ཆོས་འབྲོག་ཉི་མ་ ... http://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅། །མང་ཡུལ་སྐྱིད་རོང་བསྐོར་བའི་དྲན་འཆར་ ...

已有 108 次阅读2020-6-15 22:23 |个人分类:嘿马拉雅文化发展促进会|系统分类:见闻

༄༅། །མང་ཡུལ་སྐྱིད་རོང་བསྐོར་བའི་དྲན་འཆར་ཟིན་ཐོ།

ཆོས་འབྲོག་ཉི་མ་དོན་ལགས།

ལོ་ཤས་གོང་ནས་བཟུང་བོད་ཀྱི་དམིགས་བསལ་དོན་དངོས་ལ་གཞིགས་ནས་ལག་བསྟར་བྱས་པའི་ཡིག་ཨང་དྲུག་ཅུ་རེ་བཞིའི་གཟིགས་སྐྱོང་སྲིད་ཇུས་ཀྱི་སྐྱབས་འོག་ཏུ་ཚུད་དེ། ལོ་རྒན་དྲུག་ཅུའི་བཀག་རྒྱར་རེ་སྒུག་བྱེད་མི་དགོས་པར་ལས་འཁྱུར་ངལ་གསོའི་གོ་སྐབས་ཐོབ་པ་ནི། ལས་གནས་ཐོག་སྡོད་རིང་ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་དོན་དམ་རང་སྒེར་གྱི་ཁེ་ཕན་ཁོ་ན་སྤྱི་བོའི་གཙུག་ཏུ་བཟུང་ནས་ཉི་མ་གང་འཁྱོལ་དང་། ཁྲལ་སེལ་སླ་བཅོས་སོགས་ཀྱི་གཡའ་མེད་པར། འདམ་སྐྱེས་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་འགོས་པར་ལུས་ངག་ཡིད་གསུམ་གཞན་ཕན་ལྷག་བསམ་རྣམ་པར་དཀར་པོས་དམངས་ཀྱི་སྲི་ཞུར་འབད་འབུངས་ཞུ་མཁན་ཞིག་གི་ངོས་ནས། དེ་སྔོན་སྐབས་ཤིང་རིང་བོད་སྐད་གཟིགས་མོ་བའི་ཁྲོད་དུ་བག་ཆགས་ངེས་ཅན་བྱུང་བའི་པྭ་ཤིས་ཀྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་བོད་བསྒྱུར་མ་གཡོག་མོ་ཞེས་པའི་ནང་གི་ཡིའི་ཙོ་ལགས་ལ་བཅིངས་འགྲོལ་ལག་ཁྱེར་ཐོབ་པ་ལྟ་བུར་འདོད་འདུན་དོན་དུ་སྨིན་པའི་ཚོར་སྣང་དང་བཅས། དུས་ཚོད་ངེས་མེད་ཐོག་གོམ་བགྲོད་ཀྱི་འདེགས་འཇོག་རང་དགར་གཞིས་རྩེ་གྲོང་ཁུལ་ལམ་མདོ་ཁའི་ཧྲང་ཧའེ་ཐང་ཆེན་དང་། ལྷ་སའི་རྫོང་རྒྱབ་ཀླུ་ཁང་གླིང་ཁའི་མཐའ་འཁོར་ཇ་ཁང་འདྲ་མིན་སོགས་ཀྱི་འདུ་འཛོམས་དཔུང་ཁག་གི་ཁྲོད་དུ་ཐལ།

འདུ་འཛོམས་དེ་དག་གི་ཁྲོད་ནས་སྐབས་དུས་བརྙན་འཕྲིན་འཕྲིན་ལམ་འདྲ་མིན་ཐོག་བསྟན་དང་སྟོན་བཞིན་པའི་རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་འདྲ་མིན་ནམ། ཁུངས་ལུང་མཐའ་བཙན་ཡོད་མིན་ངེས་ཤེས་དཀའ་བའི་ལག་ཐོགས་ཁ་པར་ཐོག་ནས་སྤེལ་བའི་འཕྲིན་ཕྲན་འདྲ་མིན་སྣ་ཚོགས་སོགས་སྤྱི་ཚོགས་ཐོག་གི་རང་རང་སོ་སོའི་མཐོང་ཐོས་མྱོང་གསུམ་གང་རུང་སྐོར་ལ་དཔྱད་གླེང་བྱེད་པའི་སྣང་ཚུལ་མང་དག་མཐོང་ཐོས་སུ་གྱུར་ཅིང་། ཆེས་མང་ཆེ་བ་ནི་ངོ་ཤེས་འདྲིས་ཕྱོགས་སོགས་ཚོ་པ་དང་ཚོགས་པ་སོ་སོར་ཚེ་འདིའི་སྔ་གཏམ་ཕྱི་གཏམ་དང་སྦྲགས་ནས་སྔ་དྲན་དེང་བསྡུར་བྱེད་མཁན་ཤ་སྟག་ཡིན་པ་ཙམ་ལས། རང་ངོས་ཀྱི་དགའ་ཕྱོགས་ཉན་འདོད་ཤེས་འདོད་ཆེ་བའི་གཙང་ཁུལ་གྱི་སྣོད་བཅུད་ཆགས་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་བམ་མི་རབས་གོང་མའི་ངག་རྒྱུན་ཤོད་སྲོལ་སྐོར་གྱི་གླེང་བརྗོད་ཧ་ལམ་ཐོས་རྒྱུ་མེད་པར་བརྟེན། སེམས་ལ་གནས་སྐབས་བག་ཡངས་རྣམ་གཡེང་གི་སྣང་བ་ཙམ་ལས་བླང་འདོར་བློ་བསྐྱེད་ལ་སྨན་པའི་གནས་ལུགས་རྒྱུ་མཚན་ གྱི་ངེས་ཤེས་གང་ཡང་རྙེད་རྒྱུ་མེད་པར། སེམས་བློང་བློང་དུ་རང་ཁྱིམ་གྱི་དཔེ་དེབ་ཁང་ཁོ་ནར་བློ་ཁ་ཕྱོགས།

ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔོན་འདུ་ཚོགས་འདི་དག་གི་ཁྲོད་ནས་རང་རང་སོ་སོའི་གནས་སྐོར་ལྗོངས་རྒྱུར་ཕྱིན་པའི་མཐོང་ཐོས་མྱོང་གསུམ་གྱི་གླེང་བརྗོད་འཁྲུག་ཆ་དོད་ཅིང་། ས་ཡུལ་དངོས་སུ་སྐྱོད་མྱོང་མེད་པའི་མི་ཁག་ཅིག་ཀྱང་འགྲོ་འདོད་ཀྱི་ང་རྒྱལ་ལངས་ནས་རང་རང་འདྲིས་ཕྱོགས་དུས་ཆད་སྒྲིག་འཛུགས་ཀྱིས་ཚོ་བ་དང་ཚོགས་པར་ཐོན་འགྲོ་བའི་སྣང་ཚུལ་རྒྱུན་ལྡན་དུ་ཡོད་མོད། བར་སྐབས་ཆོས་ལུགས་ཀྱི་འགལ་རྐྱེན་རང་བཞིན་ལ་བསྙད་བཏགས་ནས་རྒྱལ་མཛོད་ནས་འཚོ་བརྟེན་ཐོབ་ཆ་ལེན་མཁན་མཆོད་མཇལ་གནས་སྐོར་དུ་འགྲོ་བར་བཀག་རྒྱ་ངེས་ཅན་སྒྲོག་བཞིན་པའི་ཁྲོད་ནས།  ང་འཇུས་ནས་སྤུ་ཕུད་ཅེས་པའི་དཔེ་ལྟར་རང་མཚང་མངོན་པར་དོགས་ཟོན་གྱིས་བོད་ཡུལ་རང་སའི་གནའ་ཤུལ་དགོན་གནས་སོགས་ཀྱི་སྐོར་གླེང་བརྗོད་བྱེད་མཁན་ཙམ་ཡང་མཐོང་ཐོས་དཀའ་བས། མ་གཞི་སྔ་བར་ཕྱི་གསུམ་དུ་བློ་དཀར་གཞུངས་དྲང་གི་གཞན་ཕན་ལྷག་བསམ་སྤྱི་བོའི་གཙུག་ཏུ་འཛིན་པའི་རང་གི་བྱ་སྤྱོད་ཐད་ནས་ཉེས་སྡིག་སྒྲིབ་སྦྱོང་དགོས་པའི་གནོད་འགྱོད་གང་ཡང་མེད་ནའང་། མེས་པོའི་ཤུལ་བཞག་ཤེས་རིག་ཅིག་གི་ངོས་ནས་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་གནས་ལུགས་རྒྱུ་མཚན་འདྲ་མིན་ལ་དོན་དམ་མྱོང་རོལ་ཐོབ་ཕྱིར་ས་ཡུལ་དངོས་སུ་ངེས་ཤེས་འཚོལ་བར་སྐྱོད་འདུན་སྐུལ་སློང་དྲག་པོས་འགྲུལ་རོགས་འདོད་མཐུན་གྲོགས་པོ་རེ་ཟུང་ལ་ཁ་ཆད་བཙལ་འཚོལ་བྱེད་བཞིན་པའི་སྐབས་སུ། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་གཞུང་དོན་ཁང་ནས་སྐྱིད་རོང་གིས་གཙོས་པའི་གྲོང་ཁྱེར་ནུབ་བརྒྱུད་རྫོང་ཁག་ཅིག་ཏུ་འཚོ་བར་ཟབ་འཇུག་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་འཛུགས་པའི་རྩོམ་རྒྱུ་འཚོལ་བསྡུའི་གཙོ་དོན་བྱེད་སྒོར་ཞུགས་དགོས་པའི་བརྡ་ཐོ་འབྱོར་བ་ནི། ཡོངས་སུ་འདོད་ཐོག་ཏུ་རྟ་རྒྱུག་པའི་འདོད་འདུན་དོན་དུ་སྨིན།

མ་གཞི་ཁོ་བོ་རང་ཉིད་བགྲང་བྱ་བཞི་བཅུར་ཉེ་བའི་དམངས་ཀྱི་སྲི་ཞུའི་ལས་ཡུན་ནང་། རང་འགན་སྲིད་འཛིན་ལས་དོན་ཁ་ཆག་སྣ་རལ་མེད་པར་གོང་རིམ་གྱི་རེ་བ་ཇི་བཞིན་གཞི་རིམ་དུ་དོན་སྨིན་ཞབས་ཞུའི་ཆེད་དུ་སྤྱིར་ན་གཞིས་རྩེ་གྲོང་ཁྱེར་མངའ་ཁོངས་སུ་མ་ཕྱིན་པའི་ལམ་དང་མ་སླེབ་པའི་ས་ཡུལ་མེད་པར་རློམས་ནའང་། རང་ཁྲིའི་ལས་གནས་དང་འབྲེལ་བ་དེ་ཙམ་མེད་པའི་ས་གནས་སོ་སོའི་གནའ་ཤུལ་དགོན་གནས་སོགས་ཀྱི་གནས་ཡུལ་ཁ་ཕྱོགས་ཤེས་པ་ཙམ་མ་གཏོགས་ལས་ཞོར་ལ་ལྟ་སྐོར་ཞིབ་བཤེར་སོགས་ཀྱི་ཁ་གཡར་ལ་བརྟེན་ནས་ཆེད་མངགས་མཇལ་བར་སྐྱོད་པའི་བློ་སྤོབས་དང་བྲལ་བས། ས་ཡུལ་དངོས་སུ་གོམ་བགྲོད་ཀྱི་འདེགས་འཇོག་མ་བསྒྱུར་གོང་ལ་ད་ལྟའི་གཞིས་རྩེ་གྲོང་ཁྱེར་ཙམ་མ་ཟད། བོད་ཡུལ་ཁྱོན་ཡོངས་ཀྱི་ཤེས་རིག་གི་ལོ་རྒྱུས་ཆུ་ཀླུང་དྲག་ཏུ་བཞུར་བའི་རྒྱུན་རིམ་ཁྲོད་རྦ་རླབས་ཀྱི་ཟེགས་མ་བར་མེད་མཁའ་ལ་འཕྱོ་བའི་མང་ཡུལ་སྐྱིད་རོང་སྐོར་གྱི་བོད་ཀྱི་ཆོས་འབྱུང་དེབ་ཐེར་དང་བཅས་པའི་ལོ་རྒྱུས་ཐོག་རྒྱ་བོད་མཁས་གྲུབ་ལོ་པཎ་སྐྱེས་ཆེན་དམ་པ་རྣམས་ཀྱི་མཛད་རྣམ་ཆུ་གཏེར་ལས་རང་བློའི་ཁབ་མིག་ཏུ་འཁྱིལ་བར་ཕུ་དཀྲུག་མདའ་དཀྲུག་མ་བཏང་བར། མུན་ནག་སྦར་ཉུལ་རྒྱག་པར་སོང་ན། སྐབས་དུས་ངོ་མཚར་དང་སྣང་བ་ཡངས་ཡངས་ཙམ་ལས། སོང་བའི་སོང་གོ་མ་ཆོད་པར་ཁྱི་ཡིས་རྒྱ་ནག་བསྐོར་བའི་གཏན་དཔེར་འགྱུར་རྒྱུ་ལས་མ་འདས།

  དེ་ཡང་། ད་ལྟའི་ཆར་སྐྱིད་རོང་ཞེས་པ་ནི་སྔོན་མའི་དུས་སུ་ཡུལ་དེར་ནད་ཡམས་གདུག་པ་ཅན་ཞིག་བྱུང་བ་དེའི་རྗེས་འཕགས་པ་དགོན་དུ་བལ་བཟས་ཇོ་བོ་ཝ་ཏི་བཟང་པོ་གདན་དྲངས་པ་ནས་བཟུང་ནད་ཡམས་འཇོམས་ཤིང་སྐྱིད་པའི་གྲོང་དུ་གྱུར་ས་སྐྱིད་གྲོང་ཞེས་པའི་ཡུལ་མིང་ཐ་སྙད་བྱུང་ཚུལ་དང་། ཡང་ཡུལ་དེར་མང་ཡུལ་སྐྱིད་གྲོང་ཞེས་ཀྱང་ཟེར་དོན་ནི་ཨོ་རྒྱན་པདྣ་འབྱུང་གནས་ལ་སོགས་པའི་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་མང་པོ་གནས་དེར་བྱོན་པས་མང་ཡུལ་ཞེས་པའི་ཡུལ་མིང་ཐོགས་ཚུལ་གང་སར་རྒྱ་བསྒྲགས་བོད་བསྒྲགས་བཏང་དང་གཏོང་བཞིན་འདུག་མོད། རང་བྱོན་གྱི་འཕགས་པ་ཝ་ཏི་བཟང་པོའི་ལོ་རྒྱུས་ཡིག་རྙིང་འགའི་ནང་། བལ་བཟའ་ཁྲི་བཙུན་གྱི་སྔོན་ནས་སྐྱིད་རོང་ཇོ་བོ་བཞུགས་སུ་གསོལ་བའི་སྐོར་ཆེད་དུ་དགག་བཞག་མཛད་ཡོད་ཅིང་། དོན་དམ་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་གོང་ལ་དབང་མཛད་བཅུ་གཉིས་དང་སིལ་མ་བཞི་བཅུའི་ཁྲོད་ནས་ཀྱང་ཡུལ་དེའི་མིང་གི་ཐ་སྙད་ཁུངས་འདེད་ངོས་འཛིན་བྱེད་རྒྱུ་ཡོད་ལ། བཙན་པོའི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོའི་དུས་དབུས་གཙང་ཁུལ་དུ་བོན་གྱི་འདུ་གནས་སོ་བདུན་གྱི་ས་ཡུལ་དངོས་ངོས་འཛིན་ཐད་མཁས་དབང་དཔལ་ཚུལ་མཆོག་གིས་རུ་ལག་ལ་དགུ་ཡོད་པའི་གྲས་ལྷ་ཡུལ་གུང་ཐང་ནི་མང་ཡུལ་གུང་ཐང་ཞེས་ཏེ་ལ་སྟོད་རྩེ།  ཞེས་ཁ་གསལ་གསུངས་ཡོད་པས། འགྲོ་བ་མིའི་རིགས་ཀྱི་སྐད་བརྡའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་འགྱུར་བའི་ལོ་རྒྱུས་ཀྱི་རྒྱུན་རིམ་ཁྲོད་ནས་རིམ་བཞིན་སྐྱིད་གྲོང་དང་སྐྱིད་རོང་ཞེས་གྲགས་པའི་སྣང་ཚུལ་སོགས་ཤེས་རིག་གསར་དར་རྙིང་ནུབ་ཀྱི་ཆར་རླུང་ཁྲོད་ནས་གདོད་མའི་ཡུལ་མིང་དང་བཅས་པར་ཁུངས་འདེད་བྱེད་རྒྱུ་བསམ་ཚོད་ལས་འདས་པས། འཕྲོས་ལངས་པའི་འཕྲོས་གཏམ་ཙམ་ལས་ཁལ་བོང་བུས་འཁུར་བར་རྒྱ་ལམ་སྐེད་པ་ན་དགོས་དོན་མེད་པར་བརྟེན་ཡུལ་མིང་ཐ་སྙད་སྐམ་པོར་ཁུངས་འདེད་བཞག་སྟེ། ལོ་རྒྱུས་དེབ་ཐེར་འདྲ་མིན་ནང་གསལ་ས་ཡུལ་དངོས་ཀྱི་སྐོར་ལ་ཐོག་མའི་ངེས་ཤེས་ཐན་ཐུན་མ་བྱུང་ཐབས་མེད་རེད། 

