博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... http://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

ཀུན་དགའ་དོན་གྲུབ།

热度 5已有 1064 次阅读2015-6-29 18:13 |系统分类:文学

ཀུན་དགའ་དོན་གྲུབ།

ཆོས་འབྲོག་ཉི་མ་དོན་ལགས་ཀྱིས།

དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་ཐོག་མའི་དུས་ནས་བཟུང་།རང་མཉམ་སྐྱེ་བོ་ཀུན་ཇ་ཆང་རྩེད་འཇོར་རོལ་བའི་ལས་ཞོར་གྱི་དུས་ཚོད་དང་།ལྷག་པར་དུ་སྐབས་དེ་དུས་གློག་ཤུགས་སོགས་རང་བྱུང་ནུས་པའི་འབྱུང་ཁུངས་བེད་སྤྱོད་དང་བཅས་པའི་སྤྱི་ཚོགས་ཁོར་ཡུག་ཆ་རྐྱེན་ཤིན་ཏུ་ཡ་ང་བའི་མཐའ་འཁོབ་ཀྱི་ཤང་གྲོང་དང་རྫོང་མཁར་དུ།རྟག་པར་ཁེར་རྐྱང་ཁོ་ནར་ལུས་རྐྱང་བྱེད་པའི་ས་སྣུམ་སོགས་ཀྱི་སྒྲོན་མེའི་འོག་ཏུ་ཕ་སྐད་ཀྱི་དཔེ་དེབ་མཐོང་ཚད་ཉོ་བའམ་གཞན་ལ་གྲོང་ཁྱེར་སོགས་སུ་མངགས་ནས་རག་ཐབས་ཀྱིས་སྦྱང་བརྩོན་དང་སྦྲགས།ལྗོངས་ཕྱི་ནང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་པར་ཇི་སྙེད་ཐོག་སྒྲུང་གཏམ་དང་།དཔྱད་རྩོམ།སྙན་ངགདམངས་ཁྲོད་རྩོམ་རིག་སོགས་རྩོམ་ལུས་འདྲ་མིན་གྱི་བརྩམ་བྱ་ཡིག་འབྲུ་ཁྲི་ཚོ་བརྒྱར་ཉེ་བ་སྤེལ་བཞིན་པ་ནས།བར་སྐབས་རང་གི་ལས་ཞོར་གྱི་དགའ་ཕྱོགས་སྟེ་ཕ་སྐད་ཀྱི་ཐོག་ནས་རྩོམ་རིག་གསར་རྩོམ་དང་སྲོལ་རྒྱུན་རིག་གནས་ལོ་རྒྱུས་དང་བཅས་པར་དོ་འཁུར་ཡིད་འཇོག་བྱེད་ཁོམ་ལྟ་ཅི།གཞིས་འཁོར་དང་བཅས་པའི་རྒྱུན་ལྡན་ངལ་གསོའི་དུས་ཁོམ་ཡང་བྲལ་བར་གྱུར་ཏེ།དྲ་མིག་གྲུ་བཞིའི་ནང་གི་ཡི་གེ་ཁོ་ནར་བརྟེན་ནས་གོང་རིམ་ལ་སྲི་ཞུ་དང་སྦྲགས་པའི་སྲིད་འཛིན་ལས་ཀའི་གཞན་དབང་དུ་དུས་འདའ་བར་གྱུར་བས།ལུས་སེམས་གཉིས་སོ་སོར་མ་བྲལ་གོང་ལ་ལས་འཁྱུར་ངལ་གསོའི་རང་སྒེར་ལ་བདག་པའི་དུས་ཁོམ་ཞིག་ཐོབ་རྒྱུར་རེ་སྒུག་བྱེད་བཞིན་དུ།དེ་སྔ་དཀའ་སྤྱད་འབད་བརྩོན་གྱིས་འདྲིས་འབྲེལ་གཏིང་ཟབ་བྱས་ཤིང་།བར་སྐབས་ཞལ་མཇལ་གྱི་ཁོམ་པ་དང་བྲལ་བའི་མེས་པོའི་ཤུལ་བཞག་སྐད་ཡིག་དང་བཅས་པའི་སྲོལ་རྒྱུན་རིག་གནས་ཡིད་ལ་དྲན་ནས།ད་གཟོད་དེང་དུས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པར་བྱེད་པའི་གསར་རྩོམ་གྱི་བརྗོད་བྱ་ཞིག་ལ་བསམ་གཞིགས་བྱེད་སྐབས།དུས་ཀྱི་འཁོར་ལོ་ནི་འཆར་འཕྲིན་སྤྱི་ཆོགས་སུ་འབྱོར་ཟིན་ཏེ།དོན་དམ་པའི་ཐོག་ནས་མེས་པོའི་ཤུལ་བཞག་ཕ་སྐད་དང་བཅས་པའི་སྲོལ་རྒྱུན་ཤེས་རིག་ལ་དོ་འཁུར་ཡིད་འཇོག་བྱེད་མཁན་རེ་ཟུང་ལྷག་པ་དག་ཀྱང་དེང་རབས་གློག་འཕྲུལ་གྱི་དྲ་ལམ་ཕྱོགས་སུ་ཤོར་བཞིན་པ་སོགས།དཀའ་སྤྱད་འབད་བརྩོན་གྱིས་གསར་རྩོམ་བྱས་པའི་ཚིག་སྦྱོར་སྙན་འཇེབས་ལྡན་ལ་གོ་དོན་ཕུན་སུམ་ཚོགས་པའི་བརྩམ་བྱར་ཉམས་ལེན་དོ་སྣང་ལྟ་ཅི།ལམ་ཙམ་མིག་ལམ་དུ་དྲངས་ནས་ལྟ་ཀློག་བྱེད་མཁན་ཞིག་ཀྱང་ཉི་མོའི་སྐར་མའི་རྗེས་སུ་འགྲོ་བ་མ་ཟད།སྔོན་བྱོན་མཁས་གྲུབ་ལོ་པཎ་རྣམས་ཀྱིས་སྐུ་ངལ་བྱེ་བས་བསྲེགས་བཅད་བརྡར་གསུམ་གྱིས་བསྐྲུན་གནང་མཛད་པའི་ཕ་སྐད་དང་བཅས་པའི་སྲོལ་རྒྱུན་རིག་གནས་རིན་པོ་ཆེ་གཞན་དྲིང་མི་འཇོག་པ་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་འདྲེན་བཞིན་པའི་སྐབས་འདིར།ཕ་སྐད་ཐོག་ནས་གསར་རྩོམ་གྱི་བརྩམ་བྱས་རང་རིགས་སྐྱེ་བོ་རྣམས་ལ་སྔོན་བྱོན་མེས་པོའི་སྲོལ་རྒྱུན་བཟང་པོ་གཞིར་བཟུང་ནས་བླང་དོར་གྱི་ལམ་སྟོན་དང་སྦྲགས་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ཞིག་མངོན་པར་བྱེད་འདོད་པ་ནི།བོང་བུའི་རྣ་བར་ཆོས་ཀྱི་དཔེ་ཁོ་ན་ལས་མ་འདས་མོད།སྔོན་བྱོན་མཁས་གྲུབ་ལོ་པཎ་དང་བཅས་པའི་མེས་པོའི་སྲོལ་རྒྱུན་བཟང་པོ་ཇི་བཞིན་དར་རྒྱས་གོང་སྤེལ་ཡོང་དཀའ་ཡང་།མ་ཉམས་རྒྱུན་བསྲིངས་ལ་སྨན་པའི་ཟོལ་མེད་ལྷག་བསམ་དང་།ལར་དེ་གོང་དཀའ་སྤྱད་འབད་པས་ཕ་སྐད་དང་བཅས་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕྱོགས་ལ་དོ་སྣང་གང་ཐུབ་བགྱིས་པ་རྣམས་ལ་རྫོགས་ཚིག་ཙམ་ཡང་མེད་པར་རང་བཞིན་གྱིས་བཞི་ཤད་དུ་གྱུར་འགྲོ་བ་བློས་མ་བཟོད་པར།རང་ཅག་འཚོ་གནས་བྱེད་ཡུལ་དེང་དུས་སྤྱི་ཚོགས་ཀྱི་སྣང་ཚུལ་ཟློས་གར་ཁང་གི་ལྟད་མོར་བསམ་གཞིགས་གཏིང་ཟབ་ཅིག་བྱེད་མུར།སྲིན་མཛུབ་ཀྱི་གར་མཁན་མ་རྣམས་གློག་ཀླད་ཐེབ་གཞོང་གི་གར་སྟེགས་ཐོག་འདེགས་འཇོག་གི་གར་སྟབས་སུ་དབང་མེད་ཤོར་ལགས།

