཡོན་ཅན་མང་པོའི་ཀླད་པའི་ནང་དུ། ཁྲུས་ན་མི་དག་པའི་དྲེག་པ་བཞིན་རྨོངས་པའི་བག་ཆགས་འཐུག་པོ་ཞིག་བཞག་ཡོད་པས། ཞིབ་འཇུག་མེད་པར་ཆོས་ཟེར་བ་དོགས་ཟོན་ཆེན་པོ་བྱེད་ཡུལ་དུ་ངོས་འཛིན་བྱེད་ཀྱི་ཡོད།
    རྒོད་བྲོ་བ་ཞིག་ལ། དེ་འདྲའི་གཏོར་བརླགས་གཏོང་མཁན་གྱི་སེམས་ཀྱི་སྐྱོན་ཆ་དེ་ཚོར་དོགས་ཟོན་མི་བྱེད་པར། འཚེ་མེད་ཞི་བའི་ལམ་གྱི་སྙིང་དོན་ཅན་བདེན་པ་བཞི་ལས་བརྩམས་པའི་ལྟ་གྲུབ་ལ་དོགས་ཟོན་བྱེད་པ་རེད། འདས་པའི་ལོ་ཤས་སྔོན་ཙི་ནའི་ཡུལ་གྱི་དབང་འཛིན་པ་ཞིག་ཨ་རི་ནས་ཕྱིར་རང་ཡུལ་དུ་འཁོར་སྐབས་གཏམ་བཤད་ཅིག་གི་སྐབས་སུ། དེང་སང་ནུབ་ཕྱོགས་པའི་མི་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་འདིའི་གནད་འགག་ག་རེ་ཡིན་མིན་ངེད་ཀྱིས་མགོ་ཚོད་ཀྱི་མི་འདུག་ཅེས་བཤད་པ་རེད། འདི་ནི་མི་རྒན་གྱི་དྲང་གཏམ་ཞིག་ཀྱང་རེད་ལ།
programeརྙིང་པ་ཅན་གྱི་གློག་ཀླད་ནང་གསར་ཐོན་གྱི་programeབཅུག་ན་འཁྲུག་ཐེབ་པ་བཞིན། མི་རྒན་གྱི་ཆེས་རྙིང་པའི་ཚན་རིག་གི་ཀླད་པ་ཆུང་ངུ་དེ་དེང་སང་འཁྲུག་ཐེབ་ཀྱི་ཡོད་པའི་རྟགས་རེད། ཨ་རིས་མཚོན་ནུབ་ཕྱོགས་པའི་ཚན་རིག་པ་དག་གིས་ལོ་རེ་བཞིན་གསར་རྙེད་བྱུང་བ་དང་། བྱུང་རིམ་བཞིན་རྙིང་ཞེན་དོར་བའི་སྒོ་ནས་འདས་པའི་རྙེད་དོན་ནས་ལེགས་ཆ་བླངས། ཆོས་དང་རིག་གཞུང་ཀུན་ལ་ཞིབ་འཇུག་བགྱིས་ཏེ། སོ་སོའི་འདོད་ཞེན་གྱིས་མ་བཅངས་པར་འདས་པའི་རྙེད་དོན་ཁག་ལ་དག་ཐེར་དང་། མ་འོངས་པར་གསར་དུ་རྙེད་རྒྱུ་ཞིག་ལ་རེ་སྒུག་གིས་མིག་གདངས། བློ་གཟུ་བོར་གནས། སྤྱང་གྲུང་དོད་པོས་ལྟ་སྲུང་བྱེད་ཀྱི་ཡོད་པ་ནི་རྣམ་དཔྱོད་ཡོད་པའི་བྱ་སྤྱོད་ཅིག་རེད།
    ད་དུང་ཚད་ལྡན་གྱི་ཚན་རིག་པ་ཞིག་གིས་༼མིང་མ་དྲན༽སོ་སོའི་ལྟ་ཚུལ་དང་རྙེད་དོན་ལ་ཆགས་ཞེན་བྱེད་པ་ནི་གསར་རྙེད་ཀྱི་ལམ་པོ་ཆེར་བགྲོད་པའི་འགོག་རྐྱེན་རེད་ཅེས་སྐད་གསང་མཐོན་པོས་སྒྲོག་གི་ཡོད། སྐད་ཆ་འདིས་ཚན་རིག་གི་ལངས་ཕྱོགས་དེ་བས་ཀྱང་ནང་པའི་ལྟ་གྲུབ་ཕྱོགས་སུ་གོམ་གང་གིས་ཐག་ཉེ་རུ་གཏོང་གི་ཡོད། དུས་རབས་ ༢༡ ནང་གི་ཚན་རིག་པ་ནི་འདས་པའི་དུས་རབས་ཀྱི་ཚན་རིག་པ་དང་མི་འདྲ་བར་ཧ་ཅང་གི་བློ་རྒྱ་ཡངས་ཤིང་རྣམ་དཔྱོད་ཟབ་མོ་ཡོད་པ་ནང་པའི་མཁས་དབང་ཚོས་ཀྱང་ངོས་འཛིན་བྱེད་ཐུབ་པས་མི་ཚད། འདི་ལ་བརྩི་མཐོང་ཡང་ཆེན་པོ་བྱེད་ཀྱི་ཡོད་པས་གདན་སའི་ནང་ཚན་རིག་སློབ་བཞིན་པ་ཡིན།