གཅིག

  མང་ཡུལ་སྐྱིད་རོང་གི་ཡུལ་གྲུའི་རྒྱུད་ནི། ད་ལྟའི་དུས་འདིར་ཡོངས་གྲགས་ཡིན་པའི་བོད་ཀྱི་ལོ་རྒྱུས་ཡིག་རིགས་འདྲ་མིན་གྱི་བར་གསེང་ནས་སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ཤིང་། ནུབ་འཕགས་མཆོག་གླིང་གི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཤེས་རིག་ལ་ཐོག་མར་ངེས་ཤེས་རྙེད་དེ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ངོ་མཚར་རྒྱལ་མཚན་འཇིག་རྟེན་གོ་ལའི་ཡང་རྩེར་བསྒྲེངས་པའི་རྒྱུན་རིམ་ནང་། ཡོངས་གྲགས་སུ་གངས་ཅན་ཡི་གེའི་བྱེད་པོར་མངའ་གསོལ་བའི་ཐོན་མི་སམ་བྷོ་ཊ་སོགས་མཁས་གྲུབ་ལོ་པཎ་སྐྱེས་ཆེན་དམ་པས་གཙོས་པའི་ལྷོ་བྱང་གཉིས་ཀྱི་ཡུལ་ཕྱོགས་དང་མི་རིགས་ཕན་ཚུན་བར་ལ་ཤེས་རིག་དང་དཔལ་འབྱོར་སྤེལ་རེས་ཀྱི་ལམ་སྲོལ་རིམ་པས་ཆགས་པ་ནི། གནའ་རབས་ཀྱི་དར་གོས་ཤུལ་ལམ་དང་། ཇ་རྟའི་གནའ་ལམ་གྱི་ལོ་རྒྱུས་མཚོན་རྟགས་ལ་བརྟེན་ནས། ད་གཟོད་ཞི་བདེ་མཉམ་དར་གདུགས་ཀྱི་གྲིབ་བསིལ་འོག་ལམ་རྒྱུད་རྒྱལ་ཁབ་ཁག་བར་མཉམ་ལས་རོགས་རེས་ཀྱིས་ཐུན་མོང་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་དང་། དཔལ་འབྱོར་ཐོག་ཕན་ཚུན་མཉམ་ལས། རིག་གནས་ཐད་ཕན་ཚུན་བློ་དཀྱེལ་ཡངས་པོ་ཁེ་ཕན་མཉམ་མཐུན་དང་ལས་དབང་མཉམ་འདྲེས་སུ་རོལ་བའི་རྒྱུད་གཅིག་ལམ་གཅིག་ལོ་རྒྱུས་ཀྱི་བདེན་དཔང་བསྙོན་མེད་དུ་གྱུར། ཡང་སྒོས་སུ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སུ་སྦ་གསལ་སྣང་བཙན་པོས་མང་ཡུལ་གྱི་ཁ་བློན་དུ་བསྐོས་ནས་མངགས་པས། ཁོང་གིས་བལ་ཡུལ་ནས་མཁན་ཆེན་བོ་ངྷི་ས་ཏྭ་མང་ཡུལ་དུ་གདན་དྲངས་ཤིང་། ཡུལ་དེའི་རྒྱུད་དུ་ལྷ་ཁང་བཞེངས་པ་མ་ཟད། བཙན་པོའི་དྲུང་དུ་བྱོན་ནས་བཙན་པོ་ལ་ལྷ་ཆོས་བཟང་པོ་མཛད་པར་མཁན་པོ་བོ་ངྷི་ས་ཏྭའི་མཁས་ཤིང་བཙུན་པའི་ཡོན་ཏན་རྣམས་ཞུས་ཤིང༌། བཙན་པོའི་བཀའ་བཞིན་མཁན་པོ་བོ་ངྷི་ས་ཏྭ་བོད་དུ་གདན་དྲངས་ཏེ་སྦ་གསལ་སྣང་རང་ཉིད་དེ་ཡེ་ཤེས་དབང་པོ་སོགས་བོད་མི་བདུན་རབ་ཏུ་བྱུང་བར་སད་མི་བདུན་ཞེས་གྲགས་པའི་བོད་བརྒྱུད་ནང་པ་སངས་རྒྱས་དགེ་འདུན་པའི་སྡེའི་ལྗོན་ཤིང་མཁའ་ལ་གཡོ་བའི་ཐོག་མའི་ས་བོན་རྒྱས་ཤིང་། བོད་བརྒྱུད་ནང་བསྟན་ཤེས་རིག་སྔ་དར་དུས་ཀྱི་ཨོ་རྒྱན་རིན་པོ་ཆེ་སློབ་དཔོན་པདྨ་འབྱུང་གནས་མཆོག་དང་། བསྟན་པ་ཕྱི་དར་གྱི་སྒྲོན་མེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དབུས་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་ཉི་ཟླ་བཞིན་མཁའ་ལམ་དེ་ཕྱོགས་ནས་འཁོར་སྐྱོད་ཀྱི་འོད་སྣང་འབར་བར་གྱུར།

ཡོངས་གྲགས་ཡིན་མིན་གང་རུང་གི་ལོ་རྒྱུས་ཀྱི་ཡིག་རིགས་འདྲ་མིན་ཁྲོད་དུ་ད་ལྟའི་རྫོང་རིམ་པའི་སྲིད་འཛིན་མངའ་ཁོངས་སྐྱིད་གྲོང་རྫོང་དུ་འབོད་པའི་ཡུལ་གྲུའི་རྒྱུད་ལ་མང་ཡུལ་དང་། གུང་ཐང་། སྐྱིད་རོང་། སྐྱིད་གྲོང་། རྫོང་དཀར་སོགས་ཡུལ་མིང་སྤྱི་བྱེ་བྲག་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ལྡན་པར་སྣང་བའི་ཐ་སྙད་ཇི་སྙེད་ཅིག་ཡོད་པ་མ་ཟད། དུས་ཕྱིས་ཀྱི་བར་དུ་སྐྱིད་རོང་དང་རྫོང་དཀར་གཉིས་ཀྱང་རྫོང་རིམ་པའི་སྒྲིག་གཞི་རྙིང་པའི་ནང་སོ་སོར་སྣང་བས། ལོ་རྒྱུས་ཀྱི་ཁུངས་སྣེ་ཐན་ཐུན་ལ་བརྟེན་ནས་རྒྱ་ཆེ་དཀྱིལ་སྟོང་དང་། ཉ་ཉུང་མཉམ་བསྲེས་སུ་མི་ཐལ་བའི་ཁུལ་དུ་མང་ཡུལ་སྤྱི་ལས་བྱེ་བྲག་སྐྱིད་རོང་ཁོ་ནའི་གནའ་ཤུལ་སྐོར་ལ་ངེས་ཤེས་ཐན་ཐུན་ཡོང་ཐབས་ཀྱི་འབད་པ་ལྷུར་ལེན་བྱེད་པར་བློ་ཁ་ཕྱོགས།