དེ་ཡང་།བགྲང་བྱ་སུམ་ཅུའི་སྔོན་ལ་བོད་ཡིག་གི་དུས་དེབ་བམ་ཚགས་པར་ག་གེ་མོ་ཞིག་གི་གསར་རྩོམ་གབ་ཚིག་ཅིག་གི་ནང་ཀུན་དགའ་དོན་གྲུབ་ཅེས་པ་ནི་དངུལ་ལོར་གྱི་གབ་ཚིག་ཏུ་བཀོད་པ་མཐོང་མོད།སྐབས་དེའི་སྤྱི་ཚོགས་ཀྱི་དངོས་དོན་སྣང་ཚུལ་ལམ་གང་ལྟར་མ་རྩ་རིང་ལུགས་ནི་དངུལ་ལོར་གྱི་སྤྱི་ཚོགས་ཤིག་ཡིན་པར་ཁ་རྡུང་དང་འཁང་ར་བྱེད་བཞིན་པའི་སྐབས་དེའི་རང་ཅག་འཚོ་གནས་བྱེད་བཞིན་པའི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁོར་ཡུག་ཐོག་ནས་དངུལ་ལོར་ནི་དེ་ལྟར་སྐྱེ་བོ་ཀུན་གྱིས་དགའ་བོ་བྱེད་ཅིང་དོན་དག་ཆེ་ཕྲ་ཆུང་གསུམ་ཀུན་འགྲུབ་པར་བྱེད་མཁན་གྱི་དངོས་པོ་ཁྱད་འཕགས་ཅན་ཞིག་ཡིན་པ་མངོན་སུམ་དུ་མཐོང་དཀའ་བ་མ་ཟད། རང་ངོས་ཀྱི་སེམས་གཏིང་དུ་བློ་རིག་པས་ཕྱུག་ན་ཕྱུག་པོ་དང་།རྒྱུ་དངོས་པོས་ཕྱུག་པ་འཁུར་བོ་ཡིན་པའི་སྲོལ་རྒྱུན་འདུ་ཤེས་ཀྱི་རྩ་བ་ཞིག་ཚུགས་བཞིན་པའི་སྐབས་ཡིན་པས།བློ་ཡུལ་དུ་དྲན་ལྷང་ལྷང་གི་བག་ཆགས་ཙམ་ལས་ཡིད་འཇོག་གི་བསམ་གཞིགས་གང་ཡང་མ་བྱུང་།

བགྲང་བྱ་བརྒྱད་བཅུའི་སྔོན་ནས་རང་རིགས་ཀྱི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས།ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།ཞེས་གསུངས་པ་ནི་དུས་རབས་ཉེར་གཅིག་གི་དེང་དུས་སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་པ་ཞིག་མ་ཡིན་ན།དེང་དུས་རང་རིགས་སྐྱེ་བོ་ཐམས་ཅད་ཀྱི་ལུས་ཀྱི་འགུལ་སྐྱོད་དང་།ངག་གི་སྨྲ་བརྗོད།ཡིད་ཀྱི་དྲན་འཆར་སོགས་རྒྱུ་ནོར་རམ་དེའི་མཚོན་བྱེད་དུ་གྱུར་བའི་དངུལ་ལོར་ཁོ་ན་ལས་མེད་པའི་གཤིས་ལུགས་འདི་བཞིན་སྔོན་མ་ནས་ཡོད་འདུག་པས།གཤིས་ལུགས་འདི་བར་སྐབས་མི་རིགས་གཞན་གྱི་གསར་དར་རིག་གནས་དང་སྦྲགས་ནས་རང་རིགས་ཀྱི་ཁྲོད་དུ་ཁྱབ་ཡོང་བ་ཞིག་མ་ཡིན་པར་།རང་རིགས་ཀྱི་རྒྱུད་ལ་ཐོག་མ་ཉིད་ནས་ཡོད་པ་གང་ཞིག་བར་སྐབས་སྲོལ་རྒྱུན་རིག་གནས་ཐལ་བའི་རྡུལ་དུ་རློག་སྐབས་སྙིགས་རོའི་ཁྲོད་དུ་ས་ལ་འཇགས་ཀྱང་།ཕྱི་རོལ་ཡུལ་གྱི་མཁའ་རླུང་འཁོར་སྐྱོད་དང་བསྟུན་ནས་ཡར་ལྡངས་པ་སོགས་གང་ལྟར།ཁྲོམ་རྭའི་དཔལ་འབྱོར་གྱི་ཚ་རླབས་ཁྲོད་སྲིད་པའི་རྒྱུ་ནོར་ཙམ་མ་ཟད།འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་དངུལ་ལོར་གྲངས་འབོར་གྱིས་ཚད་ལེན་བྱེད་པའི་ཁྲོད།ཕོ་མོ་རྒན་གཞོན་དང་ལས་རིགས་འདྲ་མིན་སོགས།གོང་གི་བླ་མ་དཔོན་པོ་ནས་གཤམ་གྱི་ལས་མེད་སྤྲང་པོ་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱིས་དངོན་སུམ་རྗེན་པར་རྒྱུ་ནོར་རམ་དངུལ་ལོར་ཁོ་ནར་དགའ་བའི་རྣམ་འགྱུར་མངོན་ལ།འཛེམ་བག་སྤུ་ཙམ་མེད་པར་དངུལ་ལོར་སྤྱི་བོའི་གཙུག་ཏུ་བཀུར་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་གིས།ད་གཟོད་འཇིག་རྟེན་ཐོག་གི་བྱ་དངོས་ཆེ་ཕྲ་ཆུང་གསུམ་ཐམས་ཅད་དངུལ་ལོར་ཁོ་ནས་བདེ་བླག་ཏུ་འགྲུབ་པའི་ཡ་མཚན་ཅན་གྱི་སྣང་ཚུལ་ཞིག་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བས།དེང་དུས་སྤྱི་ཚོགས་ཀྱི་སྣང་ཚུལ་འདིའི་ཐོག་ནས་བརྗོད་ན།ངོ་མ་དངུལ་ལོར་ནི་ཀུན་དགའ་དོན་གྲུབ་ཙམ་དུ་མ་ཟད།རང་རིགས་ཀྱི་ཆེས་གནའ་བོའི་དུས་ནས་ངག་རྒྱུན་དུ་ཡོད་པའི་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་པའང་དངུལ་ལོར་འདིར་ངོས་འཛིན་བྱས་ཀྱང་ཧ་ལམ་སྐྱེ་བོ་ཕལ་ཆེར་གྱིས་ཁས་ལེན་ཐོབ་ངེས་ཡིན་པའི་གནས་སུ་གྱུར་འདུག

དེས་ན།མིག་སྔར་ཏང་དང་རྒྱལ་ཁབ་ཀྱི་འཛམ་གླིང་ཐོག་གདོད་མའི་ཤེས་རིག་དཔལ་ཡོན་གྱི་གྲལ་འགོར་འགྱིང་བའི་མེས་པོའི་མཛད་འཕྲིན་མངོན་པར་མཐོ་བའི་རང་རིགས་དང་བཅས་པའི།ཀྲུང་ཧྭ་མི་རིགས་ཀྱི་མངའ་ཐང་སྟོབས་འབྱོར་གྱི་དཔལ་ཡོན་བསྐྱར་དར་ཕུགས་འདུན་དགོངས་བཞེད་དང་བསྟུན།རང་ཅག་མི་རིགས་ཀྱི་སྲོལ་རྒྱུན་བསམ་བློའི་འདུ་ཤེས་ཐོག་ནས་བསམ་གཞིགས་ཤིག་ངེས་པར་དུ་མི་བྱེད་མཐུ་མེད་དུ་གྱུར་འདུག