    དེ་དང་ཕྱོགས་མཚུངས་དེང་རབས་ཀྱི་ནང་པའི་གྲུབ་མཐའ་འཛིན་པ་རྣམས༌ཀྱིས་ཀྱང་འཇིག་རྟེན་ཆགས་རབས་ཀྱི་རྣམ་གཞག་སྐོར། ནང་པ་མ་དར་བའི་སྔོན་ནས་རྒྱ་གར་ནང་དར་ཁྱབ་ཡོད་པའི་བཤད་ཚུལ་ཏེ་མངོན་པ་མཛོད་ནས་བཤད་པ་དང་། དུས་འཁོར་ནས་རི་རབ་ཟླུམ་པོར་བཤད་ཚུལ་སོགས་ནང་པ་རང་གི་གཞུང་ལུགས་ནའང་བཤད་སྲོལ་མི་འདྲ་བ་ཡོད་པ་དང་། དེང་དུས་ཚན་རིག་པའི་བཤད་ཚུལ་བཅས་ལ་བློ་རྒྱ་ཡངས་མོས་རྟོག་ཞིབ་བྱས་ཏེ། བཤད་ཚུལ་གསུམ་ནས་མཐའ་གཅིག་ཏུ་འདི་གནའ་བོའི་ནང་པའི་བཞེད་པ་ཡིན་ཅེས་ཡོངས་ཁྱབ་ཐག་གཅོད་གནང་མེད་ལ། ཡང་འདི་གནའ་བོའི་ནང་པའི་བཞེད་པ་དང་མི་མཐུན་ཞེས་ཚན་རིག་གི་ལྟ་ཚུལ་ཕྱིར་འདོན་ཡང་བྱས་མེད། ད་དུང་བློ་གཟུ་བོས་རྟོག་ཞིབ་གནང་བཞིན་པ་ཡིན་པས། འདིས་ནི་ནང་པའི་མཁས་པ་ཚོའི་ཀླད་པའི་རྒྱ་ཁྱོན་ག་ཚོད་ཡོད་པ་ཡང་མཚོན་ཐུབ། མངོན་པ་མཛོད་ནས་བཤད་པའི་འཇིག་རྟེན་ཆགས་རབས་དང་། དེང་དུས་ཀྱི་ཚན་རིག་པས་བཤད་པའི་འཇིག་རྟེན་ཆགས་རབས་གཉིས་རྣམ་པ་ཐམས་ཅད་ནས་མི་མཐུན་པར་གནས་པ་ཡོངས་གྲགས་གསལ་པོ་ཆགས་བསྡད་ཡོད་པ་དང་། ཉམས་ལེན་གྱི་སྐབས་སུ་མཎྜལ་འབུལ་དུས་མཛོད་ཀྱི་གྲུབ་མཐའི་བཤད་སྲོལ་དང་མཐུན་པ་གནང་གི་ཡོད་མོད། རྩ་བའི་འཇིག་རྟེན་ཆགས་རབས་འདི་ནང་པའི་ལྟ་གྲུབ་ལ་མཚོན་ན་གནད་འགག་ཆེ་བའི་རྩ་དོན་ཞིག་ཏུ་བརྩི་གི་མེད། དེང་རབས་པའི་རྟོག་གེ་བ་མང་པོ་ཞིག་གིས་མཛོད་ཀྱི་བཤད་ཚུལ་དེ་ཐེར་འདོན་བྱས་ནས། ཚན་རིག་པ་དང་ནང་པའི་དབར་འགལ་ཟླ་རྣོ་ངར་ཅན་དུ་བསྒྱུར་རྒྱུའི་བརྩོན་པ་ཤུགས་ཆེན་བྱས་མྱོང་བ་རེད། འདི་ལ་ཆབ་སྲིད་ཀྱི་གཤིས་ཀ་ཞིག་ཀྱང་ཞུགས་ཡོད་མོད།