དེས་ན། ལོ་རྒྱུས་ཀྱི་ཡིག་རིགས་ཙམ་མ་ཟད་བོད་མི་རྒན་རབས་ཀྱི་བློ་ངོར་སྐྱིད་རོང་ཞེས་པའི་ཡུལ་མིང་ཐ་སྙད་དང་སྦྲགས་ནས་སྐྱིད་རོང་ཇོ་བོ་དང་འཕགས་པ་ལྷ་ཁང་རྒྱུད་ལ་འཇགས་ཡོད་ཅིང་། ད་དུང་ཡུལ་དེར་བསམ་ཡས་མཐའ་འདུལ་འབའ་ར་ལྷ་ཁང་དང་། འོན་འཆང་རྡོ་བའི་མཐའ་འདུལ་དཔལ་དགེ་རྒྱས་ཀྱི་ལྷ་ཁང་ཕྱིས་སུ་ས་ལུང་མར་གྲགས་པ། འཕགས་པའི་སྤྱན་གཉིས་སུ་གྲགས་པའི་མཁའ་འགྲོ་ཕུག རང་བྱོན་འཕགས་འི་གཙུག་ལག་ཁང་ནས་ཤར་གྱི་ཕྱོགས་སུ་ལ་ལྡེབས་རྒྱལ་ནགས་ཀྱི་བར་ལ། ལ་ལྐོག་ཏུ་གུ་རུའི་ཕྱག་བཟོའི་མཆོད་རྟེན་བཞི། སྟོད་དུ་གུ་རུའི་གནས་ཆེན་གངས་ཞུར་མོ་དང་། དམ་པ་སངས་རྒྱས་ལ་སྟོན་པ་ཐུབ་པའི་དབང་པོས་ལུང་བསྟན་པའི་ཕ་ཝོང་ཨ་རུ་ར། དམ་པ་མི་ཕམ་མགོན་པོའི་བསྟི་གནས་དགོན་པ་དཀར། ཡང་རྩེ། མ་བྱོན་པའི་སངས་རྒྱས་དྲུག་པའི་ངོ་བོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་པའི་གནས་དང་ཞབས་རྗེས། སྔ་ཐང་སྤང་མོ་ཆེ་ཞེས་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་གནས་སུ་ཆུ་མིག་བརྒྱ་རྩ། འབྲོག་ཏུ་ཇོ་བོ་ཆེན་པོ་མར་མེ་མཛད་ཀྱི་ཆོས་འཁོར་བསྐོར་བའི་བཞུགས་ཁྲི། ལ་ལྡེབས་སྨད་དུ། བེེ་རོ་ཙ་ཎའི་རྫོང་དུ་ཆུང་ན་སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱི་བཞེངས་པའི་མཆོད་རྟེན་བྱེ་བའི་ཡ་གྱལ་གཅིག རྒྱལ་བ་འབྲི་གུང་པ་སྐྱོབས་པ་རིན་པོ་ཆེའི་ལུང་བསྟན་པའི་གནས་འགའ་ཞིག་དང་། གྲྭ་རུ་ཇོ་བོ་རྗེའི་ཆོས་འཁོར་གོང་འོག ཞབས་རྗེས། ཕྱག་བྲིས་ཀྱི་ཡིག་དྲུག་སོགས་དང་། སྐྱིད་རོང་གི་ནུབ་ཕྱོགས་སུ། སྔོན་བལ་མོ་བཟང་ལྷ་ཅིག་ཁྲི་བཙུན་ཕེབས་སྐབས་བལ་བོད་གྱེས་སའི་གྱེས་ཕུག་ཅེས་པའི་སར་ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་གུ་རུ་ཕུག གཞན་ཡང་སྦས་ཡུལ་ཡོལ་མོ་གངས་ར། ཟླ་གམ་གནམ་སྒོ་ཞེས་ཕྱིས་སུ་གླང་ཕྲང་དུ་གྲགས་པ། བསེ་ཐང་གི་ཁ་སྟོད་དུ་གུ་རུའི་འབུམ་པ། རྡོ་རྗེ་ཕུར་བའི་བཀའ་སྲུང་བསེ་མོ་མཆེད་བཞིའི་ནང་ཚན་རྡོ་རྗེ་བསེ་བྱིན་མས་བྲག་ལ་ཡེ་ཤེས་ཀྱི་མེ་སྦར་བའི་རྗེས། དུག་ཆུ་སྨན་ཆུར་བསྒྱུར་བ། མུན་ལའི་ལ་མགོར་གུ་རུ་རིན་པོ་ཆེའི་ཕྱག་བཟོའི་འབུམ་པ། གནམ་ལྕགས་ཀྱི་ཐོག་ཕབ་པས་བྲག་དུམ་བུར་སོང་བའི་སྟེང་དུ་རྫུ་འཕྲུལ་གྱི་ཞབས་རྗེས། ཕྱོགས་བཞིར་སློབ་དཔོན་ཆེན་པོས་བཞེངས་པའི་མཆོད་རྟེན་བཞི། མ་བདུན་གྱི་ཆུ་འགྲམ་དུ་བདེ་མཆོག་ཡབ་ཡུམ་གྱི་གསང་གནས་རྡོ་ལ་རང་བྱུང་། སྲིད་པའི་མ་མོ་བདུན་གནས་པའི་ས། གནམ་ས་གྲུ་གསུམ་དུ་ཡོད་པའི་རི་སྣེར་སྔོན་དུས་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་བུ་སློབ་རང་མཉམ་གྱི་བུ་ཆེད་བརྒྱད་ཀྱི་ནང་ཚན་སྙིང་རྗེ་རང་དང་མཉམ་པའི་མ་བདུན་པ། ཞེས་པའི་བཞུགས་གནས་ལས་མཚན་དུ་གསོལ་བ་དེས་སྒྲུབ་པ་ལ་བཞུགས་སྐབས་རྡོ་རྗེ་མ་བདུན་མ་ཉིད་དངོས་སུ་བྱུང་ཞིང་དམ་ཚིག་སྦྲེལ་བའི་སྒྲུབ་ཕུག་དང་། དེའི་རྒྱབ་རིའི་སྒང་ཕྱོགས་སུ་རྫོང་ཁམས་སུམ་རྣམ་རྒྱལ་ཞེས་སྔོན་དུས་མངའ་རིས་གུང་ཐང་ཆོས་རྒྱལ་རིམ་པས་ཕོ་བྲང་བཏབ་ཀྱང་ཕྱིས་སུ་ཤུལ་ཙམ་ལས་མེད་པ། ཚོང་འདུས་སུ། འཇམ་མགོན་ས་སྐྱ་པཎཌི་ཏའི་གནས་ལྷ་ལྔ་ཕུག སློབ་དཔོན་ཆེན་པོ་པདྨས་གནོད་སྦྱིན་མོ་གདུག་པ་ཅན་འདུལ་དུས་བཞེངས་པའི་མཆོད་རྟེན་བརྒྱ་རྩ།རྡོའི་རིགས་གསུམ་མགོན་པོའི་སྐུ་དང་མཆོད་རྟེན། སྲིན་མོའི་ཁྲག་གི་བྲིས་པའི་མཆོད་རྟེན། ཇོ་བོ་རྗེའི་ཕྱག་འཛུབ་ཀྱིས་བྲིས་པའི་ཡིག་དྲུག ས་སྐྱ་པཎཌི་ཏའི་སློབ་མ་ཐོག་རྡུགས་སངས་རྒྱས་ཀྱི་བསྟི་གནས་ཆོས་སྡིང་ཞེས་པ་ཕྱིས་སུ་ཁྲིམས་ལྡན་གླིང་དུ་གྲགས་པ། དེའི་རི་ངོགས་སུ་ཇོ་བོ་རྗེ་མཆོག་གི་ཕྱག་འཛུབ་ཀྱིས་བྲིས་པའི་རྡོ་ལ་ཡིག་དྲུག་ཡོད་པར་མ་ཎི་ལ་ཁ་ཞེས་པར་ཕྱིས་ཡོངས་འཛིན་པཎཌི་ཏ་ཆེན་པོ་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་སྒྲུབ་སྡེ་བཀྲ་ཤིས་བསམ་གཏན་གླིང་། སྔོན་དུས་མཁས་བཙུན་གྲུབ་པ་མང་པོས་བཞུགས་པའི་བསྟི་གནས་བྲག་ཁ། ཕུག་པོ་ཆེ། བོད་ཀྱི་ཕུ་ལ་ཧ་རི་སྟེ་མེ་ཏོག་མདངས་འཕྲོག་ཅེས་སྔོན་གྱི་ཚེ་སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་བརླབས་ཤིང་། ཕྱིས་སུ་རེད་མདའ་པ་གཞོན་ནུ་བློ་གྲོས་ཀྱི་ཡུན་རིང་བཞུགས་པའི་གནས་མེ་ཏོག་མདངས་ཅན་དུ་འབོད་པ། འཕགས་པ་རིན་པོ་ཆེ་བཞུགས་སའི་ཕོ་བྲང་གི་རྒྱབ་རིར། སྔོན་དུས་ཇོ་བོ་རྗེ་དཔལ་དི་པམ་ཀཱ་ར་ཉིད་ཆོས་རྒྱལ་ལྷ་བཙད་པོ་བྱང་ཆུབ་འོད་ཀྱིས་སྤྱན་འདྲེན་པར་གུང་ཐང་གི་ནག་ཚོ་ལོ་ཙཱ་བ་རྒྱ་གར་དུ་བྱོན་པའི་ཚེ་ལོ་གསུམ་ནས་ཇོ་བོ་རྗེ་ཕེབས་སྐྱེལ་ཞུ་བར་ཆད་མདོ་བྱས་པ་ལྟར་ཇོ་བོས་ཐོག་མར་མངའ་རིས་སྟོད་ནས་རིམ་པར་བྱོན་ཏེ་མཐར་མང་ཡུལ་ནས་རྒྱ་གར་དུ་གཤེགས་པར་བཞེད་པ་ན། བལ་མོན་རོང་ཤར་ནུབ་རྣམས་འཁྲུགས་པའི་དམག་གིས་ལམ་བཀགས་པས་འབྱོན་སྐབས་མ་རྙེད་པར་མང་ཡུལ་གྱི་ཕྱོགས་སུ་ལོ་ཤས་བཞུགས་པའི་སྐབས་དབྱར་གནས་མཛད་པའི་སར་གནས་སུ་གྲགས་པར། ཇོ་བོས་ཕྱག་འཛུབ་ཀྱིས་རྡོ་ལ་བྲིས་པའི་ཡིག་དྲུག་ཡོད་པར་ཕྱིས་སུ་མཛུབ་ལ་ཁར་འབོད་པ་དང་། ཕྱག་རྗེས། ས་སྐྱ་པཎཌི་ཏས་ཆོས་གསུངས་པའི་ཆོས་ཁྲི་དང་ཉེ་བར་དཔལ་མགོན་པོ་གུར་གྱི་རྟེན་རྡོ་ཡོད་པ་དམ་ཅན་ཆོས་སྐྱོང་གི་འདུ་གནས་སུ་བསྔགས་པའི་བྱང་ཆུབ་གླིང་གི་ནགས་ཁྲོད། རྒྱལ་བ་རྒོད་ཚང་པའི་ཐུགས་སྲས་བརྒྱད་ཀྱི་ནང་ཚན་བརྟུལ་ཤུགས་རང་དང་མཉམ་པ་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་བཞུགས་གནས་ཨོ་རྒྱན་ཤར་ནུབ། ཆོས་འབྱུང་རང་བྱོན། རྒྱབ་རིའི་བྲག་ངོས་སུ་བྱང་ཆུབ་མཆོད་རྟེན་རང་བྱོན་གསལ་བ། སྤང་ཞིང་དུ་སྔོན་བོད་ཡུལ་སྲིན་མོ་གན་གྱལ་གྱི་དབྱིབས་སུ་ཡོད་པའི་ས་གནད་སོ་སོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་སྲིན་མོའི་རྐང་མཐིལ་གཡོན་པའི་དཔྱི་གཡོན་དུ་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ལ་སློབ་དཔོན་ཆེན་པོ་པདྨས་རབ་གནས་ལན་གསུམ་དུ་མཛད་ཅིང་། རྒྱལ་པོ་དཔོན་གཡོག་དམ་ལ་བཏགས་པའི་གནས། རྒྱབ་རིའི་ལུང་པའི་མདོར་སློབ་དཔོན་ཆེན་པོ་པདྨས་བོད་ཀྱི་དགེ་སློང་བཞི་ལ་དངོས་གྲུབ་གནང་བའི་སྒྲུབ་ཕུག་དང་། ལུང་པའི་ཕུར་གཡའ་རི་གོང་ཞེས་གུ་རུ་པདྨས་མང་ཡུལ་རྫའི་ར་བ་གཡའ་རི་གོང་དུ་ཟླ་བ་གསུམ་བཞུགས་ཞེས་པའི་གནས་གཡའ་རི་གོང་དུ་འབོད་པ་དང་། དེའི་ཕུ་མདའ་གང་རིགས་སུ་ཨོས་ཕོར་ལུང་པའམ། མེ་ཤེལ། ཤ་བ་རི་ཕུག བྱང་འགྲམ་ཕུག་ཅེས་སྔོན་གྱི་ཡིག་རྙིང་དུ་བཤད་ཀྱང་དོན་གཅིག་སྟེ་ཕྱིས་སུ་མེ་ཤོ་ལུང་པར་གྲགས་པ། གནས་དེར་སྲིད་པའི་མ་མོ་བདུན། ཕུག་བདག ཀླུ་བདུད་རྡོ་རྗེ་ཡུན། རྡོ་རྗེ་ལེགས་ལྡན་མའམ། ལྷ་མོ་རྡོ་རྗེ་རབ་བརྟན་མ་དམ་ལ་བཏགས་པའི་གནས་སུ་གྲགས་པ། གཞན་ཡང་མེ་ཉག་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱི་བཞུགས་པའི་ཙ་མིའི་ཚེར་ཁུང་། དེའི་རྒྱབ་རིའི་ཕ་ཝོང་ཆེན་པོའི་ཁར་ཙ་མི་ལོ་ཙཱ་བ་རྡོ་རྗེ་གདན་པ་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་པས་ཞལ་བསྟན་ཅིང་དངོས་གྲུབ་གནང་བ་ལ་མགོན་གནང་ཞེས་གྲགས་པ་དང་། རི་མཐོ་བའི་ངོས་སུ་གྲུབ་ཆེན་ཨོ་རྒྱན་པ་ཨོ་རྒྱན་ཡུལ་དུ་བྱོན་སྐབས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་སྩལ་བའི་གདམས་པ་ཟབ་ལམ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཡི་གེ་གནས་དེར་དཀར་ཤོག་ཏུ་བཏབ་པའི་བསྟི་གནས་ཨོ་དཀར་བྲག་ཅེས་ཕྱིས་སུ་ཀོས་དཀར་དུ་བརྗོད་པ། དེའི་རི་བརྒྱུད་དུ་ཨོ་རྒྱན་པའི་གནས་ཤེལ་རི། རི་རྩེར་རྟོགས་ལྡན་དར་མའི་ཨོ་མོ་ཐང་། ནུབ་ཕྱོགས་སུ་ཐོག་རྡུགས་སངས་རྒྱས་ཀྱི་ཤར་སྒམ། གྲུབ་ཐོབ་འདའ་ཕྱར་གྱིས་རྡོ་ལ་ཕུར་པ་བཏབ་པའི་རྗེས་ཟང་ཐལ་དུ་ཡོད་པར་ཕུར་ཁུང་མར་གྲགས་པ། སྔོན་གྱི་ཡིག་རྙིང་འགར་མ་རོག་ཅེས་པར་དུས་ཕྱིས་སུ་མ་གལ་ཏེ། དེའི་རྒྱབ་ཀྱི་རི་བོའི་ངོགས་སུ་ཆོས་ཀྱི་བཤེས་གཉེན་གྱི་དཀར་ཡེ། གྲུབ་ཐོབ་ཀོ་རག་པའི་བསམ་གཏན་དགོན། དེ་ལ་འགའ་ཞིག་གྲྭའི་ཡུལ་གྱི་རྒྱབ་རིའི་རྒྱུད་དུ་ཡོད་པའི་བསམ་གཏན་དགོན་པར་གྲགས་པ་དེ་ཡིན་ཟེར་ཀྱང་འཕགས་པའི་རྣམ་ཐར་ཡིག་རྙིང་རྣམས་སུ་དཀར་ཡེ་དང་འབྲེལ་བར་བཤད་པས་ཕྱིས་སུ་ཨབ་བསམ་གཏན་དགོན་དུ་གྲགས་པ།རག་མའི་ཡུལ་གྱི་ཕུར། སྟོན་པ་རྣམ་པར་འདྲེན་མཆོག་ཤཱཀྱའི་དབང་པོས་ལེགས་པར་གསུངས་པའི་མདོ་སྡེ་ཕལ་མོ་ཆེ་དང་། འཇམ་དཔལ་རྩ་བའི་རྒྱུད་སོགས་ལས་ལུང་གིས་གསལ་བར་བསྟན་ཅིང་། ངོ་མཚར་བྱེ་བ་འབུམ་གྱིས་ཕྱུག་པའི་གནས་ཆེན་རི་རྒྱལ་དཔལ་འབར་དང་། དེའི་ལུང་པའི་མདར་རྗེ་བཙུན་ཆེན་པོའི་བསྟི་གནས་རག་མ་བྱང་ཆུབ་རྫོང་། སྨྱོན་ཐང་དུ་གུ་རུ་རིན་པོ་ཆེས་སྨྱོ་འདྲེ་གདུག་པ་ཅན་དང་ཁྱི་སྨྱོན་བཏུལ་བའི་དཔལ་གཏོར་གྱི་དུམ་བུ། མཚོ་ཁ་བརྒྱད། ས་སྐྱ་པཎཌི་ཏའི་འཆིབ་རྗེས་རྟ་རྗེས་ཅན་དུ་གྲགས་པ། བཀའ་བརྒྱད་དཀྱིལ་འཁོར་གྱི་ཤུལ། སྔོན་དུས་བྲག་རི་གཅིག་ཏུ་ཡོད་པ་ལ་སློབ་དཔོན་རིན་པོ་ཆེས་རྡོ་རྗེ་དྲིལ་བུ་བསྣམས་ཏེ་ཤག་གི་ཕྱེ་བའི་རྫུའཕྲུལ་གྱི་རྟགས་སུ་དྲིལ་བུའི་རྗེས་སུ་བཞུགས་པ། དེ་དང་ཉེ་བར་སྤང་ཚེ་ལུང་ཞེས་པར་སྲིལ་མོའི་ཁ་ནོན་དུ་ཡིག་དྲུག་རང་བྱོན། དེའི་བྲག་ངོས་སུ་རྒྱ་ཡིག་སྐོས་པ་ནི་རྒྱའི་དཔུང་ཆེན་གྱི་རྗེས་སུ་མེ་སྦྲུལ་ལོར་གོང་མའི་བཀའ་མངགས་གསུང་ལམ་བན་ཐུས་གོང་མ་བདག་པོའི་མཆན་ཆན་ལུང་ཞེས་བྲིས་པ་ཡིན་ཟེར། གྲོང་ཐང་གི་ལུང་མོ་ཞེས་པའི་ཕུར། གྲུབ་ཆེན་རྒྱལ་མཚན་འབུམ་ལ་རྡོ་རྗེ་ཕག་མོའི་ཞལ་གཟིགས་པའི་གནས་ཆེན་བྲག་ནག་དང་། གྲུབ་ཐོབ་ཀྱི་ཕྱག་བཟོའི་འབུམ་པ། རྗེ་བཙུན་འཁྲུལ་མེད་ཡོད་པ་ལྟར་གུ་རུ་རིན་པོ་ཆེའི་རྗེས་སུ་ཇོ་བོ་ཉིད་བྱོན་པ་ཡིན་ལ། ཆོས་འདུལ་བ་ནས་མཚམས་བཅད་དེ་མ་གསུང་བར་གྲགས། ཀློང་མདའི་ནུབ་རིའི་བྲག་གི་ངོགས་སུ། གངས་ཅན་གྲུབ་བརྒྱུད་ཀྱི་སྤྱི་མེས་རྗེ་བཙུན་ཆེན་པོ་མི་ལའི་གྲུབ་གནས་བྲག་དཀར་རྟ་སོ། ཤར་ཕྱོགས་ཀྱི་རི་སྲིབ་ཏུ། སྨིན་ཁྲུགས་གྲིབ་མ་རྫོང་། གྲུབ་ཐོབ་ཀློང་རྩེ་པ་དང་རེད་མདའ་པའི་བསྟི་གནས་ཀློང་རྩེ། ཀློང་མདའི་རྫ་ཁྲོད་དུ་རྗེ་རེད་མདའ་པའི་གདུང་འབུམ་བྱིན་རླབས་ཅན། དགུན་མདའ་རུ་གུ་རུ་རིན་པོ་ཆེས་གུང་ཐང་གི་ལྷ་སྲིན་རྣམས་ཀྱི་ཁ་ནོན་དུ་བཞེངས་པའི་གུ་རུ་འབུམ་པ། ཤར་ནུབ་ཏུ་ཡིག་དྲུག་རང་བྱོན་གཉིས། སྐྱ་རྔ་རྩ་ཞེས་རྗེ་བཙུན་མི་ལ་རས་ཆེན་སྐུ་འཁྲུངས་སའི་ཡུལ་དང་། གཟིམ་ཁང་ཀ་བཞི་གདུང་བརྒྱད་ཀྱི་ཤུལ་དུ་མཆོད་རྟེན་བཞེངས་པ། རྐང་ཚུགས་ཕུག ཞིང་འོར་མ་གྲུ་གསུམ། སྲེ་པོ་སྟན་ཆུང་། བཞས་ཕུར་རྗེ་བཙུན་གྱི་ཡུམ་མྱང་ཚ་དཀར་རྒྱན་གྱི་གདུང་འབུམ། རོན་གྱི་འོད་གསལ་ཕུག བཀྲ་ཤིས་སྒང་། སྔོན་ཨོ་རྒྱན་རིན་པོ་ཆེས་བྲག་སྲིན་མ་དམ་ལ་བཏགས་པའི་སྒྲུབ་ཕུག་ཏུ་རྗེ་བཙུན་རས་ཆེན་གྱིས་བཞུགས་པའི་ལིང་བྲག་དམར་རྫོང་། སློབ་དཔོན་ཆེན་པོས་གུང་ཐང་གི་བྲག་རིན་ཆེན་སྤུངས་པར་རྒྱལ་པོའི་བླ་གཏེར་སྦས་པའི་གཏེར་གནས། བསྟན་པ་ཕྱི་དར་གྱི་བསྟན་པའི་ཉིན་བྱེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་མཛད་པོ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འཁྲུངས་ཡུལ་ཡང་ཐོག་གམ་མངའ་རིས་རྫོང་ཁའི་ལྷ་གདོང་དུ་གྲགས་པ་དང་གང་དེའི་གྲུབ་གནས་འོམ་ཕུག་ཅེས་པ། ཇོ་འབྲོམ་ལོ་གསུམ་ཡབ་སྲས་གསུམ་གྱི་གདུང་རྟེན་མཆོད་རྟེན་གསུམ་སྒྲིག རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེ་དང་གསང་བདག་རས་ཆུང་རྡོ་རྗེ་གྲགས་པ་མཇལ་བའི་བསྟི་གནས་ར་ལའི་ཟ་འོག་ཕུག སྔོན་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཁ་ནོན་དུ་གཤེགས་པའི་ཚེ་བོད་ཀྱི་རྗེ་འབངས་རྣམས་ཀྱི་ཕེབས་སྐྱེལ་དང་བཅས་ནམ་མཁའི་ལམ་ལས་གཤེགས་པའི་གུང་ཐང་ལ་ཐོག་སོགས་སྔོན་དུས་གྲགས་ཆེ་བའི་གནས་མཆོག་བརྗོད་ལས་འདས་ཤིང་། འོར་མ་ནུབ་ཀྱི་ཕུར། གྲུབ་ཐོབ་ཞོལ་ཆེན་པ་དང་། བོ་དོང་ཐམས་ཅད་མཁྱེན་པ་འཇིགས་མེད་གྲགས་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྣལ་འབྱོར་མས་ཞལ་གཟིགས་ཏེ་གནང་བ་སྩལ་བ་ལྟར་བསྟན་བཅོས་དེ་ཉིད་འདུས་ཆེན་པོ་ཏི་བརྒྱ་ཕྲག་ཐོག་མར་དབུ་བརྩམས་པའི་གནས་སྨན་མཐོང་ཞོལ་ཕུག མང་ཡུལ་གུང་ཐང་ཞེས་སྟོད་སྨད་ཙམ་ལས་གཞན་གུང་ཐང་ཡང་མང་ཡུལ་གྱི་ཁོངས་སུ་གཏོགས་པས། སྤྱིར་གུང་ཐང་ནི་ཡུལ་སྤྱིའི་མིང་ཡིན་པར་གྲགས་ལ། རྫོང་དཀར་ནི་བོད་བཙན་པོའི་གདུང་རྒྱུད་རིམ་པར་གནས་ཆགས་ཤིང་བྱིན་གྱིས་བརླབས་ཏེ་ཕོ་བྲང་བཏབ་པར་ཁྱུང་རྫོང་དཀར་པོར་བཏགས་པས་རྫོང་དཀར་དང་། མི་ལའི་གནས་སྐྱང་བན་ནམ་མཁའ་རྫོང་སོགས་ཇོ་བོ་རྗེས་ཆོས་འདུལ་པ་ནས་བཤད་པའི་མཚམས་པོ་ཆེ་བཅད་པའི་གནས་མཚམས་ཞེས་ཡིག་ལམ་འགའ་ཤས་སུ་འཁོད་པ་ཙམ་ལས། དོན་དམ་ཐོག་དེ་ནི་བོད་རོང་གི་ས་མཚམས་སོ་སོར་ངོས་འཛིན་པའི་དབྱེ་མཚམས་ཡིན་ཚུལ་བོད་དུ་བསྟན་པ་སྔ་དར་གྱི་སྐབས་ནས་མཚམས་སུ་གྲགས་པར་བཞེད་ཅིང་འདུག་པས། ད་རེས་མང་ཡུལ་སྐྱིད་རོང་བསྐོར་བའི་དྲན་འཆར་རབ་རིབ་ཀྱང་རྟོག་བཟོ་འཆར་ཡན་གྱི་གཡའ་མེད་པར་ལོ་རྒྱུས་རྣལ་མའི་དཔེ་གསེང་དུ་མནལ་ལ་གཟིམས་པའི་ཁུངས་ལུང་རྒྱུ་མཚན་ཆ་བསྡུ་ཡ་བསྡུ་བྱེད་མཚམས་བཞག་ནས་ས་ཡུལ་དངོས་སུ་གོམ་བགྲོད་ཀྱི་འདེགས་འཇོག་བསྒྱུར་འགོ་ཚུགས། 