རང་རིགས་སྔོན་བྱོན་མེས་པོའི་དགོངས་བཞེད་ལྟར་ན།དེང་སྐབས་དངུལ་ལོར་གྱིས་མཚོན་པར་བྱེད་ཅིང་དོན་དུ་འདོད་ཡོན་གྱི་ལོངས་སྤྱོད་ནི་ཟ་གོས་འགྲོ་འདུག་སོགས་འཇིག་རྟེན་མི་ཡུལ་དུ་འཚོ་གནས་བྱེད་པའི་ཕྱི་རོལ་ཡུལ་གྱི་ཉེར་ལེན་ཙམ་ལས་མཐར་ཕྱིན་པར་ཡིད་རྟོན་བྱེད་མི་ཉན་པའི་རྩྭ་རྩེའི་ཟིལ་པ་ལྟ་བུ་དང་དུག་གམ་ལན་ཚྭའི་ཆུ་དང་མཚུངས་པས།དེ་ཁོ་ནར་ཞེན་ཆགས་བྱེད་མཁན་གྱི་སྐྱེ་བོ་རྣམས་ནི་དུད་འགྲོ་དང་བེམ་པོའམ་ཡང་ན་སྨྱོན་པ་ཉིད་དུ་ངོས་འཛིན་བྱེད་པ་དེའང་།སྔོན་བྱོན་མཁས་པའི་གསུང་ལས།འབྱོར་པ་སྡུག་བསྔལ་བརྒྱ་ཕྲག་འབྱུང་གནས་ཏེ།ཆོག་ཤེས་ལྡན་པ་རྨད་བྱུང་བདེ་བའི་གཏེར།ལོངས་སྤྱོད་མཐར་བྱེད་དུག་དང་མཚུངས་པ་སྟེ།དང་པོ་རབ་ཞིམ་ཕྱིས་ནས་འཕུང་བར་བྱེད།ཇི་ཙམ་སྤྱད་ཀྱང་མི་ངོམས་སླར་ཡང་ནི།གདུང་བ་འཕེལ་བས་ལན་ཚྭའི་ཆུ་བོ་བཞིན།ཞེས་དང་།འདོད་ཡོན་བྱིན་ཟའི་འོད་ལ་ཆགས་པ་རྣམས།ཕྱེ་མ་ལེབ་བཞིན་འདི་དང་ཕྱི་མར་སྲེགབསགས་དང་བསྲུང་དང་བརླག་པའི་སྡུག་བསྔལ་ཅན།སྦྲང་རྩི་གཉེར་བའི་སྦྲང་བུ་ཇི་བཞིན་ནོ།ཞེས་པ།དེ་བཞིན་བོད་བརྒྱུད་ནང་པ་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་སྦྱོང་གི་ནང་དོན་གཙོ་བོར་སྟོན་པའི་སྤྱོད་འཇུག་ལས།བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡིས།ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ།ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས།སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ།ཞེས་པ་སོགས་དེང་དུས་དངུལ་ལོར་གྱིས་མཚོན་པར་བྱེད་པའི་རྒྱུ་ནོར་ལ་ཐལ་དྲགས་པའི་དད་ཞེན་བྱེད་པའི་སྣང་ཚུལ་འདི་བཞིན་མ་གཞི་ནས་ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་དང་འབྲེལ་བ་ཟབ་མོ་ཡོད་པའི་རང་ཅག་བོད་མི་རིགས་ཀྱི་སྲོལ་རྒྱུན་འདུ་ཤེས་དང་རྦད་དེ་རྒྱབ་འགལ་ཡིན་པ་མ་ཟད།མ་ཁེ་སི་རིང་ལུགས་ཀྱི་དངོས་གཙོའི་རྩོད་སྒྲུབ་ཀྱི་འཇིག་རྟེན་ལྟ་བ་དང་མཐུན་པ་ཞིག་ཀྱང་གཏན་ནས་རེད་མིན་འདུག   

དངུལ་ལོར་གྱིས་ཚོང་ཟོག་ཁྱབ་ཁོངས་ནང་གང་དགོས་དེ་སྤྲོད་ཐུབ་པ་མ་ཟད།ཚོང་ཟོག་མ་ཡིན་པ་ཡང་ཚོང་ཟོག་ཅན་དུ་གྱུར་ཐུབ་པས།དེ་ནི་རྒྱུ་ནོར་གྱི་མཚོན་རྟགས་དང་།བསམ་པའི་རིན་ཐང་གི་འཛིན་ཤོག་ཅིག་ཀྱང་ཡིན་མོད།བར་སྐབས་ཤིག་རིང་།དབང་ཆ་དང་ཐོབ་ཐང་དངུལ་ལོར་གྱིས་ཉོ་ཆོག་ལ།མཚན་སྙན་དང་མི་གཤིས་ལ་དངུལ་ལོར་གྱིས་རིན་ཐང་གཞལ་ཆོག་པ་མ་ཟད།ཐ་ན་བདེན་དོན་དང་ལས་འབྲས་ལའང་དངུལ་ལོར་གྱི་དྲི་ངན་འཐུལ་ཡོང་གི་ཡོད་པ་ནི་ཇི་འདྲའི་ཡ་ང་བའི་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ཐད་ཀྱི་སྐྱོ་གར་ཞིག་ཡིན་པ་རེད།

་དངུལ་ལོར་ལ་རྒྱུ་ནོར་ཡོད་དོ་ཅོག་དེས་རིན་ཐང་ཕབ་ནས་དེ་དང་བརྗེ་ལེན་བྱེད་ཆོག་པའི་ཁྲིམས་མཐུན་རང་བཞིན་ལྡན་པས།དངུལ་ལོར་ནི་རྒྱུ་ནོར་གྱི་མཚོན་རྟགས་ཤིག་ཡིན་ལ།རིན་ཐང་མཚུངས་པའི་དངོས་པོ་ཞིག་ཀྱང་ཡིན་ན།འདི་ལ་ནུས་པ་ཚད  ་མེད་ལྡན་པའི་ཕྱིར་མི་རྣམས་ཀྱི་འདོད་པ་ཚད་མེད་སློང་གི་ཡོད་པ་རེད།ཕལ་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་དངུལ་ལོར་དབང་བར་བྱེད་པར་ཚད་ཡོད་པས།དེ་མེད་པའི་འདོད་པ་དེ་ཁེངས་པའི་དུས་ཤིག་ནམ་ཡང་མེད་པར་བརྟེན།དངུལ་ལོར་གྱི་ནུས་པ་ཚད་མེད་པ་དང་།དེ་དབང་བར་བྱེད་པར་ཚད་བཀག་ཡོད་པའི་བར་གྱི་འགལ་ཟླ་དེས་དེ་ཉིད་དངོས་པོ་གང་ཞིག་ལས་ལྷག་པར་མི་རྣམས་ཀྱི་ཚུལ་མིན་ཧམ་སེམས་འཕེལ་བར་གྱུར་གྱི་ཡོད་པ་རེདབོད་མི་ནི་བྱམས་སེམས་སྙིང་རྗེ་ལྡན་པ་དང་ ལས་རྒྱུ་འབྲས་ལ་་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད་པའི་མི་རིགས་ཤིག་ཡིན་ཞེས་རང་རིགས་ཀྱི་མཁས་བླུན་ཚང་མས་གླེང་བཞིན་ཡོད་མོད།འདོད་པ་ནི་ཕལ་པའི་སྐྱེ་བོ་ཀུན་ལ་ཡོད་པས།འདོད་པས་བློས་མ་ཐོང་ན་དེས་རང་ཉིད་ལ་གཉའ་གནོན་དང་།སྡུག་བསྔལ།སེམས་འཁྲལ་དང་།ཐ་ན་རང་ཉིད་མེད་པ་བཟོ་ཉེན་ཆེ་ཤིང་།དངུལ་ལོར་གྱི་བསླུ་བྲིད་ནི་ནད་འབུ་ཞིག་དང་འདྲ་བས།མི་རྣམས་ལ་ཕྱི་རོལ་ཁོར་ཡུག་གིས་ཤུགས་རྐྱེན་མེད་པར་རང་སྒེར་གཏིང་བརྗེད་ཀྱི་རྟོག་པ་ཤིག་ཪྙེད་ན།ད་གཟོད་བསླུ་བྲིད་ལས་རྒྱལ་ནས་ཡང་དག་པའི་དམིགས་ཡུལ་གྱི་ཕྱོགས་སུ་མདུན་སྐྱོད་ཐུབ་པ་དེ་ནི།མཐའ་མཇུག་གི་རྒྱལ་ཁ་ཐོབ་མཁན་དེ་ཡིན་པ་རེད

ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་དབྱིན་ཇིའི་གྲགས་ཅན་རྩོམ་པ་པོ་ཧྲ་ཧྲེ་བྷི་ཡ་ཞེས་པས།དངུལ་ལོར་གྱིས་ནག་པོ་དཀར་པོར་བསྒྱུར་བ་དང་།མདོག་ཉེས་པ་མཛེས་པོར་བསྒྱུར་ལ།ནོར་བ་འགྲིགས་པར་བསྒྱུར་ཅིང་།ཐ་ཤལ་མཆོག་འགྱུར་དུ་བསྒྱུར་གྱི་ཡོད་ཅེས་འཐེར་འདོན་བྱེད་མྱོང་ཡོད་པར་གྲགས་པས།དངུལ་ལོར་ལ་དེ་ལྟ་བུའི་དཀར་ནག་ཕྱིན་ཕྱི་སློག་པ་དང་།ཡིན་མིན་གོ་ལྡོག་ཏུ་བསྒྱུར་བའི་ནུས་མཐུ་ཚད་མེད་ལྡན་པདེའི་ཐོག་ནས་མི་རྣམས་ཀྱི་དངུལ་ལོར་ལ་ཚད་ལས་འདས་པའི་དད་བཀུར་གྱིས་རྐྱེན་པས་མི་དང་དངུལ་ལོར་བར་གྱི་འབྲེལ་བ་གཞན་དུ་ཕྱོགས་པ་སྟེ།དངུལ་ལོར་དེ་མ་གཞི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལག་ཆ་ཞིག་ཡིན་ནའང་།དོན་དམ་གྱི་འཚོ་བའི་ནང་མི་རྣམས་ཀྱི་སྐྱབས་གནས་ལྟ་བུར་བཟུང་ནས།དངུལ་ལོར་གྱིས་རྐྱེན་པས་མི་རྣམས་དངོས་པོའི་འདོད་སྲེད་ཞིང་ཁམས་སུ་མགོ་འཐོམས་ནས་སེམས་ཁམས་ཀྱི་ལས་འབྲས་གོ་མེད་ཚོར་མེད་དུ་གྱུར་ཏེ།མི་ལུས་ཀྱི་རིན་ཐང་དང་མི་ཚེའི་ལ་རྒྱའང་གླུད་དུ་བསྐུར་བ་ཡིན་པ་རེད།