    འོན་ཀྱང་ཀླད་པ་ཡངས་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཚོས་མཛོད་ཀྱི་འཇིག་རྟེན་ཆགས་རབས་འདི་གནད་ཆེན་པོར་མ་བརྩིས་པ་དང་གཅིག། བློ་གཟུ་བོར་གནས་པའི་ནུབ་ཕྱོགས་པའི་ཚན་རིག་པ་ཚོར་ལམ་སང་ལྟ་གྲུབ་མི་གཅིག་པ་ཚོར་སྐྱོན་ཆའི་ཞྭ་མོ་གཡོག་རྐྱང་དང་གད་སྙིགས་ཁྲོད་དུ་གཡུག་རྐྱང་གི་གོམས་གཤིས་མེད་པ་དང་གཉིས། ཁོང་ཚོར་རྣམ་དཔྱོད་གྲུང་པོས་ཕྱོགས་ཐམས་ཅད་ལ་ཞིབ་འཇུག་བྱེད་པའི་བློ་རྒྱ་ཡོད་ཙང་། ནང་པའི་ལྟ་གྲུབ་ལའང་ཞིབ་འཇུག་ལེགས་པོ་གནང་གི་ཡོད་པས། ལོ་ ༢༥༠༠ ལོ་རྒྱུས་ཅན་གྱི་ནང་པའི་ལྟ་གྲུབ་ནང་གི་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་འཆར་ཚུལ་གྱི་བཤད་པ་འདི་མཐོང་དུས། འགལ་ཟླ་རྣོ་ངར་ཅན་དུ་འགྱུར་བའི་ཚབ་ཏུ་དེང་རབས་པའི་ཚན་རིག་པ་མང་ཆེ་བའི་ཡིད་དབང་ཕྲོགས་ཏེ། ལོག་སྨོན་ཅན་ཁ་ཤས་ཀྱིས་གད་སྙིགས་ཁྲོད་དུ་འཕང་བཞག་པའི་ནང་པའི་ལྟ་གྲུབ་དེ། ཚན་རིག་པ་ཚོས་ཨ་ཁ་ཁ་ཕང་བ་ལ་ཞེས་གད་སྙིགས་ནང་ནས་ཡར་བསྒྲུགས་ཤིང་ཐལ་རྡུལ་རྣམས་ལག་པས་ཕྱིས་ཏེ། ཀློག་དཔེའི་གྲས་སུ་དྲྭ་མིག་ནང་ཡར་བཙུད་དེ་སྲི་ཞུ་ཞབས་ཏོག་སྒྲུབ་བཞིན་པ་རེད།
     ནང་པའི་ལྟ་གྲུབ་གཏན་འབེབས་གནང་དུས། འདི་ལྟ་བུའི་ཐག་གཅོད་བྱེད་མཁན་དེ་ཕར་ཕར་དེད་ཡོང་ན། འབབ་ས་རང་ཉིད་ཀྱི་སེམས་ལ་ཐུག་བསྡད་ཡོད་པར་ངོས་འཛིན་བྱས་པ་མ་ཟད། སེམས་དེ་ལ་ནོར་འཁྲུལ་ཅན་དང་ནོར་འཁྲུལ་མེད་པ་གཉིས་ཀ་ཡོད་པས་དེ་གཉིས་སོ་སོར་ངོས་འཛིན་གསལ་པོ་མ་བྱུང་ན། ནོར་འཁྲུལ་ཅན་གྱི་སེམས༌ཀྱིས་ཐག་གཅོད་བྱེད་དུས་ཐག་གཅོད་ཕྱིན་ཅི་ལོག་བྱེད་རྒྱུ་དང་། དེ་ལ་བརྟེན་ནས་རང་གཞན་གཉིས་ཀ་ལ་མི་བཟོད་པའི་དུཿཁ་སྟེ་སྡུག་བསྔལ་སྤྲོད་ཀྱི་ཡོད་པ་ངོས་འཛིན་བྱེད་པ་དང་། ནོར་འཁྲུལ་མེད་པའི་སེམས༌ཀྱིས་ཐག་གཅོད་བྱེད་དུས། ཐག་གཅོད་དེས་ལམ་ཕྱོགས་བཟང་པོར་འཁྲིད་པའི་ལྟ་ཚུལ་བཟུང་ནས། དེ་གཉིས་དབྱེ་འབྱེད་ཀྱི་ཐབས་ལམ་དེ་ནི་གནད་འགག་ཆེན་པོར་བཟུང་ཡོད།