གཉིས།

  མང་ཡུལ་སྐྱིད་རོང་ཁུལ་དུ་ཡུལ་སྐོར་ལྗོངས་རྒྱུར་སྐྱོད་པའི་དུས་ཚོད་ཆེས་ཡག་ཤོས་ནི། རི་ཀླུང་གང་སར་སྟག་མའི་མེ་ཏོག་ལ་སོགས་རྣམ་པར་བཞད་པའི་སྤྱི་ཟླ་དྲུག་པའི་ཟླ་འགོའི་གཡས་གཡོན་ཙམ་ལ་ཡིན་མོད། ལས་ཞོར་དུ་རྩོམ་རིག་གསར་རྩོམ་ལ་དགའ་ཞེན་ཡོད་མཁན་ཆེས་མང་ཆེ་བ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་ཁག་གི་ལས་གནས་ཐོག་ཡོད་མུས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས། སློབ་གྲྭ་ཁག་གི་དབྱར་དུས་གུང་གསེང་གི་དུས་སྐབས་དང་བསྟུན་ཏེ་སོ་སོའི་འགན་འབབ་ལས་ཀར་འཐུས་ཤོར་མེད་པར་ད་རེས་ཆེད་མངགས་སྒྲིག་འཛུགས་ཀྱིས་རྩོམ་རྒྱུ་འཚོལ་བའི་བྱེད་སྒོ་སྤེལ་བ་ནི། གཞིས་རྩེ་གྲོང་ཁྱེར་གྱི་རྩོམ་རིག་གསར་རྩོམ་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁ་ཐོག་དང་ཡིག་ཐོག་ཙམ་མ་ཡིན་པར་དོན་དམ་གྱི་བྱ་སྤྱོད་ལོ་རྒྱུས་ཐོག་གི་ཤོག་ལེ་གཉིས་པ་ཡིན་པས། བྱེད་སྒོའི་ནང་ཞུགས་མཁན་རང་རང་སོ་སོའི་མྱོང་རོལ་དང་དམ་དུ་སྦྲེལ་ནས་ས་ཡུལ་དངོས་ཀྱི་སྣོད་བཅུད་ལས་འཆར་ཡན་དང་ཚོར་འདུ་འདྲ་མིན་སྣ་ཚོགས་ཡོང་རྒྱུ་ཡིན་པ་སྨྲོས་ཅི།

བོད་ཡུལ་གྱི་གནའ་བོའི་མཁར་གྲོང་ཨང་གཉིས་པའི་བ་དན་གཡོ་བའི་གཞིས་ཀ་བསམ་གྲུབ་རྩེ་ནས་ཁ་ནུབ་ལ་ཕྱོགས་ཏེ། མིག་འཁྲུག་ཙམ་ལ་དེ་ཙམ་མཐོ་བོ་མ་ཡིན་པའི་སྟག་ལའི་ལ་མོ་བརྒལ་བ་དེའི་རྒྱུད་དུ་ལ་སྟོད་ཆུ་མིག་ཅེས་པ་དང་བཅས་ལོ་རྒྱུས་ཀྱི་ཡུལ་སྤྱིའི་མིང་དུ་གཙང་ལ་སྟོད་ཅེས་པའི་ས་སྣེ་ཟིན་པ་མ་ཟད། གནའ་དུས་ལོ་རྒྱུས་ཐོག་ཕྱི་དགྲ་འགོག་པར་རྡོག་ཐོན་བྱེད་པའི་ཁྲོད་གཙང་སྟོད་ཕྱོགས་ཀྱི་དྲག་པོའི་གཡུལ་གྱི་དཔུང་སྡེ་ཡུལ་ཕྱོགས་བཞིན་རུའམ་གྲལ་བསྟར་སྒྲིག་པའི་ནང་གསེས་གྲལ་གཞུག་དང་། གྲལ་གུང་། གྲལ་འགོ་ཞེས་རྣམ་པར་དབྱེ་བའི་མཇུག་ཤོས་སུ་འདྲེན་པའི་ངོས་ནས་གྲལ་གཞུག་གི་ཡུལ་རྒྱུད་ཡིན་པར་གྲགས་མོད། བར་སྐབས་ལོ་རྒྱུས་ཀྱི་རླུང་ནག་མཁའ་ལ་གཡོ་བའི་ཁྲོད་ནས་ཡུལ་མིང་ཡིག་ལམ་དུ་འགོད་པའི་གོ་རིམ་ནང་གནས་ལུགས་རྒྱུ་མཚན་ཁུངས་འདེད་མཐའ་བཙན་མེད་པར། ཁ་སྐད་ཀྱི་སྒྲ་ཟུར་ལ་རྟོག་བཟོ་དང་འཆར་ཡན་སྣ་ཚོགས་ཀྱི་སྒོ་ནས་མ་དག་རྒྱུན་འབྱམས་སུ་གྱུར་དང་འགྱུར་བཞིན་པའི་གཙང་ཁུལ་གྱི་ཡོངས་ཁྱབ་སྣང་ཚུལ་ཇི་བཞིན་དམངས་ཀྱི་ཁ་རྒྱུན་གྲལ་གཞུག་རང་འཇགས་ཡིན་བཞིན་དུ་བྲག་མཇུག་དང་། ད་ལྟ་ལྷ་རྩེ་རྫོང་གནས་ཡུལ་ཆུ་ཤར་གྱི་ནུབ་འདབས་སུ་ཡོད་པའི་གནའ་བོའི་གཙང་སྟོད་ཀྱི་དམག་སྡེའི་རུའམ་གྲལ་གྱི་དཀྱིལ་རྒྱུད་དེ་གྲལ་གུང་ལ་གྲའུ་ཞེས་པའི་ཁ་སྐད་ཇི་བཞིན་བོད་ཡིག་གི་ལམ་བྱང་ངམ་སྒོ་བྱང་སོགས་ལོང་བས་ལྐུགས་པར་ལམ་སྟོན་ལྟ་བུ་མང་དག་བརྒྱུད་ཅིང་། དེ་ནས་ཁ་ལྷོ་ནུབ་ཏུ་ཕྱོགས་ཏེ་བན་བོན་དབྱེར་མེད་གྲགས་པའི་རྔ་ཆེན་ལྡིར་བའི་གནས་ཆེན་རྒྱལ་གྱི་ཤྲིའམ་རྩིབས་རི་སོགས་རྟ་ཐོག་ནས་མེ་ཏོག་ལ་ལྟ་བའི་རྒྱའི་ངག་རྒྱུན་ལྟར་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་ཐོག་འཁོར་སྐྱོད་ཀྱིས་ཆུ་ཁྲི་རི་སྟོང་གིས་ཆོད་པའི་ཡུལ་གྲུའི་བར་ཡུད་ཀྱིས་བགྲོད་ཐུབ་པའི་ངོ་མཚར་ནི། ལོ་རྒྱུས་ཐོག་ད་ལྟའི་བརྗོད་རྒྱུན་ལྟར་ན་རྒྱུད་གཅིག་ལམ་གཅིག་གི་དམིགས་བསལ་གནས་བབ་ཐོག་ནས་འཕགས་བོད་ཤེས་རིག་སྤེལ་རེས་ཐད་མཛད་པའི་འོད་སྣང་འབར་བའི་མཁས་གྲུབ་ལོ་པཎ་བྱིངས་ལྟ་ཅི། དུས་གསུམ་རྗེན་པར་གཟིགས་པའི་དག་སྣང་མངའ་བའི་སྐྱེས་ཆེན་དམ་པ་རེ་ཟུང་གི་ཐུགས་སྣང་དུའང་འཆར་ཡོད་མིན་འཕྱང་མོ་ཉུག

ས་སྐྱ་གོང་མའི་དུས་ཀྱི་བོད་ཁྲི་སྐོར་བཅུ་གསུམ་གྱི་གྲས་ལ་སྟོད་ལྷོ་ཁྲི་སྐོར་གྱི་ནུབ་རྒྱུད་ལས་སྙེ་ནམ་ཐོང་ལ་ལྷོར་བཞག་པའི་བྱང་འདབས་ནས་ནུབ་ཏུ་ཁ་ཕྱོགས་མ་ཉིད་དུ། འབྲོག་སྡེ་ཆེན་པོ་སྤོང་རོང་རྩྭ་ཐང་གི་རྒྱུད་འདི་ཙམ་ནས་ལོ་རྒྱུས་ཐོག་བོད་བཙན་པོའི་གདུང་རྒྱུད་མང་ཡུལ་རྒྱལ་རབས་ཀྱི་མངའ་ཁོངས་ས་སྣེ་ཟིན་པར་གྲགས་ཤིང་། བཤད་སྲོལ་ལ་སློབ་དཔོན་པངྨ་འབྱུང་གནས་མཆོག་གིས་། དཔལ་མོ་ཐང་གི་དཔལ་ཐང་དུ།བསྟན་མ་བཅུ་གཉིས་དམ་ལ་བཏགས། །བོད་ཡུལ་ཁ་ལའི་ལ་ཐོག་ཏུ། །གངས་དཀར་ཤ་མེད་དམ་ལ་བཏགས། །ཞེས་པ་སོགས་ཀྱི་དཔལ་མོ་ཐང་ནི་འདིའི་རྒྱུད་ཡིན་པ་མ་ཟད། འདི་གར་ཡོད་པའི་མཚོ་འདིའི་མིང་ལ་ད་ལྟའི་བར་དཔལ་ཁུད་མཚོ་ཞེས་བརྗོད་ཀྱིན་ཡོད་པས། བསྟན་མ་བཅུ་གཉིས་དམ་འདོགས་མཛད་སྐབས། བོད་ཀྱི་ཡུལ་ཁམས་སྐྱོང་བའི་སྲུང་མར་བསྐོས་པའི་ནང་ཚན་ལྷ་མོ་གངས་དཀར་ཤ་མེད་མས་ཐོག་མར་སློབ་དཔོན་ལ་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་གནོད་འཚེ་བྱེད་པར་འོང་བ་སློབ་དཔོན་གྱིས་བཏུལ་སྐབས་ལྷ་མོ་དེ་མཚོའི་ནང་དུ་བྲོས་ཤིང་། སློབ་དཔོན་གྱིས་མཚོ་ལ་དམིགས་པ་མཛད་པས་མཚོ་ཁོལ་ནས་ལྷ་མོའི་ལུས་ལ་ཤ་མེད་པའི་ཀེང་རུས་གཟུགས་ཅན་ཞིག་ཏུ་གྱུར་ནས་བྲོས་ཕྱིན་པ་དང༌། ཕྱི་མིག་ཅིག་བལྟས་པ་དང་སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་འཕངས་པས་མིག་ཡ་གཅིག་ཞར་ནས་མིག་གཅིག་ལས་མེད་པར་གྱུར་ཏེ་སློབ་དཔོན་ལ་བཟོད་པར་གསོལ་བས་དམ་ལ་བཏགས། དབང་བསྐུར་བའི་གསང་མཚན་ལ་རྡོ་རྗེ་སྤྱན་གཅིག་མ་ཞེས་གསོལ་བ་ཤངས་ཀྱི་ལྷ་བུ་གངས་དཀར་ཞེས་འབོད་པའི་རི་ལ་གནས་པའི་ཆ་ནས་གངས་རི་དེ་དང་ལྷ་མོའི་མིང་བསྡོམས་ཏེ་ཇོ་མོ་གངས་དཀར་ཤ་མེད་ཅེས་གྲགས་པ་དང་། དཔལ་ལྡན་ཨ་ཏི་ཤ་མཆོག་མང་ཡུལ་ནས་དབུས་གཙང་ལ་ཕེབས་ལམ་དཔལ་ཁུད་ཐང་འདིར་མར་པ་ལོ་ཙཱ་བ་རྒྱ་གར་ལ་རྟིང་མ་ཕེབས་པ་དང་མཇལ་བས། མར་པས་བླ་མ་མཇལ་ཐོག་ལ་ཆོས་ཞུ་བའི་གཏམ་དཔེ་ཇི་བཞིན་ཇོ་བོའི་ཞབས་སྤྱི་བོར་བླངས་ཏེ་འདི་གར་བཀའ་ཆོས་ཞུས་ཤིང་། ཇོ་བོས་ངའི་ལོ་ཙཱ་ལ་འགྲོ་གསུངས་པར། ད་རེས་ཅིས་ཀྱང་རྒྱ་གར་དུ་ཕྱིན་ཆོག་པ་དགོས་སླར་མཇལ་ཆོག་པ་ཞུ་ཞེས་ཞུས། དེ་བཞིན་རྫེ་བཙུན་མི་ལ་རས་པ་བྲག་སྐྱ་རྡོ་རྗེ་རྫོང་ན་གསུང་བཅད་ནས་བཞུགས་པའི་ཚེ། དཔལ་ཐང་མཚོ་ཡི་ཤར་དུ་བྱོན་དགོས་པའི་མཁའ་འགྲོའི་ལུང་བསྟན་ཐོབ་ཅིང་། མ་མོ་འདུལ་བའི་རྒྱུད་གཟིགས་པའི་གནས་སྦས་ཕུག་མ་མོ་རྫོང་དང་། སྟག་མོ་ཁ་འཐབ་ཀྱི་རྒྱུད་གཟིགས་ས་སྟག་ཕུག་སེང་གེ་རྫོང། རྟ་མཆོག་རོལ་པ་ཞལ་གཟིགས་པའི་གནས་ཁྲོ་རྒྱལ་རྡོ་རྗེ་རྫོང་།  པདྨ་དབང་ཆེན་གྱི་ཞལ་གཟིགས་ཐོབ་པའི་གནས་ལ་ཕུག་པདྨ་རྫོང་།     ཀླུ་བདུད་ནག་པོ་དམ་ལ་བཏགས་གནས་གླང་མགོ་ཀླུ་བདུད་རྫོང་དང་རྒྱ་བྲག་ནམ་མཁའ་རྫོང་དང་བཅས་པའི་རྗེ་བཙུན་མི་ལའི་གསང་བའི་རྫོང་དྲུག་ཅེས་པ་སྤོང་རོང་ཐང་གི་རྒྱུད་འདིར་བྱུང་བར་གྲགས་པ་མ་ཟད། མི་རབས་གོང་མའི་ས་ཡུལ་དངོས་ཀྱི་ངག་རྒྱུན་ཤོད་སྲོལ་གྱིས་རབ་ཏུ་ཕྱུག་ཅིང་། ད་ལྟའི་དུས་སུའང་རྗེ་བཙུན་ཆེན་པོའི་ཞབས་རྗེས་དང་བཅས་པའི་གནའ་ཤུལ་བྱིན་ཅན་ངོས་འཛིན་རྒྱུ་ཡོད་པ་གོ་ཐོས་སུ་གྱུར། གཞན་ཡང་དཔལ་ཁུད་མཚོའི་བྱང་ཤར་ཙམ་དུ་བོན་ཀྱི་བྲུ་ཞུ་སྤ་རྨེའུ་སོགས་རུས་རྒྱུད་ལས་གྲུབ་ཐོབ་སྤ་ཡི་རྒྱུད་པ་སྟེ། གཤེན་ཆེན་ཀླུ་དགའི་སློབ་རྒྱུད་ལས་བོན་བསྟན་ཕྱི་དར་ལོ་རྒྱུས་ཁྲོད་གནས་བབ་ངེས་ཅན་ལྡན་པའི་སྤ་ལ་ཕུག་བདེ་ཆེན་དགོན་ཞེས་པ་ནི། སྤ་ཡི་རྒྱུད་པ་རྣམས་ཀྱིས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གནས་ཡིན་ལ། སྤ་ཡི་གདུང་རྒྱུད་དུ་བཟང་པོ་ཐོབ་པའི་བླ་མ་བཅུ་གསུམ་སོགས་བྱོན་པར་གྲགས་ཤིང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གང་རུང་གིས་རང་ས་རང་ཡུལ་དུ་གཏན་གནས་མ་ཐུབ་པར་ད་ལྟའི་ནག་ཆུ་གྲོང་ཁྱེར་ཁོངས་སྦྲ་ཆེན་རྫོང་ཁུལ་དུ་གནས་སྤོ་བྱས་ཏེ་བོན་བསྟན་སྤེལ་དང་འཕེལ་བའི་སྐོར་སོགས་གཏིང་མཐའ་བྲལ་བའི་ལོ་རྒྱུས་ཀྱི་མཚོ་འཇིངས་སུ་འཛུལ་བའི་བློ་གྲོས་སྐྱལ་རྩལ་གོ་སྐལ་དུ་མ་ཐོབ་པས། དཔལ་ཁུད་མཚོའི་ལྷོ་ནུབ་ནས་ཡར་འཛེགས་ན་ད་གཟོད་མང་ཡུལ་གུང་ཐང་ལ་ཞེས་བསྟན་པ་སྔ་དར་དུས་ནས་སློབ་དཔོན་པདྨའི་བཀའ་ཐང་ཁག་དང་བཅས་པའི་ནང་མང་དུ་གསལ་བ་མ་ཟད། བོད་ཡུལ་གྱི་མཛད་པ་བསྐྱངས་གྲུབ་ནས་ཕྱིར་ལོག་གམ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་ལམ་བོད་ཀྱི་རྗེ་འབངས་འཁོར་མང་པོས་གུང་ཐང་ལ་ཐོག་བར་ཕེབས་སྐྱེལ་ཞུ་གནས་སུ་འབྱོར་བ་ཡིན་ལ། བོད་ཡུལ་ནས་ཞལ་གྱེས་ཞུ་ཁར་ལ་རྩེ་འདི་གར་ལྷ་སྲས་མུ་ཁྲི་བཙན་པོ་དང་བཅས་པར་མ་འོངས་ལུང་བསྟན་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་གནང་མཛད་པར་་གྲགས།

གུང་ཐང་ལ་རྩེ་ནས་སློབ་དཔོན་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འཕུར་ནས་སྤྲིན་རུམ་དུ་བྱོན་པའི་ཡོངས་གྲགས་བརྗོད་རྒྱུན་སོགས་ལ་དངོས་གཙོའི་རིག་ལམ་ཐོག་ནས་ལྷ་སྒྲུང་ལྟ་བུའི་རྟོག་བཟོའི་སྣང་ཚུལ་མངོན་མོད། ལ་གཤམ་གྱི་བོད་བཙན་པོའི་གདུང་རྒྱུད་སྟོད་ཁུལ་དུ་གནས་ཆགས་ཡུལ་གནའ་མཁར་རྫོང་དཀར་གྱི་ལྷོ་ཕྱོགས་སུ་འགྱིངས་ངེར་གནས་པའི་སྐུ་ལྷ་གངས་རིའི་སྐོར་གྱི་ངག་རྒྱུན་རབ་རིབ་ཁྲོད་ནས་ཀྱང་བསམ་གཞིགས་ཅུང་ཟད་བྱེད་རྒྱུ་ཡོད་དེ་ངག་རྒྱུན་དུ། ཆེད་གདོད་མའི་དུས་སུ་ད་ལྟའི་རྫོང་དཀར་དང་བཅས་པའི་གུང་ཐང་ལའི་རྒྱབ་འདིའི་རྒྱུད་ཡོངས་རྫོགས་ཤིང་ནགས་ཀྱི་ཚང་ཚིང་སྟུག་པོས་ཁེངས་ཡོད་ཅིང་། ཤིང་ནགས་དེ་དག་སྐུ་ལྷ་གངས་རིར་རོང་ནས་ཇོ་མོ་ཤིག་ཡོང་བའི་སྟེར་གོ་ཡིན་པ་དང་། ཇོ་མོ་དེར་སྲས་ཤིག་འཁྲུངས་པས། སྐུ་ལྷས་ཇོ་མོར་སེམས་ཅན་གྱི་ཤ་བཟས་རྗེས་རུས་ཀྱི་རྐང་མར་དེ་སྲས་ལ་སྟེར་ཞེས་སྤྲད་པར། ཇོ་མོས་རྐང་མར་དེ་རང་གི་བཟས་ཏེ། མ་བཟས་བུ་ལ་ཡོང་གི་རེད་ཅེས་བརྗོད། སྐུ་ལྷ་གངས་རི་རྐང་མར་དེ་མིག་གི་མཐོང་སར་སྲས་ལ་མ་སྤྲད་པར་ཐུགས་ཁྲོས་ནས། དེ་མར་མ་བཟས་བུ་ལ་ཡོང་མིན་ལྟ་བ་ཡིན་ཞེས་ཇོ་མོའི་ནུ་མ་བྲེག་པས། རྐང་མར་དེ་ནུ་མའི་ནང་ནས་ཐོན་པ་དང་། ཇོ་མོ་དེ་ནུ་མ་བྲེག་པར་ཐུགས་ཁྲོས་ནས་རང་གི་སྟེར་གོ་ཤིང་ནགས་ཚང་མ་རོང་ལ་རང་འཇགས་ཕྱིར་སློག་ཅིང་། ད་ལྟ་སྐུ་ལྷ་གངས་ཀྱི་གཤམ་འོག་སོགས་ལ་ཤིང་ནགས་ཐར་ཐོར་ཡོད་པ་ནི་ཇོ་མོས་སྲས་ཀྱི་གོ་སྐལ་དུ་བཞག་པ་ཡིན་ཚུལ་དང་། ད་དུང་གངས་རི་འདིའི་ཁྲོད་ནས་ཇོ་མོ་ཞལ་ཤར་ལྷོར་ཕྱོགས་པ་དང་སྲས་སོགས་ངོས་འཛིན་རྒྱུ་ཡོད་པས། སློབ་དཔོན་རིན་པོ་ཆེ་གུང་ཐང་ལ་ཐོག་ནས་ལ་རྒྱབ་ཀྱི་ཤིང་ནགས་སྟུག་པོའི་ཁྲོད་ལྡངས་ཡོང་བའི་སྨུག་སྤྲིན་ཡུག་ཅིག་ཏུ་འདྲེས་པའི་ཁྲོད་གཤེགས་ཏེ་རིམ་པས་མི་མངོན་པར་གྱུར་ཚུལ་ལྟ་བུར་སྒྲོ་འདོགས་བྱས་པར་ཐལ་དྲགས་པའི་འཁང་ར་བྱེད་དགོས་དོན་མེད་ཅིང་། ལ་གཤམ་འབབས་མ་་ཐག་པའི་མང་ཡུལ་རྒྱལ་རབས་ཆགས་གནས་རྫོང་དཀར་དང་ཉེ་བའི་འདབས་སུ་སྤྱི་ལོའི་དུས་རབས་བདུན་པའི་ནང་ཐང་རྒྱལ་རབས་ཀྱི་ནུབ་སྐྱོད་ཕོ་ཉ་ཝང་ཞོན་ཚ་ཞེས་པས་བརྐོས་པའི་ཨ་བ་རྒྱ་ཡིག་ཅེས་པའི་བྲག་བརྐོས་ཡི་གེའི་གནའ་ཤུལ་དང་། ཡང་སྒོས་སུ་གླང་དར་མ་འུ་དུམ་བཙན་བཀྲོངས་ཏེ་བོད་བཙན་པོའི་མངའ་ཐང་སྣུམ་ཟད་མར་མེའི་ངང་ཚུལ་ལས་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཞེས་པའི་གླང་དར་གྱི་ཚ་བོ་མངའ་བདག་དཔལ་འཁོར་བཙན་གྱི་སྲས་སྐྱིད་སྡེ་ཉི་མ་མགོན་གྱི་སྲས་སྟོད་ཀྱི་མགོན་གསུམ་ནང་གི་ཆེ་བ་རིག་པ་མགོན་གྱིས་མང་ཡུལ་བཟུང་བའམ། དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་ལྡེ་གསུམ་ལས་དཔལ་ལྡེའི་རྒྱུད་སྔོན་པོ་ཚོན་པོར་ཐུག་སྟེ་ཁབ་གུང་ཐང་པ་ཞེས་པ་སོགས་གང་ལྟར་བོད་བཙན་པོའི་མངའ་ཐང་སྲན་ཕུང་ལ་རྡོ་འཕངས་པ་བཞིན་སིལ་བུར་ཐོར་བའི་དུས་སུ་མངའ་རིས་སྨད་ཀྱི་མང་ཡུལ་གུང་ཐང་ཁྱུང་རྫོང་དཀར་པོ་སྟེ། བོད་བཙན་པོའི་གདུང་རྒྱུད་ལས་གུང་ཐང་རྒྱལ་རབས་ཞེས་པ་རིམ་པར་ཆགས་མྱོང་བའི་མཁར་ཤུལ་དང་། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་གུང་ཐང་གི་རྒྱལ་པོ་འབུམ་ལྡེ་མགོན་གྱི་དུས་སུ་བཞེངས་པའི་སྐུ་གསུང་ཐུགས་རྟེན་ངོ་མཚར་འབུམ་གྱིས་ཕྱུག་ཅིང་ཀ་བ་དྲུག་ཅུ་ཅན་གྱི་གུང་ཐང་ངམ་རྫོང་དཀར་ཆོས་སྡེར་གྲགས་པའི་གཙུག་ལག་ཁང་དང་། སྒྲོལ་མ་ལྷ་ཁང་ལ་སོགས་ལོ་རྒྱུས་ཀྱི་གཏིང་མཐའ་བྲལ་བ་ཡིག་ཐོག་ཏུ་ཐར་ཐོར་མ་ཡིན་པ་མཐོང་རྒྱུ་ཡོད་པར་ད་ལྟའི་ཆར་སྟོན་མཇུག་གི་མེ་ཏོག་དང་སྣུམ་ཟད་ཀྱི་མར་མེའི་ངང་ཚུལ་དུ་གྱུར་དང་འགྱུར་བཞིན་པའི་དམངས་ཁྲོད་ངག་རྒྱུན་ཤོད་སྲོལ་དང་སྦྲགས་ནས། ས་ཡུལ་དངོས་ཀྱི་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་གབ་བསྡུར་ངེས་ཤེས་འཚོལ་རྒྱུ་མཐའ་ཡས་པ་སོགས་ནི་རྒྱབ་ཏུ་གླ་བླངས་མདུན་དུ་ལྟོ་ཟས་ནས་དོན་དེ་ལ་མངགས་པའི་ཕོ་ཉར་འགྱིངས་པའི་ཆེད་ལས་མཁས་པའི་ཚོགས་ཀྱི་གོ་སྐལ་ཡིན་པས། ཡིག་ཚོགས་ལ་འཇིགས་པ་ཙམ་མ་ཟད། ཁ་དཀར་རྐྱང་གི་ཕ་སར་ཅོག་རོང་བུང་བུའི་རྨིག་པས་དྲད་དྲད་གཏོང་བར་ག་ལ་སྤོབས། 