དངུལ་ལོར་དེ་མིའི་རིགས་རང་ཉིད་ཀྱིས་གསར་གཏོད་བྱས་པའི་ལག་ཆའམ་བྱ་ཐབས་ཤིག་ནས་མི་ཚེའི་དམིགས་ཡུལ་དུ་གྱུར་བ་མ་ཟད།མི་རྣམས་ཀྱང་དངུལ་ལོར་གྱི་བྲན་གཡོག་ཏུ་གྱུར་བ་ནི་དེ་འདྲའི་ཡ་ང་དགོས་པ་ཞིག་རེད།

དོན་དམ་པའི་ཐོག་ནས་རྣམ་དཔྱོད་ཀྱི་དཔལ་ཡོན་མཆོག་ཏུ་མངའ་བའི་མཁྱེན་ལྡན་པ་ཉུང་ཤས་དངུལ་ལོར་གྱི་བསླུ་བྲིད་མདུན་དུ་འདམ་སྐྱེས་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་འགོས་པ་ནི།དཔྱོད་ལྡན་དེ་དག་གི་ཀུན་སྤྱོད་དང་ལས་འབྲས་ཀྱི་མྱུ་གུ་བརྟན་པས།ཕྱི་རོལ་གྱི་ཤུགས་རྐྱེན་གྱིས་སྐྱེས་མཆོག་དེ་དག་གི་མི་གཤིས་ལ་གཡོ་འགུལ་གཏོང་བའི་ནུས་མཐུ་བྲལ་བའི་རྐྱེན་གྱིས་ཡིན་པ་རེད།

རང་དབང་གཙུག་ཏུ་བཀུར་བའི་མིའི་རིགས་ཀྱི་བསམ་པའི་ཁྱད་འཕགས་རང་བཞིན་དངུལ་ལོར་གྱི་འཆིང་རྒྱར་ཚུད་སྐབས།མིའི་རིགས་ལུས་སེམས་བདེ་བའི་དབྱིངས་སུ་རང་དགར་འཕུར་སྐྱོད་བྱེད་ཐབས་བྲལ་བར་གྱུར་ངེས་རེད།རང་དབང་གི་སྙིང་པོ་ནི་རང་སྣང་གང་དྲན་བྱེད་རྒྱུ་དེ་མ་ཡིན་པར་།རིན་ཆེན་མི་ལུས་ཤིག་གི་ཐོག་ནས་གལ་འགངས་ཆེ་ཤོས་ནི་ལ་རྒྱ་ཡིན།

དངུལ་ལོར་དོན་གཉེར་་བྱེད་རྒྱུ་དེ་ཚད་མེད་ཅིག་ཡིན་མོད།དེ་ཉིདརང་བདག་ཏུ་འཛིན་རྒྱུ་དེ་ནི་ཚད་བཀག་ཡོད་པ་ཞིག་ཡིན་པས།དེའི་ཆེད་དུ་སྐྱུག་བྲོ་བའི་ཟློས་གར་འདྲ་མིན་འཁྲབ་དགོས་བྱུང་བ་རེད།

མི་ལུས་རིན་པོ་ཆེ་ནི་རིན་ཐང་བྲལ་བ་ཞིག་ཡིན་པས།འདི་ནི་དངུལ་ལོར་གྱིས་ཉོ་ཐབས་མེད་ཅིང་།འདིར་དངུལ་ལོར་གྱིས་རིན་ཐང་ཡང་གཞལ་ཐབས་གཏན་ནས་མེད་པ་རེད།

ལར་མིའི་རིགས་ཀྱི་འཚོ་གནས་ལ་རྒྱུ་དང་དངོས་པོའི་ལོངས་སྤྱོད་ཕུད། ད་དུང་སེམས་སམ་བསམ་པའི་ལོངས་སྤྱོད་དགོས་ཀྱི་ཡོད་པ་རེད།ཐད་ཀར་བརྗོད་ན།དེ་ནི་དལ་འབྱོར་མི་ལུས་སམ་མཐོ་རིམ་སྲོག་ཆགས་སུ་འབོད་པའི་མིའི་རིགས་དང་སྲོག་ཆགས་གཞན་བར་གྱི་མ་མཐའི་དབྱེ་མཚམས་དེ་ཡིན་པ་མ་ཟད།བསམ་པའི་ལོངས་སྤྱོད་ནི་གླུ་གར་གྱིས་གཙོས་པའི་གནས་སྐབས་ཀྱི་མིག་དང་རྣ་བའི་ལོངས་སྤྱོད་ཁོ་ན་ཙམ་མ་ཡིན་པར།སྲོག་ཆགས་གཞན་དང་མི་འདྲ་བར་སྨྲ་ཤེས་ཤིང་དོན་གོ་བའི་དལ་འབྱོར་མི་ལུས་ཤིག་གི་ངོས་ནས། ངེས་པར་དུ་བྱམས་སེམས་དང་། གཞུང་དྲང་། གུས་ལུགས། ཤེས་རབ། ཡིད་རྟོན། སྤྱོད་བཟང་། ལྷག་བསམ་རྣམ་དག། བསྙེན་བཀུར་སོགས་ཀྱིས་རང་རྒྱུད་བརླན་དགོས་པས།གལ་ཏེ་ཟ་གོས་འགྲོ་འདུག་དང་བཅས་པའི་དངུལ་ལོར་ལ་བརྟེན་ནས་བྱུང་བའི་ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ན་འཛོམས་མིན་དེ་མི་རྣམས་ཀྱི་བདེ་སྡུག་གི་ཚད་གཞིར་བཟུང་དགོས་པར་ཐུག་ན། མིའི་སྨྲ་ཤེས་དོན་གོ་བ་དང་།དལ་འབྱོར་རམ་མཐོ་རིམ་སྲོག་ཆགས་ཀྱི་མཚན་ཉིད་དེ་ཧ་ལམ་ལྡོག་པར་གྱུར་ནས་སྲོག་ཆགས་ཕལ་བའི་གྲལ་དུ་ལྷུང་འགྲོ་བ་མ་ཡིན་ནམ། གང་ལགས་ཤེ་ན།དཔེར་ན་སྒོ་ཁྱི་ལྟ་བུར་ཆ་བཞག་ནའང་།དེར་དྲོད་གྲང་གི་དགོས་མཁོ་དང་མཐུན་པའི་ཁྱི་ཚང་སྐྱིད་པོ་ཞིག་དང་།ཟ་འདོད་དང་འཐུང་འདོད་གང་ཡོད་ཁྱི་ཚང་གི་སྒོ་འགྲམ་དུ་བསྐྱལ་ཡོང་བ་ཙམ་གྱིས་ཆོག་པའི་ངང་ཚུལ་དུ་གྱུར་བ་མ་ཡིན་ནམ།