    དེ་བཞིན་ནོར་འཁྲུལ་མེད་པའི་ཤེས་པ་ལ་ཚད་མ་ཞེས་མིང་བཏགས་པ་དང་། དེ་ཉིད་ཆ་རྐྱེན་གང་འདྲ་ཞིག་གི་འོག་གྲུབ་ལུགས་གྲུབ་སྟངས་ཞིབ་ཚགས་པོའི་ཐོག་ནས་རྩལ་འདོན་བྱས། ནང་པར་གྲུབ་མཐའ་མང་པོ་ཡོད་ཀྱང་ཐམས་ཅད་ཀྱིས་ནང་སེམས་དང་ཕྱི་རོལ་གྱི་ཡུལ་གཉིས་ལས་སེམས་ལ་གལ་ཆེར་བརྩིས་ཏེ་སེམས་འདུལ་བའི་ཐབས་ཤེས་གཙོ་བོར་བསྟན་ཡོད། མཚམས་འདིར་བཤད་དགོས་པ་ཞིག་ལ། ཐོག་མར་ནང་པས་མ་འཁྲུལ་པའི་ཤེས་པ་སྟེ་ཚད་མའི་ངོས་འཛིན་གཏན་ལ་ཕབ་པ་དང་ཆབས་ཅིག། ཡུལ་གྱི་གནས་ཚུལ་བདེན་པ་བཞི་ཡང་གཏན་ལ་ཕབ་ནས། གནས་ཚུལ་དེ་ལ་བླང་བྱ་དང་དོར་བྱ་གཉིས་སུ་ཕྱེས། ཚན་རིག་པས་ནི་མ་འཁྲུལ་པའི་ཤེས་པ་འཚོལ་ཞིབ་ལ་མི་འབད་པར་ཞིབ་ཚགས་ཆེན་པོས་ཡུལ་གྱི་ཆ་ཤས་ཕྲ་རྡུལ་སྟེང་ནས་བཙལ། དེ་ལ་བརྟེན་ནས་ཡུལ་གྱི་རང་བཞིན་ལ་ཚོད་འཛིན་བྱེད་ཅིང་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་ལྟ་ཚུལ་ཞིག་སྟེ་རིགས་ལམ་དེ་འདྲ་ཞིག་ལ་ཁུངས་བཅོལ་བ་རེད།
     མདོར་ན། རྒྱབ་དཔུང་དུ་རྣམ་དཔྱོད་ལྡན་པའི་རྒྱུ་མཚན་དང་། རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བཅས་ཡོད་པའི་ཚད་མ་པ་དང་ཚན་རིག་པའི་གཞུང་ལུགས་ཆེན་པོ་འདི་གཉིས། སའི་གོ་ལའི་སྟེང་འདིར་གདོང་དང་གདོང་གཏུགས་ནས། འདྲ་མཉམ་ཁ་སྤྲོད་བྱས་ཏེ་བཞུགས་ཡོད། ང་ཚོའི་རེ་བ་ལ་ད་དུང་གཞུང་ལུགས་འདི་གཉིས་ཀྱིས་ཕན་ཚུན་ཕྱག་གཏོང་རེས་གནང་སྟེ། མ་འོངས་པར་རིག་པའི་གཞུང་ལུགས་ཆེན་པོ་འདི་གཉིས༌ཀྱིས་གཅིག་ཕན་གཅིག་གྲོགས་ཀྱི་མཉམ་འབྲེལ་གནང་ཐུབ་པའི་རེ་བའང་ཞུ་ཆོག་པ་ཡིན། དེ་ལྟར་བྱུང་ན་འགྲོ་བ་མིའི་སྤྱི་ཚོགས་ཙམ་མ་ཟད་སྲོག་ཆགས་འབུ་སྲིན་ཚུན་ཆད། ཐ་ན་ཁོར་ཡུག་དང་བཅས་པར་སྔར་མ་བྱུང་བའི་ཕན་བདེ་སྤྲོད་ཐུབ་པའི་རེ་བ་ཆེན་པོ་ཡོད་པས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཀུན་གྱིས་རེ་སྒུག་གནང་འོས་པ་ཞིག་མ་རེད་དམ། མ་འཁྲུལ་པའི་ཤེས་པ་དང་འབྲེལ་བའི་ནང་སེམས་ཀྱི་འཕེལ་རིམ་འཆད་པ་ན། གཞན་ཕན་གྱི་བསམ་པ་དང་རང་གཅིག་པུར་སེམས་ཁུར་གཉིས་ཀྱི་དགེ་སྐྱོན་གང་ཡིན་རྩལ་འདོན་བྱེད་ཅིང༌། ཤ་རྗེན་པའི་བྲང་དུ་སྦྱར་བའི་ཉམས་མྱོང་ལ་སྦྱོར་ཡོང་གི་ཡོད། དེ་དང་ཆབས་ཅིག་ཚན་རིག་པས་གནད་དོན་གཅིག་ལའང་ཧ་ཅང་གི་ཕྲ་ཞིབ་ཆེན་པོས་ཞིབ་འཇུག་གནང་སྟེ་ཁུངས་ལུང་རྒྱུ་མཚན་ལྡན་ཞིང་། མགོ་སྐོར་ཙམ་མ་ཡིན་པར་དངོས་ཡོད་གནས་ལུགས་ལ་གཏུགས་པའི་སེམས་ཁུར་གྱིས་གཏན་འབེབས་བྱས་པ་མ་ཟད། ད་དུང་ཇེ་ཟབ་ཇེ་གསལ་དུ་གཏོང་བ་ལ་མི་ཞུམ་པའི་སྙིང་སྟོབས་བསྐྱེད་དེ། ཧ་ལས་དགོས་པའི་མིའི་རྣམ་དཔྱོད་འདོན་གྱི་ཡོད་པ་རེད།