གསུམ།

ལར་མང་ཡུལ་གུང་ཐང་གི་དམངས་ཁྲོད་མེས་པོའི་ངག་རྒྱུན་གཞན་དག་ཅིག་ལ། ད་ལྟའི་སྐྱིད་རོང་རྗོང་མི་དམངས་སྲིད་གཞུང་གནས་ཡུལ་གྱི་རྫོང་དཀར་རྒྱུད་ནི་གནའ་སྔ་མོའི་དུས་སུ་མཚོ་ཡིན་པ་དང་། དུས་ནམ་ཞིག་ན་མཚོ་བརྡོལ་བ་སྟེ་གཙང་སྟོད་པའི་ཁ་སྐད་དུ་མཚོ་འོར་ནས་སྐམ་སར་གྱུར་ཏེ་ཡུལ་འདིའི་ཤར་ལྷོའི་ཆུ་རྒྱུད་དུ་འོར་མ་ཞེས་པའི་མཚོ་བརྡོལ་སའི་ཡུལ་མིང་ད་ལྟའང་རང་འཇགས་གནས་ཡོད་ཅིང་། རྫོང་དཀར་ནས་ཤར་ལྷོའི་ཕྱོགས་སྐྱིད་རོང་གཙང་པོའི་ཆུ་གར་རྒྱུག་གི་སར་གནའ་བོའི་བོད་དང་རྒྱ་བལ་གྱི་གཙོ་གནད་འགྲུལ་ལམ་གྱི་རྨང་གཞིར་དེང་རབས་ཅན་གྱི་སྣུམ་ནག་གཞུང་ལམ་བསྐྲུན་ཡོད་པ་ལས། སྔོན་དུས་དཔག་ཚད་གཅིག་ཅེས་འཁོད་པར་ད་ལྟའི་ཆར་སྤྱི་ལེ་སུམ་ཅུ་ལྷག་ཙམ་གྱི་སར་བོད་རོང་གཉིས་ཀྱི་ས་མཚམས་འབྱེད་པའི་མཚམས་ཞེས་པའི་བྱང་སྟོད་ཀྱི་ནུབ་རིའི་བྲག་ལྡེབས་ནས་བཀའ་བརྒྱུད་བསྟན་པའི་ཉིན་བྱེད་རྗེ་བཙུན་ཆེན་པོ་མི་ལ་རས་པ་མཆོག་གི་གྲུབ་གནས་གྲགས་ཅན་བྲག་དཀར་རྟ་སོ་མཇལ་གྱི་ཡོད།

བྲག་དཀར་རྟ་སོ་ཞེས་པ་ནི་བྲག་དཀར་པོ་རྟའི་སོ་འདྲ་བ་ཞིག་ཡོད་སྟབས་གནས་ཀྱི་མིང་དེ་ལྟར་ཐོགས་པར་གྲགས་མོད། རིན་པོ་ཆེ་འདྲ་མིན་སྣ་ཚོགས་དཀྱུས་སུ་སྤུངས་ནས་དགུང་སྔོན་དབྱིངས་སུ་སྙེགས་པར་ལྷུན་གྱིས་གྲུབ་པ་ལྟ་བུའི་བྲག་རིའི་ངོས་ལས་རྒྱུས་ཡོད་རྒྱུས་གཏམ་གྱི་ངོ་སྤྲོད་མཚམས་སྦྱོར་མེད་པར་དག་སྣང་བྲལ་བའི་སྐྱེ་བོ་ཕལ་བའི་ཐོག་ནས་ངེས་ཤེས་རྙེད་ཐབས་བྲལ་ཤིང་། འཁོར་ལམ་ནས་ཨར་འདམ་གྱི་ཟམ་པ་བརྒྱུད་དེ་དེང་རབས་ཅན་གྱི་རྣམ་པ་གསར་པར་རློམ་པའི་ཉེ་ལམ་ལོ་ཤས་རིང་ཨར་འདམ་ལས་གྲྭའི་རླུང་ཡན་མཁའ་ལ་འཕྱོ་བ་ལས་གྲུབ་པའི་སྐས་འཛེག་གི་ཕྲེང་བར་འཁྱུད་ནས་སྤྱིར་ན་ཆུ་ཚོད་གཅིག་ཀྱང་མི་འགོར་བར་ནུབ་རིའི་རི་སྐེད་ཀྱི་གནས་ཡུལ་དངོས་སུ་འབྱོར་ཐུབ་ན་ཡང་། མི་ལོ་སྟོང་ཕྲག་ལ་ཉེ་བའི་གོང་རོལ་དུ་དཔལ་གྲུབ་པའི་དབང་ཕྱུག་ཆེན་པོའི་དབེན་པའི་གནས་སུ་དཀའ་ཐུབ་ཀྱི་རྒྱལ་མཚན་དགུང་དུ་འདེགས་པའི་ངོ་མཚར་མཛད་པ་དག་འཆར་ཡན་བསམ་ཚོད་ཁོ་ནར་བློ་གཏད་བཅོལ་རྒྱུ་ཙམ་ལས། རང་ཉིད་ངོ་མའི་མིག་མཐོང་ལག་ཟིན་གྱི་མྱོང་རོལ་དངོས་ལས་ངེས་ཤེས་མཐའ་བཙན་རྙེད་ཐབས་ཕར་བཞག་ནས་གནའ་ཤུལ་དེང་རབས་ཅན་ལ་ཕྱོགས་པའི་རྣམ་པ་གསར་པར་ངོ་དགའ་སྤྲེལ་ལད་ཙམ་ལས་མ་འདས་པས། གནའ་ཤུལ་དང་རིག་དངོས་ཤིག་གི་ངོས་ནས་ལོ་རྒྱུས་རྣལ་མའི་དོན་དངོས་ཇི་མ་ཇི་བཞིན་ཕྱི་རབས་པར་མིག་མཐོང་ལག་ཟིན་གྱི་མྱོང་རོལ་ཐོབ་བྱེད་དུ་རང་འཇགས་བཅོས་ལྷད་མེད་པར་སྲུང་སྐྱོབ་མཐའ་བཙན་བྱེད་རྒྱུ་ནི་གང་དེའི་ལོ་རྒྱུས་ཀྱི་རིན་ཐང་མཚོན་བྱེད་ཅིག་ཡིན་པ་ལས། ད་ལྟའི་དུས་རབས་ཀྱི་སྔོན་ཐོན་ལག་རྩལ་དང་རྒྱུ་ཆར་བརྟེན་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་ལ་སྲུང་སྐྱོང་ཡིན་ཁུལ་གྱིས་མཛེས་བཟོ་རྒྱས་སྤྲོས་སུ་བསྒྱུར་དང་སྒྱུར་བཞིན་པའི་ཡོངས་ཁྱབ་རང་བཞིན་གྱི་སྣང་ཚུལ་ནི་ཡང་རྩེའི་སྒང་ལ་ཡས་སྒྲོན་ཕར་བཞག་ནས། སྤོ་བོར་བུ་ཚའི་རྣམ་ཐར་དང་། ནས་ལ་སྦང་མའི་ཁ་བཏགས་ཀྱི་དཔེ་བཞིན་དོན་དམ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལོ་རྒྱུས་ཀྱི་ཤུལ་བཞག་མིང་གི་ལྷག་མར་ཕྱོགས་པའི་སྔ་ལྟས་ཙམ་ལས་མ་འདས། 

གྲུབ་པའི་གནས་ཆེན་བྲག་དཀར་རྟ་སོའི་གནས་དང་གདན་རབས་བླ་མ་བརྒྱུད་པའི་སྐོར་བརྗོད་པའི་དཔེ་རྙིང་ནང་། རྗེ་བཙུན་ཆེན་པོ་གང་ཉིད་ནས་རྗེ་བཙུན་རས་ཆུང་པ་དང་། གྲུབ་ཐོབ་གླིང་རས་པ། རྗེ་གཙང་པ་རྒྱ་རས། རྒྱལ་བ་རྒོད་ཚང་པ། གྲུབ་ཐོབ་ཨོ་རྒྱན་པ། སྤྱན་སྔ་འབྲི་ཁུང་གླིང་པ། ཞྭ་དམར་གྲགས་སེང་རྣམས་ཀྱིས་བྱོན་ཚུལ་འདུག་མོད། རྣམ་ཐར་སོ་སོའི་ནང་དུ་ངེས་གསལ་མ་མཇལ་ཤིང་། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་བྱོན་པ་ནི་ངེས་པ་ཅན་དང་། རྗེ་སྒམ་པོ་པའི་བུ་ཆེན་བླ་མ་ཀློང་རྩེ་པ་ཆེན་པོ་ཞེས་ཁྲོ་ཕུ་ལོ་ཙཱ་བའི་བླ་མར་གྱུར་བ་དེ་དང་། འབྲི་ཁུང་སྐྱོབ་པ་རིན་པོ་ཆེའི་སློབ་མ་རྡོར་འཛིན་གཡག་རུ་དཔལ་གྲགས། རེ་མདའ་བ་ཆེན་པོ་གཞོན་ནུ་བློ་གྲོས། གྲུབ་ཐོབ་རྒྱལ་མཚན་འབུམ་སོགས་མཁས་གྲུབ་མང་པོ་བྱོན་ཅིང་བཞུགས། ཞེས་དང་། གྲུབ་ཐོབ་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱལ་མཚན་མཆོག་གནས་འདིར་ཟླ་བ་གཅིག་ཙམ་བཞུགས་ཤིང་། དབུས་སྨྱོན་ཧེ་རུ་ཀ་ཆེན་པོ་ཀུན་དགའ་བཟང་པོ་ལོ་མང་སྒྲུབ་པར་བཞུགས་ཏེ་ཉམས་རྟོགས་ངོ་མཚར་དཔག་མེད་འཁྲུངས་པའི་སྐབས་ནི་བྲག་དཀར་རྟ་སོ་འདི་བཞིན་མདའི་གསུམ་མདོར་ལོ་རྒྱུས་ཐོག་ཆགས་མྱོང་བར་གྲགས་པའི་ཀློང་རྩེའི་བུ་དགོན་དུ་སྐྱོང་བཞིན་ཡོད་འདུག་ལ། གུང་ཐང་སྟོད་ཐང་པོ་ཆེར་ཁྲི་རྣམས་རྒྱལ་ལྡེའི་སྲས་སུ་སྐུ་འཁྲུངས་ཤིང་། པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་སློབ་མ་ཆོས་འཁོར་ལོ་ཙཱ་བ་མཉྫཱུ་ཤྲཱི་ཛྙཱ་ན་དང་། གྲུབ་ཐོབ་གཙང་སྨྱོན་པ། རྗེ་དགེ་འདུན་གྲུབ་པའི་དངོས་སློབ་པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཇི་སྙེད་ཀྱི་ཞབས་པད་སྤྱི་བོར་བསྟེན་ཏེ་ཉམས་རྟོག་ཁྱད་པར་ཅན་ཐུགས་ལ་སྨིན་ཅིང་། རྒྱལ་བ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་ལྷོ་བོད་ཀྱི་མཚམས་སུ་དགོན་གནས་ཐོབ་ལ་བཀའ་བརྒྱུད་ཀྱི་བསྟན་པ་ཟུངས་ཤིག ཅེས་གནས་ཆེན་བྲག་དཀར་རྟ་སོ་འཛིན་པར་ལུང་བསྟན་ཐོབ་པའི་རྗེ་ལྷ་བཙུན་པ་རིན་ཆེན་རྣམ་རྒྱལ་མཆོག་གིས་ཐོག་མར་གནས་འདིར་སྒྲུབ་པར་ལོ་དྲུག་ཙམ་བཞུགས་ཤིང་། དག་སྣང་ངོ་མཚར་ཅན་ཇི་སྙེད་ཅིག་ཐུགས་ལ་འཁྲུངས། དེ་གོང་ཁྱིམ་བླ་གབ་ཅན་མེད་པར་འདི་ནས་བཟུང་ལྷ་ཁང་སོགས་བཞེངས་ཤིང་སྒྲུབ་སྡེ་བཙུགས་པས། རྗེ་ལྷ་བཙུན་རིན་ཆེན་རྣམ་རྒྱལ་ནི་བྲག་དཀར་རྟ་སོའི་གདན་རབས་ཐོག་མ་ཡིན་པར་གྲགས་ལ། གང་ཉིད་ཀྱིས་གནས་འདིར་ཡང་དབེན་ལྷ་ཁང་དང་། ལྷ་ཁང་གོང་། པར་ཁང་སོགས་བཞེངས་གནང་མཛད་པ་དང་། དེའི་རྗེས་སུ་སྐྱིད་རོང་གནས་ནུབ་ལྷ་བར་བ་ཞེས་པར་ཁང་གི་རིགས་སུ་འཁྲུངས་པའི་གནས་པ་རབ་འབྱམས་པ་བྱམས་པ་ཕུན་ཚོགས་ལྷ་བཙུན་རྗེ་ཉིད་ཀྱིས་གདན་སར་མངའ་གསོལ་བའི་རྗེས་སུ་རྗེ་རིན་ཆེན་རྒྱ་མཚོ་ཞེས་པ་གདན་སར་བྱོན་ཅིང་། དེ་ནས་རྒོད་ཚང་རས་ཆེན་གྱི་སློབ་མ་ཆོས་རྗེ་འཛམ་གླིང་གྲགས་པ་མངའ་རིས་གོང་མས་གདན་སར་བསྐོས་པས། དེ་ནས་བཟུང་དབུས་ཡར་ཀླུང་རས་ཆུང་ཕུག་པ་ནས་བུ་དགོན་དུ་སྐྱོང་སྲོལ་བྱུང་ནས། རྗེ་གནས་རམ་པའི་སློབ་མ་ཆོས་རྗེ་གངས་རི་བའམ་དགེ་སློང་མགོན་པོ་ཚེ་བརྟན་ཞེས་པ་དང་། ཆོས་རྗེ་གླིང་ཁ་བ་དང་། ཕ་བདེ་ཆེན་མགོན་པོ། ཧེ་རུ་ཀ་པ། སྙན་བརྒྱུད་རས་ཆེན། དྲུང་པ་རིན་ཆེན་བསམ་གྲུབ་སོགས་རིམ་པར་གདན་སར་ཕེབས་ཤིང་། སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སུ་རྔོག་སྟོན་ཆོས་རྗེ་ཀརྨ་བློ་བཟང་མཆོག་གདན་སར་བཞུགས་སྐབས་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེས་གནས་འདིར་ཞབས་བཅགས་པ་སོགས་དར་རྒྱས་ངེས་ཅན་བྱུང་། དེ་རྗེས་བཀའ་ཆེན་སངས་རྒྱས་སྐྱབས་དང་། གཡུ་སྒྲ་སྙིང་པོའི་རྣམ་སྤྲུལ་རས་ཆེན་ཀརྨ་ཆོས་འཕེལ་གདན་སར་ཕེབས་དུས་དགེ་འདུན་པ་བཞི་བཅུ་ཙམ་ཡོད་ཅིང་། རྒྱལ་མཆོག་ལྔ་པ་ཆེན་པོའི་གྲུབ་གནས་ཀྱི་འཛིན་ཡིག་ཀྱང་ཐོབ་པ་དེའི་གོང་དུ་རས་ཆུང་སྙན་རྒྱུད་ལུགས་སྲོལ་ཁུང་དག་འཛིན་སྐྱོང་བྱེད་མུས་ནས། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་བར་ཆོ་ག་ཕྱག་ལེན་དང་བཅས་པའི་འཕོ་འགྱུར་དར་གུད་ཅི་རིགས་ཀྱི་ལོ་རྒྱུས་ཆུ་ཀླུང་རྒྱུན་ཆད་མེད་པར་ལང་ལོང་དུ་བཞུར་བར་གྲགས།