དངུལ་ལོར་ཀུན་དགའ་དོན་གྲུབ་ག་ལ་ཡིན། འོན་ཏང་དངུལ་ལོར་མེད་ན། དེང་རབས་སྤྱི་ཚོགས་ནང་ཕལ་ཆེར་དོན་མང་ཆེ་བ་འགྲུབ་པར་དཀའ། དཔེར་ན། ཚེ་སྲོག་དང་། རང་དབང་། བརྩེ་དུང་། འཆམ་མཐུན། ཕུགས་བསམ་སོགས་དངུལ་ལོར་གྱིས་ཉོ་ཐབས་བྲལ་མོད། འོན་ཏང་། དཔལ་འབྱོར་སྤྱི་ཚོགས་ཀྱི་ནང་། དངུལ་ལོར་མེད་ན་མི་འགྲིག་པས། དངུལ་ལོར་ག་ཚད་མང་བ་དེ་ཚད་ཀྱི་ལེགས་ཤིང་། མང་དྲགས་ན། བྱམས་སྐྱོང་གི་བྱ་གཞག་དང་སྤྱི་ཚོགས་ཀྱི་ཕན་བདེ་སྐྱོབ་གསོ་སོགས་སྤེལ་ཆོག་གི་རེད།དེང་སྐབས་སྤྱི་ཚོགས་ནང་ཟས་གོས་འགྲོ་སྡོད་སོགས་ཚང་མ་དངུལ་ལོར་ལ་བརྟེན་ནས་ཐག་གཅོད་ཐུབ་པ་དགོས་ཀྱི་ཡོད་མོད།དེ་དག་རྩ་བའི་ཆ་ནས་ཐག་གཅོད་བྱུང་རྗེས།གལ་ཏེ་ད་དུང་ཐལ་དྲགས་པའི་འདོད་པས་ཡོང་འབབ་བརྩོན་ལེན་བྱས་ན་སེམས་ཁམས་དོ་སྙོམ་མེད་པར་གྱུར་རྒྱུ་ཡིན་པས།དེའི་དུས་སུ་སེམས་ནུས་དེ་བདེ་སྲུང་དང་།རིག་གནས་རོལ་རྩེད་དམ་རང་ཉིད་དགའ་བོ་ཡོད་པའི་བྱ་གཞག་གི་ཐད་ལ་ཁ་ཕྱོགས་དགོས་ཀྱི་རེད།ཚད་བཀག་ངེས་ཅན་ཞིག་གི་ནང་།དངུལ་ལོར་མང་དུ་ཕྱིན་ན་འཚོ་གནས་ཀྱི་རྒྱུ་དག་གོང་དུ་འཕེལ་ནས།ཟ་གོས་འགྲོ་འདུག་དང་དེ་བཞིན་སྨན་བཅོས་དང་།སློབ་གསོ།རིག་གནས།གནས་མཇལ་ལམ་ཡུལ་སྐོར་སྤྲོ་འཆམ་སོགས་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ལེགས་བཅོས་ཡོང་ངེས་རེད།འོན་ཏང་དེ་ནི་ངེས་པར་དུ་ཚད་བཀག་ངེས་ཅན་ཞིག་གི་ནང་ཚུད་དུ་ཡིན་དགོས་པ་ལས།ཚད་བཀག་དེ་ལས་བརྒལ་ན།དངུལ་ལོར་གྱིས་འཚོ་གནས་ཀྱི་རྒྱུ་དག་ལ་རྐང་རྗེས་ལག་སུབ་ཀྱི་ཕྱོགས་སུ་ཁྲིད་སྲིད།དེའི་རྒྱུ་རྐྱེན་ནི།སྐྱེ་བོ་ཞིག་གི་གཟུགས་ཁམས་ཀྱི་དགོས་པ་དང་ལོངས་སུ་སྤྱོད་པའི་དངོས་པོའི་རྒྱུ་ཆ་ནི་གང་ལྟར་ཚད་ཡོད་པ་ཞིག་ཡིན་པས།མང་དྲགས་པའི་ཆ་ཤས་ནི་རྒྱས་སྤྲོས་དང་སྒྲིག་གཤོམ་ཙམ་དུ་ཟད། སྐྱེ་བོ་ཕལ་ཆེར་གྱིས་རྒྱུ་དངོས་ལོངས་སྤྱོད་ཚེ་གང་འདང་ངེས་ཡོད་ཀྱང་ད་དུང་བརྩོན་ལེན་བྱེད་པ་ནི་མཐར་གཏུགས་ནས་བརྗོད་ན་རང་གི་བུ་ཕྲུག་གི་ཆེད་དུ་ཡིན་པས། དོན་དུ་བུ་ཕྲུག་ལ་གསེར་གྱི་རི་ཞིག་བསགས་ནས་བཞགས་ཀྱང་། གསེར་གྱི་རི་དེ་རང་གི་བུ་ཕྲུག་དང་དེའི་ཡང་བུ་ཕྲུག་གི་ལག་ཐོག་ཏུ་ལྷུང་སྐབས། ཡང་སྙིང་གསེར་གྱི་རི་དེ་གང་འདྲ་ཞིག་ཏུ་འགྱུར་འགྲོ་མིན་དེ་མི་སུ་འདྲ་ཞིག་གིས་ཀྱང་ཚོད་དཔག་བྱེད་ཐབས་བྲལ་བའི་ལྐོག་འགྱུར་ཆེན་པོ་ཞིག་ཡིན་པ་རེད། དེར་བརྟེན།དེའི་ཐོག་ལ་གནའ་དེང་དང་ཕྱི་ནང་གི་དངོས་དཔེ་ཇི་སྙེད་ལ་ཤེས་རྟོགས་ཡོད་པའི་མི་རྣམས་ཀྱིས་དེང་གི་དུས་སུ་རང་གི་བུ་ཕྲུག་གི་ཆེད་དུ་གསེར་རྡོག་རྡོག་ཅིག་གསོག་པ་ལས།བུ་ཕྲུག་དེ་རང་གསེར་རྡོག་རྡོག་ཅིག་ཏུ་འགྱུར་ཐུབ་པ་བྱས་ན་བཟང་ཞེས་བརྗོད་ཀྱིན་འདུག

དངུལ་ལོར་གྱིས་ལོངས་སྤྱོད་ལ་ཕན་ནུས་ནི་དེ་བས་ཚད་ཡོད་པ་ཞིག་ཡིན་པ་དེའང་མིའི་རིགས་ཀྱི་ཆེས་ཁྱད་དུ་འཕགས་པའི་ལོངས་སྤྱོད་གཙོ་བོ་ནི་སེམས་ཁམས་ལ་རག་ལས་པས་དངུལ་ལོར་གྱིས་ཉོ་ཐབས་བྲལ་བས་རེད། ་གང་ཡིན་ཤེ་ན། དངུལ་ལོར་གྱིས་ཀླུ་ཡི་ཕོ་བྲང་ལྟ་བུའི་ཁང་གཞིས་ཉོ་ཆོག་ཀྱང་། བློ་དཀྱེལ་ཉོ་ཐབས་བྲལ་བ་དང་། གྲགས་ཅན་རི་མོའི་བརྩམ་བྱ་ཉོ་ཆོག་ཀྱང་། དེའི་དོན་གྱི་ལོངས་སྤྱོད་ཉོ་ཐབས་བྲལ་བ། ་དངུལ་ལོར་གྱིས་རྒྱས་སྤྲོས་ཀྱི་སྤྲོ་འཆམ་ཉོ་ཆོག་ཀྱང་། སྤྲོ་འཆམ་ལམ་བར་གྱི་བསམ་པའི་ལོངས་སྤྱོད་ཉོ་བར་དཀའ།

 འོན་ཏང་། རང་ཅག་གི་ཡིད་ལ་ངེས་དགོས་པར། དངུལ་ལོར་ནི་བདེ་སྐྱིད་ཐོབ་པར་བྱེད་པའི་ཕྱི་རོལ་ཡུལ་གྱི་ཉེར་ལེན་གྱི་གྲས་ཤིག་ཡིན་པ་ལས། བདེ་སྐྱིད་ཀྱི་རྩ་བ་འབའ་ཞིག་མ་ཡིན་ལ། ཇི་སྲིད་བར་ཐད་ཀར་བདེ་སྐྱིད་ཀྱི་དཔལ་དུ་སྨིན་པའི་འདུན་པ་ནི་ཉི་མོའི་རྨི་ལམ་གྱི་རྗེས་སུ་འགྲོ་བ་རེད།

དངུལ་ལོར་དང་མི་ཚེའི་ལྟ་བའི་བར་ལ་འབྲེལ་བ་གཏིང་ཟབ་ཡོད།སྐྱེ་བོ་འགའ་ཞིག་གིས་ཕྱི་ཚུལ་དུ་རང་ཉིད་དྭངས་གཙང་ལྷད་མེད་དུ་རློམས་ནས། དངུལ་ལོར་གྱིས་ཕན་ཐོགས་མེད་ཅེས་བརྗོད་པ་དང་། ཁག་ཅིག་རང་ཉིད་དངུལ་ལོར་གྱིས་ཕོངས་བས། དངུལ་ལོར་མང་པོ་ཡོད་མཁན་ལ་ཕྲག་དོག་དང་རང་གིས་རང་ལ་སེམས་གསོ་དང་སྦྲགས་ནས། དངུལ་ལོར་ལ་ཕན་ཐོགས་མེད་ཅེས་བརྗོད་པ། ་ད་དུང་ཁ་ཅིག་གིས་དངུལ་ལོར་གྱི་དོན་སྙིང་གང་ཡང་མི་ཤེས་པར། བླུན་རྨོངས་ཀྱིས་དངུལ་ལོར་ལ་ཕན་ཐོགས་མེད་ཅེས་བརྗོད་ཀྱི་ཡོད།  ་དངུལ་ལོར་ནི་མིའི་རིགས་ཀྱི་ཤེས་དཔལ་དར་བའི་རྒྱུན་རིམ་ནང་མིའི་རིགས་རང་ཉིད་ཀྱིས་གསར་གཏོད་བྱས་པའི་ཐོན་ཁུངས་སམ་ནུས་པའི་འབྱུང་ཁུངས་ཤིག་ཡིན་པ་རེད། མ་གཞི་དངུལ་ལོར་ཀུན་དགའ་དོན་གྲུབ་ག་ལ་ཡིན། ཡིན་ནའང་། དེང་སྐབས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་དངུལ་ལོར་མེད་ན་གཏན་ནས་འཚོ་ཐབས་བྲལ། དངུལ་ལོར་མེད་ན། ཤེས་ལྡན་པར་གྱུར་བ་དང་། དགའ་སྤྲོའི་འཚོ་བར་རོལ་དཀའ་བ་མ་ཟད། བྱ་གཞག་འཕེལ་རྒྱས་དང་། ཚེ་རིང་བདེ་ཐང་ཡང་ཡོང་བར་དཀའ། དངུལ་ལོར་འདང་ངེས་ཡོད་ན། ལས་དོན་མང་ཆེ་བ་བདེ་བླག་ངང་གྲུབ་ཐུབ་རྒྱུར་ཕན་ཐོགས་ཡོད་པ་རེད། དེར་བརྟེན་དངུལ་ལོར་མང་ཙམ་ཡོད་ན། འཚོ་བ་ལེགས་ཙམ་ལ་རོལ་ཆོག་ཅིང་། དངུལ་ལོར་མང་ཙམ་ཡོད་ན། སློབ་གསོ་ལེགས་ཙམ་མྱོང་ཆོག་པས། ཤེས་ལྡན་པར་གྱུར་རྒྱུར་ཕན་ཐོགས་ཡོད། དངུལ་ལོར་མང་ཙམ་ཡོད་ན།    ་བྱ་གཞག་ལེགས་ཙམ་གོང་འཕེལ་ཡོང་ངེས་ཡིན་ལ། དངུལ་ལོར་འདང་ངེས་ཡོད་ན། མཆོག་ཏུ་གྱུར་བའི་ཞིབ་འཇུག་ཚན་པའང་འཛུགས་ཆོག  ལྷག་པར་དུ་ནང་པ་སངས་རྒྱས་ཀྱི་ཆོས་ལ་དད་མོས་ལྡན་པའི་བོད་རིགས་ཤིག་གི་ངོས་ནས་བརྗོད་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བྱ་རྒྱུ་ནི་མི་ལུས་རིན་པོ་ཆེར་ངོས་འཛིན་པའི་ཆེས་རྩ་བའི་དམིགས་ཡུལ་དང་སྙིང་པོ་ཡིན་པས།