     རྒྱང་ཐག་རིང་པོའི་ཤར་ནུབ་གཉིས་ནས་འོངས་པའི་ཆེས་ངོ་མཚར་ལྡན་པའི་རིག་གནས་མི་འདྲ་བ་གཉིས་པོ་ཇི་ལྟར་མཉམ་འབྲེལ་གནང་ཐུབ་ཅེས་དྲི་བ་བཀོད་ན་འདི་ལྟར། ནང་པས་ནང་སེམས་ལ་འཁྲུལ་མ་འཁྲུལ་དང་། དེ་དང་འབྲེལ་ཡོད་ཀྱི་བརྒྱུད་རིམ་ལ་རྟོག་ཞིབ་གནང་བ་དང་དུས་མཚུངས། ཚན་རིག་པས་ཡུལ་ལ་ཕྲ་ཞིབ༌ཀྱིས་དཔྱད་པ་བྱེད་ལུགས། མིའི་རྣམ་དཔྱོད་འདོན་ལུགས་ལའང་སློབ་སྦྱོང་གནང་སྟེ་ཡུལ་གྱི་གནས་ཚུལ་ཟབ་མོ་དག་གཏན་འབེབས་བྱེད་ཀྱི་ཡོད།
    ཚན་རིག་པས་དཔྱད་པ་བྱེད་སྟངས་དེ་བརྒྱུད་ནས་ནང་པས་བཤད་པའི་འཁྲུལ་མ་འཁྲུལ་གྱི་ཤེས་པ་ངོས་འཛིན་སྟངས་དེ་ལ་སྔར་བས་ཀྱང་རྒྱབ་སྐྱོར་ཆེ་རུ་འགྲོ་བའི་ལམ་ཕྱོགས་ཡོད་པ་མཐོང་ཐུབ་པ་དང་། ཚན་རིག་པས་ཀྱང་ཡུལ་གཅིག་པུ་ཁོ་ན་ལ་མི་རྟོག་པར། དཔེར་ན་རི་མོ་ཡག་ལོད་ལ་ཞིབ་འཇུག་བྱེད་སྐབས་སྔོན་ལ་རི་མོར་ལྟ་མཁན་གྱི་མིག་བཟང་ལོད་དང་གསལ་ལོད་ལའང་ཞིབ་འཇུག་གནང་། གསལ་པོ་མི་འདུག་ན་སྤྱན་ཤེལ་ནུས་ལྡན་དག་ཚགས་ཚུད་པར་བྱེད་པ་བཞིན། ནང་གི་སེམས་ཟེར་ནའང་ཆོག་ལ་སོ་སོའི་ཀླད་པ་ཟེར་ཀྱང་ཆོག །གང་ལྟར་ཀྱང་ཡུལ་ལ་ཕར་ལྟ་མཁན་དང་ལྟ་ས་གཉིས་ཀར་རྟོག་ཞིབ་ཆ་སྙོམས་མཛད་ཐུབ་ན། དོན་མེད་ཀྱི་མི་དང་སྲོག་ཆགས་ལ་གནོད་སྐྱོན་ཕོག་མི་དགོས་པ་དང༌། འཚོལ་ཞིབ་ཀྱི་རྙེད་དོན་ངོ་མཚར་ཆེན་པོ་རྣམས་བེད་སྤྱད་དེ་སྤྱི་ཚོགས་ལ་སྔར་བས་ལྷག་པའི་ཞབས་འདེགས་འགྲུབ་ངེས་རེད།
    འགྲོ་བ་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཆུ་ཚད་ཇི་ཙམ་གོང་མཐོར་ཕྱིན་པ་དེའི་ཚོད་ཀྱིས་འགོ་དབུ་ཁྲིད་ནས་བཟུང་འོག་མང་ཚོགས་བར། བདེན་དོན་འཚོལ་བ་ནི་མི་ཚེའི་ནང་གི་གལ་ཆེ་བའི་གནད་དོན་ཞིག་ཆགས་ཀྱི་རེད། གང་ལྟར་ཚད་མ་པ་དང་། ཚན་རིག་པ། ཁྲིམས་ཞིབ་པ་སོགས་སུ་ཞིག་ཡིན་རུང་མི་སྣ་ཚད་དང་ལྡན་པ་ཞིག་ཡིན་ན། དངོས་ཐོག་བདེན་འཚོལ་ནི་ཁོང་ཚོའི་ཡིད་ཆེས་ཀྱི་རྩ་དོན་གཙོ་བོ་ཞིག་ཏུ་བརྩི་དགོས་པས། བདེན་དོན་འཚོལ་བ་ནི་དེ་བས་ཀྱང་གལ་ཆེན་བརྩི་དགོས་པར་མ་ཟད། ཆབ་སྲིད་སྐྱོང་བའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། དཔལ་འབྱོར་ལ་བརྩོན་པའི་ཚོང་པ་ཞིག་ཡིན་ཡང་ཉིན་གཅིག་ཁྲིམས་ཁང་ནང་དུ་རྣོ་ངར་ཆེ་བའི་རྩོད་པར་ཐུག་སྲིད་པ་དང་། དེ་ཉིན་རྒྱལ་ཁ་ཐོབ་དང་མི་ཐོབ་ནི་བདེན་དཔང་ཡོད་མེད་དམ། མ་མཐར་ཡང་བདེན་དོན་ལ་ཁུངས་བཅོལ་བའི་རྣམ་པ་ཞིག་མི་སྟོན་ཐབས་མེད་རེད། དེ་བསྟན་ནས་རྒྱལ་ཁ་ཐོབ་པ་རེད་ཅེས་ཁྲིམས་དཔོན་དང༌། ཁྲིམས་རྩོད་པ། ཁྲིམས་པ་བཅས༌ཀྱིས་ཤོད་རྒྱུ་ཡིན་པས། རང་ཤུགས༌ཀྱིས་བཙན་པོ་དང་ཕྱུག་པོ་ཐམས་ཅད༌ཀྱིས་ཀྱང་། མ་མཐར་ཡང་བདེན་དོན་ལ་བརྩི་བཀུར་གྱི་རྣམ་འགྱུར་མི་སྟོན་ཐབས་མེད་རེད། དེར་མ་ཟད་གང་ཟག་སུ་ཡིན་རུང་སོ་སོར་ཡིད་ཆེས་རེ་རེ་ཡོད་ཅིང་ཡིད་ཆེས་དེ་ལ་ཚད་མ་པའི་གྲུབ་མཐའི་ནང་ལྟ་བ་ཞེས་འབོད་ཀྱི་ཡོད། ང་ང་ཞེས་པའི་ལྷན་སྐྱེས་ཀྱི་བག་ཆགས་ལས་བྱུང་བ་ཞིག་རེད་ལ། ལྟ་བ་དེའམ་ཡིད་ཆེས་དེ་དངོས་འབྲེལ་གྱི་གནས་ཚུལ་དང་མཐུན་ཨེ་ཐུབ་བརྩོན་པ་གནང་གི་རེད། ག་ཚོད་ཅིག་དངོས་ཡོད་གནས་ཚུལ་དང་མཐུན་ན་དེའི་ཚོད༌ཀྱིས་སྤོབས་པ་དང་སྙིང་སྟོབས་སྦྱིན་གྱི་ཡོད་པས་བློ་བདེ་བ་ཡོད་པ་ཉམས་མྱོང་གིས་འགྲུབ། མི་འཇིགས་པ་བཞི་ཞེས་སངས་རྒྱས་ཀྱི་ཡོན་ཏན་གྲས་སུ་བརྩི་བ་དེའང་འདི་དང་འབྲེལ་ནས་ཡོད།
    གལ་ཏེ་རང་གི་ལྟ་བ་དང་ཡིད་ཆེས་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཡིན་པའི་དོགས་པ་བྱུང་བ་ཙམ་གྱིས་སེམས་ལ་གནོང་ཞིག་འོངས་ངེས་རེད། ཁྱོད་ཀྱི་ལྟ་བ་དེ་ནི་ནོར་བ་ཞིག་དང་ཡིད་ཆེས་དེའང་འཁྲུལ་བ་ཞིག་རེད་ཅེས་མི་ཞིག་གིས་བཤད་ན། དེ་རྣ་བར་ཐོས་མ་ཐག་མཚང་ལ་ཕོག་ནས་དེའི་ཁ་གཏད་དུ་ལངས་དགོས་པ་ཞིག་ཆགས་བསྡད་ཡོད། ངར་འཛིན་ལྷན་སྐྱེས་ལ་འབྲེལ་བ་ཆེ་ཙང་སེམས་ནང་མི་བདེ་བ་ཞིག་ཡོང་གི་རེད། དེ་འདྲར་སོང་མཐོ་དམན་དྲག་ཞན་སུ་འདྲ་ཞིག་ཡིན་རུང་བདེན་དོན་འཚོལ་བ་འདི་ནི་སྣང་ཆུང་བྱེད་ཐབས་མེད་པ་ཞིག་ཡིན། དྲང་བདེན་ཡིན་མིན་ཇི་ལྟར་རུང་སྤྱི་ཚོགས་ནང་མཐའ་ན་འུ་ཐུག་ནས་མནའ་སྐྱེལ་བ་ཚུན་ཆོད་བྱས་ཏེ། དངོས་ཡོད་བདེན་པའི་གནས་ཚུལ་ཡིན་པའི་ར་ཨེ་འཕྲོད་ལྟ་གི་ཡོད་པ་རེད།