 བར་སྐབས་རང་རེའི་མེས་པོའི་རྒྱལ་ཁབ་ཀྱི་མཁའ་དབྱིངས་ཧྲིལ་པོར་དྲག་ཆར་རླུང་འཚུབ་ལང་ལོང་གཡོ་བའི་ལོ་བཅུའི་དུས་ཟིང་ནང་རྒྱལ་ཁམས་ཆུ་ཡིས་འཇིགས་ནས་རྡོ་ལེབ་སྐམ་པོར་གནས་མི་ཐུབ་པའི་དཔེ་ལྟར་ལུང་ཁུག་རི་ཁྲོད་ཀྱི་དབེན་གནས་འདི་ལྟ་བུ་ཡང་མིང་གི་ལྷག་མར་གྱུར་བའི་གོད་ཆག་བྱུང་བ་སྨོས་ཅི། བསྒྱུར་བཅོས་སྒོ་དབྱེའི་ལྷུག་གཏོང་སྲིད་ཇུས་ཀྱི་དཔྱིད་རླུང་དལ་པོས་ཕ་མེས་གོང་མའི་རིག་གནས་ཤུལ་བཞག་ས་བོན་ལས་རང་ཚུལ་མྱུ་གུ་རྒྱས་པའི་སྐལ་བཟང་རྫོགས་ལྡན་དུས་སྐབས་གསར་དུ་བསུས་པ་དང་སྦྲགས། ཡུལ་ཕྱོགས་འདིའི་རྒྱུད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་འདོད་འདུན་བཞིན་ཕལ་ཆེར་སྔོན་གྱི་རྩིག་པའི་རྨང་གཞིར་ཉམས་གསོ་བྱས་པ་འདྲ་བའི་འདུ་ཁང་སོགས་སུ་རྗེ་བཙུན་མི་ལ་མཆོག་གི་སྐུ་བརྙན་དང་བཅས་པའི་སྐུ་གསུང་ཐུགས་རྟེན་གྱི་ཚབ་མཚོན་མང་མིན་ཉུང་མིན་མཇལ་རྒྱུ་འདུག་པར། སྔོན་མའི་བྱིན་རླབས་དང་རིན་ཐང་གི་ཟུར་ཙམ་ཡང་ཡོད་མིན་ནི་ཚོད་དཔག་བྱེད་ཐབས་བྲལ་བའི་ལྐོག་འགྱུར་གྱི་གནས་ཡིན་ནའང་། རྗེ་བཙུན་མི་ལ་རས་པ་མཆོག་གིས་དང་པོར་ཡུམ་གྱི་བཀའ་མངགས་དང་ཉེ་འདུ་གཉེན་ཚན་གྱི་བཟོད་ཐབས་བྲལ་བའི་མནར་བཅོས་ཀྱི་དགྲ་ཤ་བཞེས་པའི་རྗེས་སུ། ལྷོ་བྲག་མར་བ་ལོ་ཙཱ་བས་དབུས་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་གི་ཞབས་ལ་གཏུགས་ནས་སྐུ་ངལ་ཐུགས་དབྱིངས་ལས་འདས་པ་རྣམ་པར་རྒྱལ་ཏེ། ཐོག་མར་བྲག་དཀར་རྟ་སོའི་བྱང་ཤར་གྱི་འཁྲུངས་གཞིས་སྐྱ་རྔ་རྩ་རུ་ཕེབས་པས་ངེས་འབྱུང་སྐྱོ་ཤས་དྲག་པོ་དང་བཅས་ཉེ་འདབས་རྐང་ཚུགས་ཕུག་ནས་གདམས་པ་ཉམས་བཞེས་ཀྱི་སྒྲུབ་པའི་དབུ་བརྙེས་པ་དང་། དེ་རྗེས་བྲག་དཀར་རྟ་སོར་ཕེབས་ཏེ་མི་ལོ་ཧྲིལ་པོ་དྲུག་གམ་དགུའི་རིང་ཟྭ་ཚོད་ཁོ་ནར་བརྟེན་ནས་དཀའ་ཐུབ་སྒྲུབ་པ་མཛད་པས། ཉམས་རྟོག་གི་འབྲས་བུ་ཁྱད་དུ་འཕགས་པ་དོན་དུ་སྨིན་ཏེ་མཐར་སྐད་ཅིག་ཉིད་ལ་བྲག་དཀར་རྟ་སོའི་དབུ་མ་རྫོང་དུ་ཚོགས་གཉིས་རྫོགས་ཤིང་། སྒྲིབ་གཉིས་དག་ནས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་མངོན་པར་བྱང་ཆུབ་ལ་མངའ་བརྙེས་པའི་ངོ་མཚར་མཛད་འཕྲིན་མཁའ་ལ་འཕགས་པའི་བསྟི་གནས་དམ་པ་འདིར་ལོ་རྒྱུས་ཀྱི་ཡིག་རིགས་འདྲ་མིན་ཙམ་མ་ཟད་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མེས་པོ་གོང་མའི་ངག་ལམ་ནས་ཀྱང་གནས་འདིར་སྟག་སེང་འཁྲུང་འབྲུག་གི་རང་བྱོན་དང་། ཆོས་རྩེག་གི་རང་བྱོན། མཆོད་རྟེན་གྱི་རང་བྱོན། ཚེ་རིང་མཆེད་ལྔས་རྗེ་བཙུན་གྱི་བསྟན་པ་སྐྱོང་བར་ཞལ་བཞེས་པའི་རང་བྱོན། ཟྭ་ཁོག་རིལ་བའི་རང་བྱོན་སོགས་དང་། ད་དུང་དེ་རྗེས་བོད་ཀྱི་ལོ་རྒྱུས་ཐོག་གི་མཁས་གྲུབ་ལོ་པཎ་སྐྱེས་ཆེན་དམ་པ་ཇི་སྙེད་ཞབས་ཀྱིས་བཅགས་ཤིང་། གནས་མཆོག་གཞན་དག་ག་གེ་མོ་ལས་ཁྱད་དུ་འཕགས་པའི་ངོ་མཚར་དག་སྣང་གི་པདྨོ་རྣམ་པར་བཞད་པའི་གནས་ཡུལ་དངོས་ཀྱི་གནས་ལུགས་རྒྱུ་མཚན་མཐོང་ལམ་སྣང་ཚུལ་བརྗོད་རྒྱུན་མཐའ་ཡས་པ་སོ་སྐྱེའི་བློ་ཡུལ་གྱི་གཞལ་བྱ་མ་ཡིན་ལ། གསར་དུ་ཉམས་གསོ་ཞུས་པའི་དགོན་གནས་ཀྱི་བཙུན་མ་ཐར་ཐོར་ལ་གོ་ཐོས་མཐོང་ཐོས་ཀྱི་གནས་ལུགས་རྒྱུ་མཚན་བཀའ་འདྲི་ཞུས་པར་ཡང་ལྐུགས་བརྡ་ཁོ་ན་གནང་ཚུལ་ནས་ཁོང་རྣམས་ངག་བཅད་དུ་གནས་འདིར་ཉམས་ལེན་དུ་གཞོལ་བཞིན་པར་ངོས་འཛིན་ཞུ་རྒྱུ་ཙམ་ལས། གནས་མཆོག་དམ་པའི་ངོ་མཚར་དཔལ་ལ་ངེས་ཤེས་ལོངས་སྤྱོད་ཡིད་ཚིམ་པ་ཐོབ་པའི་འདོད་འདུན་དོན་སྨིན་ཡོང་ཐབས་བྲལ་བ་མ་ཟད། རྗེ་བཙུན་ཆེན་པོའི་ཐོག་མའི་འཁྲུངས་གནས་སྐྱ་རྔ་རྩ་སྟེ། ད་ལྟའི་དུས་སུ་རྩ་ལུང་རྙིང་པ་ཞེས་རྙིང་ནས་འབྱུང་བའི་རང་ཁམས་སུ་འཇིགས་ལ་ཉེ་བའི་ཡུལ་སྡེ་ཡིན་ལ་མ་ཡིན་པའི་ནུབ་བྱང་ཕྱོགས་སུ་རྗེ་བཙུན་མི་ལ་རས་པ་མཆོག་གི་སྐུ་དུས་ཀྱི་མི་སྡེའི་ཆགས་ཤུལ་གྱི་གྱང་གོག་གམ་དེ་རྗེས་རྗེ་བཙུན་མཆོག་ལ་རྗེས་དྲན་དུ་བཞེངས་མྱོང་བའི་མཆོད་རྟེན་གྱི་ཞབས་པད་ལྟ་བུ་དང་བཅས་ཆགས་དབྱིབས་ངོ་མཚར་ཅན་གྱི་རི་སྐེད་ཀྱི་ཕུག་པ་དར་ཚོན་ཅན་རྗེ་བཙུན་ཆེན་པོའི་ཐོག་མའི་སྒྲུབ་གནས་རྐང་ཚུགས་ཕུག་ཅེས་པ་ཡིན་པར་ངོས་འཛིན་ཞུ་རྒྱུ་ཙམ་ལས། ད་ལྟའི་དུས་སུ་མི་བཞག་ནས་བྱ་ཡང་མཐོང་རྒྱུ་མེད་པའི་སྒྲུབ་པ་ཉམས་ལེན་བྱེད་ཡུལ་དབེན་གནས་ཙམ་དུ་མངོན་པར་གྱུར།