དངུལ་ལོར་ཡོད་ན་།ཡརདཀོན་མཆོག་གསུམ་ལ་མཆོད་འབུལ་དང་ མར་ངན་སློང་ལ་སྦྱིན་པ་གཏོང་བ་སོགས།བྱམས་སྙིང་རྗེ་དང་དགེ་རྩ་སྒྲུབ་ཆོག་པས། 

་གལ་ཏེ་སྐྱེ་བོ་མང་ཆེ་བའི་དངུལ་ལོར་འདུ་ཤེས་ཟབ་མོ་མེད་ན། དངུལ་ལོར་དོན་གཉེར་བྱེད་པར་འབད་འབུངས་བྱེད་མི་སྲིད་པས། རྒྱུ་འབྱོར་འཕེལ་དཀའ་བར་གྱུར་ནས། འཇིག་རྟེན་འཚོ་བའི་ལོངས་སྤྱོད་ཐོབ་ཐབས་བྲལ་བས། སྐྱེ་བོ་མང་ཆེ་བའི་འབྱོར་སྟོབས་འཕེལ་རྒྱུ་དང་། མི་རིགས་ཧྲིལ་པོའི་དར་རྒྱས་ལ་ནུས་པ་ཐོན་དཀའ།

་ག་ཚད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་སྐྱེ་བོ་རྣམས་ཀྱི་དངུལ་ལོར་གྱི་ལྟ་བ་དེ་ཚད་ཀྱིས་ཤུགས་ཆེ་བས་ཁོ་ཚོས་དངུལ་ལོར་ཐོབ་ཆེད་འབད་བརྩོན་ཆེན་པོས་སློབ་སྦྱོང་དང་ལས་ཀ་བྱས་ཏེ་རྒྱུ་ནོར་འབོར་ཆེན་གསར་གཏོད་བྱེད་ཀྱིན་ཡོད།

ག་ཚད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་ཀྱིས་དེ་ཚད་ཀྱིས་དངུལ་ལོར་ལ་གཙིགས་ཆེན་བྱེད་ཀྱི་ཡོད་པས།དེ་འདྲའི་ལྟ་བས་རྒྱལ་ཁབ་དང་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལམ་སེང་ཕན་ནུས་ཆེན་པོ་མངོན་དཀའ་ཡང་།མི་རབས་ནས་མི་རབས་བརྒྱུད་ན།ཕྱི་རྒྱང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་ཕན་པ་ཧ་ཅང་ཆེན་པོ་ཐོན་ངེས་རེད། ་ང་ཚོས་དངུལ་ལོར་གྱི་དོན་སྙིང་ལ་དོགས་པ་བྱེད་དགོས་དོན་མེད།ཁྲིམས་མཐུན་གྱིས་དངུལ་ལོར་དོན་གཉེར་བྱེད་པ་ནི་གཟི་བརྗིད་དང་།ལུགས་མཐུན་གྱིས་དངུལ་ལོར་བེད་སྤྱོད་བྱེད་པ་ནི་མཆོག་ཏུ་གྱུར་བ་ཞིག་ཡིན་པ་རེད། རང་རིགས་ཀྱི་ཕ་མེས་རྣམས་ཀྱིས་ཆོས་ལུགས་ཀྱི་བསམ་བློའི་བག་ཆགས་སོགས་དངུལ་ལོར་ལ་གཙིགས་མཐོང་དང་། དེའི་ཁྱད་འཕགས་རང་བཞིན་སྤྱིར་ན་ཁས་ལེན་བྱེད་ཀྱི་མེད་པ་རེད་། སྤྱི་ཚོགས་གོང་དུ་འཕེལ་བ་དང་ཆ་འཕྲིན་སོགས་ཕྱི་ཕྱོགས་ཀྱི་གནས་ལུགས་རྒྱུ་མཚན་ལ་ཤེས་རྟོགས་ཆེ་ཆེར་འགྲོ་བ་དང་སྦྲགས་ནས། དངུལ་ལོར་གྱི་ཁྱད་འཕགས་རང་བཞིན་ངང་ངམ་ཤུགས་ཀྱིས་དོན་དངོས་འཚོ་བའི་ཐོག་ནས་མངོན་གྱི་ཡོད། དཔྱོད་ལྡན་དག་གིས་དངུལ་ལོར་དོན་གཉེར་ལ་དང་དོད་ཆེ་ཆེར་འགྲོ་བ་མ་ཟད། དོན་གཉེར་དེ་བས་ལྷག་པ་བྱེད་ཐུབ་ཀྱི་ཡོད། ་རང་རྒྱལ་གྱི་ཁྲིམས་ལུགས་འཐུས་ཚང་དང་། སྤྱི་འབངས་ཀྱི་བྱང་ཚད་གོང་མཐོར་འགྲོ་བ་དང་སྦྲགས་ནས། ཤེས་སྤྱོད་བྲལ་བའི་སྐྱེ་བོའི་དངུལ་ལོར་དོན་གཉེར་གྱི་རེ་བ་སྟོང་ཟད་དུ་འགྲོ་བ་དང་། ལྐོག་ཟ་རུལ་སུངས་སོགས་ཚུལ་མིན་གྱིས་དངུལ་ལོར་ཐོབ་ཐབས་བྱེད་པའི་ཤུལ་ལམ་གུ་དོག་ཏུ་འགྲོ་བཞིན་ཡོད་པས། དོན་དམ་པའི་འཇོན་ཐང་དང་ཡོན་ཏན་ངོ་མ་ཡོད་ཕྱིན། གཞི་ནས་དངུལ་ལོར་དོན་གཉེར་གྱི་མ་རྩ་ཡིན་པ་རེད། ཁ་ཅིག་ལ་མ་གཞི་གནས་སྐབས་རིང་དངུལ་ལོར་འབོར་ཆེན་མ་ཐོབ་ཀྱང་། རང་ངོས་ཀྱི་ཕྱོགས་གང་ཐད་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུར་ཡིད་གཟབ་ཀྱིས་བྱང་ཚད་ངེས་ཅན་ཞིག་ཏུ་གསོན་སྐབས། ཏན་ཏན་དེ་མུར་དངུལ ལོར་གྱི་འབྱོར་བའང་རྒྱས་ངེས་རེད། དཔེར་ན། ནུས་རྩལ་ཁྱད་དུ་འཕགས་པ་ལྡན་ཚེ། གཞན་གྱི་གླ་པ་ཞིག་བྱེད་དགོས་བྱུང་ཡང་། གླ་ཕོགས་གཞན་ལས་ལྷག་པ་ཐོབ་སྟེ་དངུལ་ལོར་མང་པོ་རག་ངེས་རེད་ལ། གལ་ཏེ་དངུལ་ལོར་ཡོད་པ་ལས་ནུས་རྩལ་དང་། ཀུན་སྤྱོད་མེད་ན། རིན་ཆེན་མི་ལུས་འདི་ཡང་ཡ་མ་གཟུགས་སུ་གྱུར་རྒྱུ་ལས་མ་འདས།  

་དར་རྒྱས་ལྡན་པའི་རྒྱལ་ཁབ་ཏུ་སྐྱེ་ཁུངས་འབྱོར་ལྡན་ནམ་དབུལ་ཕོངས་གང་ཡིན་ལ་མ་ལྟོས་པར། རང་ལོ་བཅོ་བརྒྱད་དུ་གསོན་པའི་སྤྱི་འབངས་སྤྱིར་ན་དཔལ་འབྱོར་ཐད་རང་མགོ་རང་ཐོན་ལ་བརྩོན་ལེན་གྱིས།སློབ་ཞོར་ལས་བརྩོན་སོགས་ཕ་མའི་ས་ནས་དངུལ་ལོར་ལེན་འདོད་བྱེད་ཀྱི་མེད་ཟེར་གྱི་འདུག་ལ།མ་གཞི་ལས་ཤོར་བར་འཚོ་བའི་འགྲོ་གྲོན་འདང་ངེས་ལེན་ཆོག་ཀྱང་།མི་མང་ཆེ་བས་ལས་ཤོར་ཁ་གསབ་ལེན་འདོད་བྱེད་ཀྱི་མེད་ཅེས་གྲགས་པ།དེ་བཞིན་རྒྱལ་ཁབ་འགའ་ཤས་ནང་ལོ་ན་ཆུང་ཆུང་ལ་ལས་འཁྱུར་ངལ་གསོའི་རེ་འདུན་ཞུས་ཆོག་ཀྱང་།དེ་འདྲ་བྱེད་མཁན་སྤྱིར་ན་མེད་པར་སྐྱེ་བོ་ཆེས་མང་ཆེ་བས་འབད་བརྩོན་ཆེན་པོས་བྱ་གཞག་གོང་སྤེལ་གཏོང་རྒྱུ་དེ་དངུལ་ལོར་ཁོ་ནའི་ཆེད་དུ་མ་ཡིན་ལ། དངུལ་ལོར་དོན་གཉེར་དོར་བ་ཞིག་ཀྱང་མ་ཡིན་པར། དངུལ་ལོར་དོན་གཉེར་བྱེད་པ་དང་སྦྲགས་དོན་དམ་དུ་ཚེ་སྲོག་དོན་སྙིང་ཅན་དུ་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད 

སྔོན་བྱོན་སྐྱེས་མཆོག་དམ་པ་ཇི་སྙེད་ཀྱིས་རྗེས་རབས་ཀྱི་ཆེད་དུ་དཀའ་བ་ཁྲི་སྟོང་ཁྱད་དུ་བསད་ཅིང་། ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བར་ལེགས་སྐྱེས་སུ་ཕུལ་ཡོད་མོད། ཁོང་ཚོས་རང་སྒེར་ལ་བདག་པའི་རྒྱུ་ནོར་ལོངས་སྤྱོད་ཀྱི་རི་བོ་ཞིག་ཤུལ་དུ་བཞག་ཡོད་པར་མ་གྲགས་ལ། ངལ་རྩོལ་མི་དམངས་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་གོང་དུ་འཕེལ་བའི་རྒྱུན་རིམ་ནང་རང་འབྱུང་ཁམས་ཀྱི་སྣང་ཚུལ་འདྲ་མིན་ལ་འཐབ་རྩོད་མཐའ་འཁྱོངས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་ལས་གཞན་གྱི་མི་ཡུལ་དུ་འཚོ་གནས་བྱེད་རིང་ལས་བྱུང་བའི་རང་བདག་གི་རྒྱུ་དངོས་སོགས་མི་ཡུལ་ནས་རང་གི་ཐོབ་སྐལ་གྱི་ཚུལ་དུ་འཁྱེར་ཡོད་བཟོ་མིན་འདུག་ལ། འཁྱེར་ཐབས་ཀྱང་གཏན་ནས་མེད་པ་རེད། དེར་བརྟེན། ང་ཚོས་དངོས་པོའི་ལོངས་སྤྱོད་བརྩོན་ལེན་བྱེད་པའི་རྒྱུན་རིམ་ནང་། དེ་ལས་ལྷག་པར་མིའི་རིགས་ཧྲིལ་པོ་དང་རང་གི་མེས་རྒྱལ་དང་མི་རིགས་ཀྱི་ཁེ་ཕན་ལ་ལྷག་བསམ་རྣམ་པར་དག་ཅིང་། མི་ཆོས་དང་ཀུན་སྤྱོད་སྤྱི་བོའི་གཙུག་ཏུ་བཀུར་བ་དང་། རང་སྒེར་བདག་འཛིན་གྱི་འདུ་ཤེས་འདོར་ནས་གཞུང་དྲང་སྤྱི་ཕན་གྱི་ལེགས་སྐྱེས་ལ་དང་འདོད་བྱེད་པའི་སྙིང་སྟོབས་གཙིགས་སུ་འཛིན་རྒྱུ་ནི་དལ་འབྱོར་མི་ལུས་རིན་པོ་ཆེའི་དོན་སྙིང་དུ་སྒོམ་རྒྱུ་གལ་འགངས་ཆེ་བར་སེམས།

འཇིག་རྟེན་འདིའི་ཐོགདངུལ་ལོར་ལས་ལྷག་པར་ངེས་པར་དུ་གཙིགས་མཐོང་བྱེད་དགོས་ཐག་ཆོད་ཇི་སྙེད་ཅིག་མཆིས་པ་ནི། དཔེར་ན། དྭངས་གཙང་ལྷད་མེད་ཀྱི་ཕོ་མོའི་བརྩེ་དུང་གིས་མི་ལ་དགའ་བདེ་སྦྱིན་ལ།ལྷག་བསམ་རྣམ་པར་དག་པའི་མཛའ་མཐུན་གསེར་དངུལ་གྱིས་ཉོ་ཐབས་བྲལ་ཤིང་། རྒྱལ་གཅེས་ཀྱི་ལྷག་བསམ་དང་མི་རིགས་ཀྱི་ལ་རྒྱ་གསེར་དངུལ་གྱིས་འགུལ་མི་ཐུབ།

རིན་ཆེན་མི་ལུས་འཚོ་གནས་ཀྱི་རྣམ་པ་ནི་ཚེ་སྲོག་དང་།འཚོ་གནས་ཀྱི་བརྒྱུད་རིམ་ནི་མི་ཚེ་ཡིན་པས།ཚེ་སྲོག་གི་རིན་ཐང་དེ་རིན་པོ་ཆེ་དང་རྒྱུ་དངོས་ཀྱིས་སྦྱིན་ནུས་པ་ཞིག་མ་ཡིན་ལ།ཚེ་སྲོག་གི་ཁྱད་འཕགས་ཀྱང་ཡིད་འོང་རྒྱན་གོས་ཀྱིས་མཚོན་ཐུབ་པ་ཞིག་དེ་བས་ཀྱང་མ་ཡིན་ཤིང་།མི་ཚེའི་སྙིང་པོ་ནི་འཇིག་རྟེན་གྱི་རྒྱུ་ནོར་ཁྲ་ཆིལ་སྦ་ཆིལ་གྱི་ནང་ནས་འོད་སྣང་འཕྲོ་ཡོང་བ་ཞིག་གཏན་མ་ཡིན་པ་མ་ཟད།མི་ཚེའི་རིན་ཐང་ནི་གསེར་དངུལ་གྱི་ཕུང་གསོག་གིས་འགྲེལ་བཤད་བྱེད་ཐུབ་པ་ཞིག་ཀྱང་རྩ་བ་ནས་མ་ཡིན་པར།ཚེ་སྲོག་གི་རིན་ཐང་དང་ཚེ་སྲོག་གི་བླ་ན་མེད་པ་ནི། མཆོག་ཏུ་འགྱུར་བའི་བསམ་བློའི་འདུ་ཤེས་དང་། ཁྱད་དུ་འཕགས་པའི་ཀུན་སྤྱོད། བླ་ན་མེད་པའི་ཤེས་རབ་ཀྱི་ནང་དུ་གསེར་ལྟར་བཙོ་སྦྱངས་ཀྱིས་ཅུང་ཙག་ནས་རིམ་པས་གསོག་འཇོག་བྱས་པ་ལས་བྱུང་བ་ཞིག་ཡིན་པས། མི་ཚེའི་ཉིང་བཅུད་དང་། ཚེ་སྲོག་གི་དོན་སྙིང་ནི་བློ་དཀར་གཞུང་དྲང་དང་གཞན་ཕན་བྱམས་སེམས་ཀྱི་ཁྲོད་དུ་མྱུ་གུ་རྒྱས་ཤིང་གཟི་བརྗིད་ཀྱི་འོད་མདངས་འཕྲོ་བ་ལས་དར་ཡོང་བ་ཞིག་ཡིན།  