    ཚན་རིག་པའི་ཡིད་དབང་འཕྲོག་བྱེད་ཀྱི་ནང་པའི་ལྟ་གྲུབ་མཐར་ཐུག་པ་ནི། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་བཤད་ཚུལ་འདི་ཡིན་ལ། བཅོམ་ལྡན་འདས་མ་བྱོན་པའི་སྔོན་ལ་ལྟ་བ་འདི་བྱུང་བའི་ལོ་རྒྱུས་མེད་ཅིང་། བྱ་རྒོད་ཕུང་པོའི་རིར་བཅོམ་ལྡན་འདས༌ཀྱིས་ཤེར་ཕྱིན་གྱི་མདོ་གསུངས་པའི་སྐབས་སུ་ད་གཟོད་མང་ཚོགས་ལ་ངོ་སྤྲོད་གནང་བ་ཞིག་རེད། ཤེར་མདོའི་དངོས་བསྟན་གྱི་བཤད་ཚུལ་རྣམས་རྗེ་བཙུན་འཇམ་པའི་དབྱངས་དང་འབྲེལ་བ་ཆེ་བའི་མགོན་པོ་ཀླུ་སྒྲུབ༌ཀྱིས་རྩལ་འདོན་གསལ་བཤད་གནང་བ་དང་ཆབས་ཅིག །ད་དུང་ཤེར་མདོའི་ནང་དོན་རྗེ་བཙུན་བྱམས་པ་མགོན་པོ་ནས་སློབ་དཔོན་ཐོགས་མེད་བརྒྱུད་རྩལ་འདོན་མཛད་དེ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒྲུབ་ལུགས། དེ་ལ་བརྟེན་ནས་ལམ་གྱི་རིམ་པ་འོག་མ་ནས་གོང་མར་འགྱུར་བའི་བརྒྱུད་རིམ་མཐར་ཆགས་སུ་བསྟན་པ་མ་ཟད། རིམ་པས་པཎ་གྲུབ་མང་པོས་བཀའ་རྩོམ་རྒྱ་ཆེན་པོ་མཛད་པས། ཐེག་པ་ཆེན་པོ་ཞེས་ཐབས་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་བའི་ནང་པའི་ལྟ་གྲུབ་ཁྱད་དུ་ཐོན་པ་འདི་བྱུང་།
    དེང་རབས་ནུབ་ཕྱོགས་པའི་ཚན་རིག་པ་ཚད་ལྡན་ཞིག་ཡིན་ན་འདི་ལ་བརྩི་བཀུར་ཞུ་གི་རེད་མ་གཏོགས་སྐུར་འདེབས་གནང་གི་མ་རེད། དབུ་གཙོ་རྙིང་ཞེན་ཅན་ཞིག་ཡིན་ཕྱིན། འདིའི་སྐོར་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཚེ་སེམས་ལ་མི་བཟོད་པའི་ན་ཟུག་གཏོང་དགོས་པའི་གནད་ཟབ་མོ་ཅན་ཞིག་ཆགས་ཡོད་པ་རེད། འོན་ཀྱང་ད་ཆ་རྙིང་ཞེན་ཅན་གྱི་མཛད་གཙོ་རྣམ་པས་ཀྱང་ནང་ཆོས་དང་ཚན་རིག་གི་འབྲེལ་བ་ལས་འཕྲོས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ལ་འཛིན་པའི་སྲིད་བྱུས་ཐད་མནོ་བསམ་གསར་པ་ཞིག་མི་གཏོང་ཀ་མེད་ཆགས་ཡོད་པ་ནི་རང་བཞིན་གྱི་གནས་ཚུལ་ཞིག་ཏུ་ཆགས་ཡོད་པར་བསམ།