དེ་བཞིན་སྤང་ཞིང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཡུལ་སྲིན་མོ་གན་གྱལ་གྱི་དབྱིབས་སུ་ཡོད་པའི་ས་གནད་ལས་སྲིན་མོའི་རྐང་མཐིལ་གཡོན་པའི་དཔྱི་གནོན་པའི་མཐའ་འདུལ་མང་ཡུལ་བྱམས་སྤྲིན་ལྷ་ཁང་ངམ་གཙུག་ལག་ཁང་ལ་ཕྱིས་སུ་སློབ་དཔོན་ཆེན་པོ་པདྨས་ཀྱང་རབ་གནས་ལན་གསུམ་དུ་མཛད་པར་གྲགས་པ་དང་། དེཡིས་ཀྱང་གོང་རོལ་དུ་ད་ལྟའི་སྐྱིད་རོང་གྲོང་བརྡལ་གནས་ཡུལ་དུ་ངོ་མཚར་ལྡན་པའི་གཏམ་རྒྱུད་དང་བཅས་ཧ་རི་ཙནྡན་གྱི་སྦུབ་ལས་བྱོན་པའི་རང་བྱོན་མཆེད་བཞི་ལས་འཕགས་པ་ཝ་ཏི་བཟང་པོ་བཞུགས་སུ་གསོལ་མྱོང་བའི་འཕགས་པ་ལྷ་ཁང་སོགས་འདས་པའི་ལོ་རྒྱུས་ཐོག་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་བརྙན་ངོ་མཚར་མཆོག་ཏུ་གྱུར་བ་བོད་ཡུལ་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་ཁམས་སུ་མ་ཤོང་བར། རྒྱལ་པོ་བཞུགས་མེད་པའི་ཕོ་བྲང་གི་ངང་ཚུལ་ཙམ་ལས་མ་འདས་པས། རྟེན་གཙོ་དེ་དག་གི་ཐོག་མའི་བྱོན་ཚུལ་སྐོར་ལ་ཡིག་ལམ་དུ་ཡོད་མིན་གང་རུང་གི་མེས་པོའི་བརྗོད་རྒྱུན་ངོ་མཚར་ཁྱད་དུ་འཕགས་པ་མཐའ་ཡས་ཀྱང་། ལྷ་སྐུ་གསར་པར་གནས་བཤད་རྙིང་པ་དགོས་མེད་དོན་གཞན་ཡིན་ལ། གཙུག་ལག་ཁང་ངམ་ལྷ་ཁང་དེ་དག་ལའང་དུས་རབས་རིམ་འབྱུང་ཙམ་མ་ཟད་མཐའ་མ་ད་ལྟའི་དུས་སུའང་ཉམས་བཟོ་བྱས་དང་བྱེད་བཞིན་པ་ལས་གནའ་བོའི་བཞུགས་གནས་ས་ཡུལ་དངོས་ཀྱི་ཆགས་དབྱིབས་དང་བཟོ་སྐྲུན་ཤེས་རིག་གི་གནའ་ཤུལ་ཐོག་ནས་འཆར་སྣང་འདྲ་མིན་གྱི་ངེས་ཤེས་བཙལ་ཏེ། དངོས་གཙོའི་རྩོད་སྒྲུབ་ཀྱི་རིག་ལམ་ཐོག་ནས་དེང་རབས་གནའ་རྗས་རིག་པར་བརྟེན་ཏེ་འདས་ཟིན་པའི་དོན་དམ་ལོ་རྒྱུས་ཀྱི་ལྐོག་འགྱུར་ཁུངས་སྣེར་བསམ་གཞིགས་དང་དབྱེ་ཞིབ་བྱེད་པའི་རྣམ་དཔྱོད་ཀྱི་རྔོ་མ་ཐོགས་པས་བཏང་སྙོམ་དུ་མི་འཇོག་མཐུ་མེད་རེད། ད་དུང་ཚོང་འདུས་སུ་སློབ་དཔོན་ཆེན་པོ་པདྨས་གནོད་སྦྱིན་མོ་གདུག་པ་ཅན་འདུལ་དུས་བཞེངས་པའི་མཆོད་རྟེན་བརྒྱ་རྩ་དང་། རྡོའི་རིགས་གསུམ་མགོན་པོའི་སྐུ་དང་མཆོད་རྟེན། དེ་བཞིན་སྐྱིད་རོང་གཙང་པོའི་ཕ་རོལ་དུ་བལ་བཟའ་ཁྲི་བཙུན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འདུན་མར་ཕེབས་སྐབས་བལ་པོའི་ཕྱོགས་ཀྱི་ཕེབས་སྐྱེལ་ཞུ་མཁན་དང་བོད་བཙན་པོའི་ཕྱོགས་ཀྱི་ཕེབས་བསུ་ཞུ་མཁན་སོ་སོར་ཞལ་གྱེས་ཞུ་ཡུལ་དུ་རྗེས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་ཀྱང་བཞུགས་་མྱོང་བའི་གྱེས་ཕུག་གུ་རུ་ཕུག་ཅེས་པ་ལ་སོགས་ཡུལ་ཕྱོགས་འདིའི་རྒྱུད་ཀྱི་ལོ་རྒྱུས་ལ་ཁུངས་འདེད་ཀྱི་རིག་དངོས་གནའ་ཤུལ་ཞིབ་དཔྱད་ཐད་རིན་ཐང་ངེས་ཅན་ལྡན་པ་མིག་གི་ལྟད་མོ་ཙམ་ལས་བློ་ཡུལ་གྱི་གཞལ་བྱར་དོན་སྨིན་ཡོང་ཐབས་བྲལ། དེ་མིན་གཞན་ཡང་། རྙིང་མ་བྱང་གཏེར་གྱི་སློབ་དཔོན་རིག་འཛིན་རྒོད་ལྡེམ་པ་ཆེན་པོས་གནས་སྒོ་ཕྱེ་ཤིང་། ཀ་ཐོག་རིག་འཛིན་ཆེན་མོ་ཚེ་དབང་ནོར་བུ་མཆོག་ཞིང་དུ་གཤེགས་ནས་ཀླུ་མོ་སྒང་དུ་ཐུགས་རྟེན་བཞུགས་པའི་གནས་ཆེན་རི་བོ་དཔལ་འབར་གྱི་རྒྱུད་དང་། འཕགས་པ་ལྷ་ཁང་དང་བྱམས་སྤྲིན་གཙུག་ལག་ཁང་གི་ཉེ་འཁོར་དུ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་ད་ལྟའི་སྐྱིད་རོང་རྫོང་ཁོངས་སུ་སྐུ་འཁྲུངས་ཤིང་། རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་པཎཌི་ཏ་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་བཏབ་པའམ་ཉམས་གསོ་གནང་བའི་སྒྲུབ་སྡེ་བཀྲ་ཤིས་བསམ་གཏན་གླིང་དང་། འཇམ་མགོན་ས་སྐྱ་པཎཌི་ཏ་མཆོག་ལ་འཇམ་དབྱངས་རིགས་ལྔའི་ཞལ་གཟིགས་ཐོབ་པའི་གནས་ལྷ་ལྔ་ཕུག སྔོན་དུས་མཁས་བཙུན་གྲུབ་པ་མང་པོས་བཞུགས་མྱོང་བའི་བསྟི་གནས་བྲག་ཁ་དང་། ཕུག་པོ་ཆེ། བོད་ཀྱི་ཕུ་ལ་ཧ་རི་སྟེ་མེ་ཏོག་མདངས་འཕྲོག་ཅེས་སྔོན་གྱི་ཚེ་སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་བརླབས་ཤིང་། ཕྱིས་སུ་རེད་མདའ་པ་གཞོན་ནུ་བློ་གྲོས་ཡུན་རིང་བཞུགས་པའི་གནས་མེ་ཏོག་མདངས་ཅན་དུ་འབོད་པ། བསྟན་པ་ཕྱི་དར་གྱི་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དུས་ཆད་ལྟར་ལོ་གསུམ་ནས་རྒྱ་གར་དུ་གཤེགས་པར་བཞེད་པ་འབྱོན་སྐབས་མ་རྙེད་པར་མང་ཡུལ་གྱི་ཕྱོགས་སུ་ལོ་ཤས་བཞུགས་པའི་སྐབས་དབྱར་གནས་མཛད་པའི་ཡུལ་ལ་་གནས་ཞེས་གྲགས་པ།  ས་སྐྱ་པཎཌི་ཏས་ཆོས་གསུངས་པའི་ཆོས་ཁྲི་དང་ཉེ་བར་དཔལ་མགོན་པོ་གུར་གྱི་རྟེན་རྡོ་ཡོད་པ་དམ་ཅན་ཆོས་སྐྱོང་གི་འདུ་གནས་སུ་བསྔགས་པའི་བྱང་ཆུབ་གླིང་གི་ནགས་ཁྲོད་ལ་སོགས་པའི་གནས་དང་། དེ་མིན་ད་དུང་ལྐོག་འགྱུར་འབྱུང་བའི་སྣང་ཚུལ་ལས་མངོན་པར་འཕགས་པའི་རང་བྱོན་འདྲ་མིན་སྣ་ཚོགས་སམ་ལོ་རྒྱུས་ཐོག་རྒྱ་བོད་སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་གི་མཛད་རྗེས་གནའ་ཤུལ་མཐའ་ཡས་པར་མྱོང་རོལ་གྱིས་རང་རྒྱུད་ལ་སྔོན་བྱོན་མེས་པོའི་མཛད་རྗེས་ངེས་ཤེས་བག་ཆགས་མཐའ་བཙན་ཐོབ་པ་བྱ་རྒྱུ་ནི། རང་སྒེར་གྱི་ངོས་ནས་རྩ་ཆེའི་གནས་དང་སྐྱེས་ཆེན་དམ་པའི་ངོ་མཚར་བྱིན་རླབས་རང་རྒྱུད་ལ་ཐོབ་རེའི་འདོད་འདུན་ལས་ཀྱང་ལྷག་པའི་ལྟོགས་ལྷའི་མེ་ལྕེ་དྲག་ཏུ་འབར་ནའང་།ས་གནས་ས་ཐོག་རང་དུ་མེས་པོ་གོང་མའི་ངག་རྒྱུན་ཤོད་སྲོལ་དང་སྦྲགས་པའི་སྣོད་བཅུད་ཆགས་རབས་ལོ་རྒྱུས་སྐོར་ལ་དོ་སྣང་ཡིད་འཇོག་བྱེད་མཁན་སྟོན་མཇུག་མེ་ཏོག་གི་ངང་ཚུལ་ལས་མ་འདས་པའམ་འདོད་མཐུན་ལམ་སྟོན་རྩད་གཅོད་མ་ཐུབ་ཅིང་། ལྷག་པར་དུ་མཐའ་མཚམས་འཛུགས་སྐྲུན་གྱི་ཨར་ལས་འདྲ་མིན་སྣ་ཚོགས་ཀྱི་འདུ་འགོད་ལང་ལོང་གཡོ་བར་འབྱུང་བའི་ཁམས་ཀྱང་ང་རྒྱལ་དྲག་ཏུ་འབར་བ་ལྟ་བུའི་ཆར་ཞོད་ཀྱིས་རྐྱེན་པས། འཆར་ཅན་གནས་སྐོར་ལྗོངས་རྒྱུའི་གཞུང་ལམ་རྒྱུད་ནས་ཡོངས་བསྒྲགས་ཀྱི་ཁུངས་ལུང་མཐའ་བཙན་ཡིན་མིན་གང་རུང་གི་སྤྱི་སྒྲོས་ཙམ་ལ་མིག་མཐོང་ལག་ཟིན་གྱི་མྱོང་རོལ་ཐན་ཐུན་བྱེད་པ་ལས། ཆོས་འབྱུང་རྣམ་ཐར་སོགས་དེབ་ཐེར་འདྲ་མིན་ནང་གསལ་ལོ་རྒྱུས་རྣལ་མའི་ཁྲོད་དུ་མནལ་ལ་གཟིམས་པའི་ཡུལ་འདིའི་སྣོད་བཅུད་སྐོར་ལ་བློ་འབྱེད་གསར་པ་ཐོབ་པའི་འདོད་འདུན་དེ་ཙམ་དོན་སྨིན་མ་བྱུང་བར། གནས་སྐོར་ལྗོངས་རྒྱུ་མཁན་ཕལ་མོ་ཆེ་དང་འདྲ་བར་གླ་བ་ཉལ་ཤུལ་དུ་ཤ་ཁྱི་རྫི་སྣོམ་བྱེད་པར་བསྐྱོད་པའི་དཔེ་ལྟར་རང་བློའི་ཁམས་སུ་འཁྱིལ་བའི་དྲི་རྟགས་མང་པོའི་མདུད་པ་མ་གྲོལ་བར་ཚབ་ཚུབ་ངང་སླད་རྗེས་སུ་སླར་ཡང་ཡོང་འདུན་གྱིས་ཕྱིར་ལོག་གི་ལམ་དུ་ཞུགས་པ་ནི། བོད་མི་རིགས་ཀྱི་སྲོལ་རྒྱུན་མཆོད་མཇལ་གནས་སྐོར་དུ་སྐྱོད་མཁན་རྣམས་ཀྱི་གནས་ལན་སྐོར་བར་ཡང་བསྐྱར་འགྲོ་དགོས་ཚུལ་ལྟ་བུའི་སེམས་ཀྱི་ལྷག་འཕྲོར་ངོས་འཛིན་བྱས་ཀྱང་འགྲིག་པར་སྙམས། །

འདི་ལོའི་དབྱར་དུས་གཙང་ཁུལ་སྤྱིའི་ཆར་ཆུའི་འབབས་རྒྱུན་ནི་ལོ་རྒན་བརྒྱད་བཅུ་ཡོལ་བའི་བགྲེས་སོང་དག་ཀྱང་དབུ་ཌ་མ་རུ་བཞིན་དཀྲུག་དགོས་པའི་དམིགས་བསལ་སྣང་ཚུལ་ལམ་ཡུལ་འདིའི་དབྱར་དུས་ཀྱི་རྒྱུན་ལྡན་རང་བཞིན་སོགས། གང་ལྟར་བོད་ཡུལ་མཐོ་སྒང་བྱིངས་ལྟར་མཁའ་དབྱིངས་དེ་ཙམ་ཡངས་ཤིང་རྒྱ་ཆེ་བ་མ་ཡིན་པར་ཆུ་འཛིན་འཁོར་སྐྱོད་ཀྱི་དྭངས་འགྲིབ་མགྱོགས་ཚད་ལས་དབྱར་ཀའི་གནམ་གཤིས་ཀྱི་རང་གཤིས་མངོན་གསལ་དོད་ཅིང་། ཅུང་ཟད་དྭངས་མ་ཐག་ཏུ་ནུབ་ཕྱོགས་ནས་མཁའ་དབྱིངས་སུ་འགྱིངས་པའི་གནས་ཆེན་རི་བོ་དཔལ་འབར་གྱི་ཟིལ་མདངས་རབ་ཏུ་རྒྱས་ལ། རོང་མཚམས་ནགས་ཀླུང་ནས་དར་གྱི་ཡོལ་བ་གཡོ་བ་ལྟར་ལྡངས་ཡོང་བའི་སྨུག་པས་ཡུལ་ཕྱོགས་འདིའི་སྣོད་བཅུད་ཆགས་རབས་ལོ་རྒྱུས་ཀྱི་ལྐོག་འགྱུར་སྣང་ཚུལ་མཚོན་པའི་འཆར་སྣང་སྦྱིན་པ་མ་ཟད། སྨུག་པའི་ཡོལ་བ་རིམ་བཞིན་མཁའ་དབྱིངས་ཀྱི་ཆུ་འཛིན་ལང་ལོང་གཡོ་བར་གྱུར་བ་ལས་རྒྱ་གར་རྒྱ་མཚོའི་དྲོད་རླངས་ཧི་མ་ལ་ཡ་སྟེ་རི་བོ་གངས་ཅན་གྱིས་བཀག་ནས་མཚོ་བོད་མཐོ་སྒང་གི་གྲང་ངད་འཇོམས་པར་མ་སྤོབས་རང་དགར་མཁའ་ལ་འཕྱོ་བའི་དེང་རབས་ཚན་རིག་གི་ངེས་ཤེས་འདི་དག་ནས་མིག་ལམ་དུ་འཆར་བར་འགྱུར་ན་ཡང་། བོད་ཡུལ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་གོང་འཕེལ་འགྲོ་བའི་རྒྱུན་རིམ་ནང་ཆོས་འགོ་སངས་རྒྱས་དང་ཆུ་འགོ་གངས་རི་ཞེས་ངག་རྒྱུན་དང་བཅས་རི་བོ་གངས་ཅན་གྱིས་བཀག་འགོག་ཕར་བཞག ལོ་རྒྱུས་ཀྱི་ཆུ་ཀླུང་ལང་ལོང་གཡོ་བའི་རྒྱུན་རིམ་ཁྲོད་དུ་མང་ཡུལ་སྐྱིད་རོང་གིས་གཙོས་པའི་ཧི་མ་ལ་ཡའི་རོང་ཤུར་འདི་དག་ནས་སྤང་ལ་མེ་མཆེད་པའམ་ཤོག་བུ་སྣུམ་ཟོས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་བཀུར་བའི་ནང་བསྟན་ཤེས་རིག་གིས་གངས་ལྗོངས་ས་མཐོའི་ཤེས་རིག་དཔལ་ཡོན་གྱི་འགོ་ཁུངས་ཕལ་ཆེར་བཟུང་བ་སྤྱི་སྒྲོས་ལྟ་བུ་ཙམ་མ་ཟད་དོན་དམ་གྱི་དཔང་རྟགས་ཁུངས་བཙན་མང་དག་ཀྱང་འདྲེན་ཆོག་ཆོག་ཡིན་པས། ཡུལ་འདིའི་སྨུག་སྤྲིན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྲུང་སྐྱོབ་རིམ་པའི་གྲལ་འགོར་འགྱིངས་པའི་སེང་གེ་ཤིང་ལ་སོགས་པའི་རྩི་ཤིང་ལྟ་བུའི་ལོ་རྒྱུས་རྣལ་མའི་རྒྱུན་རིམ་ཁུངས་སྣེར་ངེས་ཤེས་མཐའ་བཙན་གྱིས་རང་རྒྱུད་བརླན་པའི་འདོད་འདུན་འཆང་བ་སོགས་ནི། ད་གཟོད་རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་ཁག་བར་གྱི་སྔར་ཡོད་ཕན་ཚུན་འབྲེལ་ལམ་ལ་བརྟེན་ནས་ཕན་ནུས་ལྡན་པའི་ས་ཁོངས་མཉམ་ལས་གར་སྟེགས་གཏོད་དེ། གནའ་རབས་ཀྱི་དར་གོས་ཤུལ་ལམ་གྱི་ལོ་རྒྱུས་མཚོན་རྟགས་ལ་ཁུངས་བཅོལ་དང་སྦྲགས། ཞི་བདེ་འཕེལ་རྒྱས་ཀྱི་རྒྱལ་མཚན་དགུང་དུ་འདེགས་བཞིན་དུ་རང་འགུལ་ངང་ལམ་རྒྱུད་རྒྱལ་ཁབ་ཁག་བར་གྱི་དཔལ་འབྱོར་མཉམ་ལས་རོགས་རེས་འབྲེལ་བར་བརྟེན་ནས་ཐུན་མོང་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་དང་། དཔལ་འབྱོར་ཐོག་ཕན་ཚུན་གཅིག་ལ་གཅིག་སྦྲེལ། རིག་གནས་ཐད་ཕན་ཚུན་བློ་དཀྱེལ་ཡངས་པོ་ཁེ་ཕན་མཉམ་མཐུན་དང་ལས་དབང་མཉམ་འདྲེས་སུ་ཕྱོགས་པའི་རྒྱུད་གཅིག་ལམ་གཅིག་གི་ཡང་དག་མཛད་ཕྱོགས་དོན་སྨིན་ཡོང་བར་ཕྱར་བ་གྲུ་འདེགས་ཀྱི་དོན་སྙིང་ངེས་ཅན་ལྡན་པ་ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ལགས་སོ། ། ། །

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-9 03:57 , Processed in 0.068033 second(s), 21 queries .

返回顶部