་དངུལ་ལོར་གྱི་ཁྱད་འཕགས་ནི་མི་རྣམས་ཟ་འཐུང་འགྲོ་འདུག་སོགས་དངོས་པོའི་ལོངས་སྤྱོད་ཀྱི་དཀའ་སྡུག་གི་གནས་ལས་ཐར་ནས་དངུལ་ལོར་གྱི་ཐད་རང་དབང་ཐོབ་པ་སྟེ། སེམས་ནུས་ཡོད་རྒུ་དངུལ་ལོར་གྱི་ཆེད་དུ་འབད་འབུངས་བྱེད་མི་དགོས་པར་གྱུར་སྐབས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་ཆོས་ཀྱི་ཁྱབ་ཁོངས་ནང་རང་ཉིད་ཀྱི་འདོད་འདུན་ཇི་བཞིན་མི་ཡུལ་གྱི་དགའ་བདེའི་དཔལ་ལ་རོལ་ཆོག་པ་ཙམ་ལས།ད་དུང་དངུལ་ལོར་ཁོ་ནར་དགའ་དྲགས་ནས།དངུལ་ལོར་འདང་ངེས་ཡོད་བཞིན་དུ་ད་དུང་དེའི་ཆེད་དུ་འབད་འབུངས་འབའ་ཞིག་བྱེད་རྒྱུར་དུས་འདའ་བར་གྱུར་ཚེ། དེ་ནི་དེ་བས་རང་དབང་དང་འབྲལ་བར་གྱུར་ངེས་ལས་མ་འདས།

གང་ལགས་ཤེ་ན།དེ་རྣམས་ལ་དངུལ་ལོར་གྱི་མདུན་དུ་མཐར་ཕྱིན་པར་བཅིངས་འགྲོལ་ཐོབ་པའི་ཉི་མ་ཞིག་ཇི་སྲིད་མེད་པསོ།  

རྒྱུ་དངོས་པོའི་འབྱོར་བས་ཕོངས་ན།དངུལ་ལོར་ཇི་ཙམ་ཉུང་བ་དེ་ཙམ་གྱིས་དེའི་བྲན་གཡོག་ཏུ་གྱུར་རྒྱུ་དང་། བློ་ཤེས་རབ་ཀྱིས་ཕོངས་བར་གྱུར་ན།དངུལ་ལོར་ཇི་ཙམ་གྱིས་མང་བ་དེ་ཙམ་གྱིས་དེའི་བྲན་གཡོག་ཏུ་གྱུར་རྒྱུ་ཡིན་པའི་གནས་ལུགས་དེ་འདྲ་ཞིག་ངེས་པར་དུ་ཀུན་གྱིས་ཤེས་དགོས་ཀྱི་རེད།

ཁྲོམ་རའི་དཔལ་འབྱོར་གྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་། མ་གཞི་སུག་བྲིས་པའི་འདོད་འདུན་དང་གཏན་ནས་མི་མཐུན་ནའང་། དངུལ་ལོར་གྱིས་བྱ་དངོས་མང་དག་ཅིག་ཐག་གཅོད་ཐུབ་ཀྱི་ཡོད་པ་མངོན་སུམ་ཚད་ནས་གྲུབ་པར་བརྟེན འཇིག་རྟེན་འཁོར་བར་གནས་པའི་མི་ཞིག་གི་ངོས་ནས། དང་ཐོག་རང་སྒེར་གྱི་ཟས་གོས་འགྲོ་འདུག་སོགས། འཇིག་རྟེན་མི་ཡུལ་དུ་འཚོ་གནས་བྱེད་པར་དངུལ་ལོར་འདང་ངེས་ཤིག་དགོས་ཀྱི་ཡོད་པས། གལ་སྲིད་རང་གི་འཇོན་ཐང་གིས་དངུལ་ལོར་མི་ཉུང་བ་ཞིག་གསོག་འཇོག་བྱེད་ཐུབ་པ་ཡོད་ནའང་ ངེས་པར་དུ་ཆོག་ཤེས་དང་ལྡན་པར་རྟག་པར་རང་གིས་རང་ལ་ཚད་ལས་འདས་པའི་འདོད་པ་བྱེད་མི་ཉན་པའི་དྲན་སྐུལ་དང་བཅས་མི་ལུས་རིན་པོ་ཆེ་དོན་ལྡན་ཡོང་བར་འབད་འབུངས་གཙིགས་ཆེན་བྱེད་རྒྱུ་ནི་དོན་གྱི་གནད་དམ་པར་འཛིན་དགོས་སྙམ་མོ།།།།

发表评论 评论 (5 个评论)

回复 jingwa 2015-6-30 03:32
我虽然看不懂, 但支持藏语写作。
回复 ljh8520035 2015-6-30 09:31
  
回复 慧眼识珠 2015-6-30 16:30
实在抱歉  我这里翻译不了  谢谢  扎西德勒
回复 potala 2015-9-8 23:49
བོད་ཀྱི་དར་དཀར་རིག་གནས།
ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།
ལྷག་བསམ་མཚོན་བྱེད་ཁ་དོག་དཀར་པོ་ཞེས། །
གདོད་མའི་དུས་ནས་བོད་ཀྱི་ཡུལ་སྲོལ་གྲགས། །
ཚོང་རྭ་རྒྱས་པས་སྲོལ་ལུགས་ཉམས་རྒུད་འདི། །
དེང་གི་དུས་སུ་མདོ་ཁམས་ཡུལ་དུ་ཁྱབ། །
བཀྲ་ཤིས་ལྷ་རྫས་ཁ་དོག་དཀར་པོ་དང་། །
ཆོ་གའི་རིག་གནས་དར་མཚོན་སྣ་ལྔ་གཉིས། །
གཅིག་ཏུ་འཁྲུལ་ནས་གུས་ཞབས་མཚོན་པ་ནི། །
ཤིང་བཟོའི་ཆེད་དུ་མགར་ཆས་ཁྱེར་དང་མཚུངས།།
གཉིས། དེང་དུས་ཁམས་དང་ཨ་མདོའི་ཡུལ་དུ་དར་དཀར་གྱི་རིག་གནས་ཉམས་རྒུད་འགྲོ་ཚུལ།
དེང་དུས་བོད་ཀྱི་དར་དཀར་རིག་གནས་གཏོར་བཤིགས་ཐེབས་པའི་སྐོར། དར་དཀར་ནི་ལྷག་བསམ་དང་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་པས་ཁ་དོག་དཀར་པོ་དཀར་གཙང་ཞིག་ཡིན་པར་སྨོས་མ་དགོས་པ་རེད། ཡིན་ནའང་དེང་དུས་དར་ཁ་དོག་སྣ་ཚོགས་དང་། དར་ཁྲ་སོགས་གཏོང་སྲོལ་བྱུང་བ་འདི་ནི་ཚོང་ལས་དང་འབྲེལ་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ཞིག་རེད། གནས་ཚུལ་འདི་ནི་སྤྱི་ལོ་༡༩༨༠པའི་རྗེས་སུ་བྱུང་བ་ཞིག་རེད། ཇི་ལྟར་ཞེ་ན། དུས་དེར་སྔར་རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་རིག་གནས་རྙིང་པ་རྣམས་ཉམས་རྒུད་ཕྱིན་པ་རྣམས་ཉམས་གསོ་མཐར་ཕྱིན་པ་ཞིག་མ་བྱུང་པའི་སྐབས་དེར། དབུལ་བཅོས་ཕྱུག་འགྱུར་གྱི་སྲིད་ཇུས་ཀྱིས་ཚོང་ལས་དར་སྤེལ་གཏོང་བས། ཚོང་ལས་པ་རྣམས་ཀྱིས་ཁེ་ཚོང་ལ་དམིགས་ནས་དར་སྣ་ཚོགས་བཟོས་པ་དང་བོད་རིགས་གཞོན་ནུ་རྣམས་ཀྱིས་དར་དཀར་གྱི་མཚོན་དོན་མ་ཤེས་པ་གཉིས་འཛོམས་ནས་དར་སྣ་ཚོགས་བཏང་སྲོལ་འདིར་གསར་དུ་ཆགས་པ་ཞིག་རེད། དེས་ན་དེང་སང་དར་ཁྲ་འདི་ནི་དུས་རབས་དང་འབྲེལ་བའི་བོད་ཀྱི་དར་དཀར་རིག་གནས་ལ་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ཞིག་རེད།
ཞེས་བོད་ཀྱི་གནའ་བོའི་སྲོལ་ལུགས་ལ་རྒྱུས་མངའ་ཅུང་ཟད་ཡོད་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ཚེས་༡༠ཉིན། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ནས་བོད་ཀྱི་དར་དཀར་རིག་གནས་ཉམས་རྒུད་གསོ་བ་ལ་ཅུང་ཟད་ཕན་པའི་ལྷག་བསམ་གྱིས་སྤྲིངས་པའོ། །
2015.03.10.
回复 扎西旦巴 2015-10-23 16:59
རྒན་ལགས་ཀྱིས་གནད་ལ་འཕིགས་པོ་ཞིག་གསུངས་སོང་།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 12:42 , Processed in 0.030930 second(s), 22 queries .

返回顶部