    རང་རེའི་སྲོལ་རྒྱུན་འདི་གྲས་མ་ཉམས་ཤིང་ཟིལ་བ་ཁྲོམ་མེར་བོད་ཀྱི་མཁས་དབང་རྣམ་པའི་ཕྱག་ཏུ་དུས་ད་ལྟའི་བར་ཉར་བསྡད་ཡོད་པ་དང་། དེ་དང་འབྲེལ་བའི་བཀའ་བསྟན་གསུང་འབུམ་ཐོར་བུ་དང་བཅས་པ་བརྒྱ་ཆ་བརྒྱད་ཅུ་ཙམ་བཞུགས་སྒར་བོད༌ཀྱི་དཔེ་མཛོད་ཁང་དུ་བདག་གཅེས་འོག་འཚོ་བཞུགས་གནང་བཞིན་པ་རེད།
    ད་ཆ་ཁོན་ཁྲིམ་ཕི་ཟིག་སི་
(quantum physics) ཞེས་པ་ལ་ཚན་རིག་པས་ཧ་ཅང་གི་གནད་འགག་ཆེན་པོར་བརྩི་བཞིན་པ་དང་། ད་དུང་འདི་ལ་ཁོང་ཚོས་གསལ་བཤད་མཐའ་ཆོད་པ་ཞིག་གནང་མ་ཐུབ་པར་ལུས་ཡོད་ནའང༌། འདི་ཉིད་དབུ་མ་པའི་ཡུལ་དང་ཡུལ་ཅན་ཕན་ཚུན་ཁ་བྲལ་ཐབས་མེད་པར་ལྟོས་གྲུབ་ཡིན་པའི་བཤད་པ་སྟེ། སེམས་ལ་མ་བརྟེན་པར་ཡུལ་གཏན་ལ་འབེབས་མི་ཐུབ་པ་དང་། ཡུལ་ལ་མ་བརྟེན་པར་སེམས་ཀྱང་གཏན་ལ་འབེབས་མི་ཐུབ་པས་གཅིག་ལ་གཅིག་བརྟེན་གྱི་ལྟ་ཚུལ་འདི་དང་ཤིན་ཏུ་ཐག་ཉེ་པོར་སླེབས་འདུག་ཅེས་དངོས་ཁམས་རིག་པའི་ཚན་རིག་པ་ཚད་ལྡན་རྩེ་ཕུད་དག་གིས་རྟོགས་བཞིན་པ་རེད། དེ་འདྲའི་གནས་ཚུལ་འོག་ཚད་མ་དང་ཚན་རིག་པའི་དབར་འགལ་ཟླ་རྣོ་ངར་ཆེ་རུ་འགྲོ་རྒྱུའི་ཚབ་ཏུ། ཚད་མ་པ་དང་ཚན་རིག་པའི་དབར་རྒྱང་ཐག་ཉེ་རུ་དང་། སེམས་ཐག་ཉེ་རུ་འགྲོ་གི་ཡོད་པ་དང་། ཇི་ཙམ་ཉེ་རུ་སོང་བ་དེ་ཙམ་གྱིས་ནང་པའི་བྱམས་དང་སྙིང་རྗེ་ཡང་དག་པའི་ལྟ་བའི་འོད་སྟོང་གི་གཟི་དཔལ་དེ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་པ་ཡིན།
    བཞུགས་སྒར་དྷ་རམ་ས་ལའི་ཁ་བ་རི་པའི་ཆོས་དང་རིག་གཞུང་གི་བསྟི་གནས་བོད་ཀྱི་དཔེ་མཛོད་ཁང་ཆེན་མོའི་ལྡེ་མིག་དང་ཐམ་ག་འཛིན་པ་ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་སེམས་ལ་གང་ཤར་ཡི་གེར་བྲིས་པ་ལགས་ན། ནོར་འཁྲུལ་གྱི་ཚོགས་མཁས་དབང་རྣམས་ཀྱི་མདུན་སར་འཆགས་ཤིང་ལེགས་ཚོགས་ཀྱི་ཆ་རྣམས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུ་རུ་གྱུར་ཅིག་གུ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-1-19 03:27 , Processed in 0.276290 second(s), 22 queries .

返回顶部