博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... http://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

གཞིས་རྩེ་ཁུལ་གྱི་དམངས་སྒྲུང་ཚན་པ་གཉིས། ...

热度 2已有 1070 次阅读2015-6-29 17:36 |系统分类:文化

ཆོས་འབྲོག་ཉི་མ་དོན་ལགས་ཀྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་དུས་སུ་གཞིས་རྩེ་ཁུལ་ནས་བསྡུས་པའི་དམངས་ཁྲོད་སྒྲུང་གཏམ་ལས།

རི་བོང་གིས་སྲོག་བསྐྱབས་པ།

གནའ་སྔ་མོའི་དུས་སུ་ལ་ག་བློ་བཟང་དང་། ཙི་བུ་རྒྱ་ཕྲ་ཞེས་པ་གཉིས་བྱང་ཚྭ་ཁ་ལ་ཚྭ་འདགས་པར་འགྲོ་བའི་ལམ་བར་དུ་སྤྱང་ཀི་ཟ་རྔམ་ཅན་ཞིག་དང་ཕྲད་ནས་སྤྱང་ཀིས་ལ་ག་དང་ཙི་བུ་གཉིས་མཐོང་བ་ཙམ་གྱིས་ལམ་སེང་ཟ་བར་ཡོང་སྐབས། ལ་ག་དང་ཙི་བུ་གཉིས་འཇིགས་སྐྲག་གིས་འདར་སྐད་རྒྱག་བཞིན་དུ། ཨ་བོ་སྤྱང་ཀི་མཆོག་སྐུ་མཁྱེན། ང་ཚོ་གཉིས་ནི་བྱང་ཚྭ་ཁར་ཚྭ་འདགས་པར་འགྲོ་མཁན་ཡིན་པས། ད་ལྟ་ཤ་ཤེད་མེད་ཅིང་ཤ་ལ་བྲོ་བ་ཡང་གང་ནས་ཡོང་། ཚྭ་འདགས་ནས་ཚུར་ལམ་ཡང་འདི་གར་བརྒྱུད་དགོས་པས། ཤ་ཤེད་རྒྱས་ལ་ཤའི་བྲོ་བ་ཆེ་རུ་འགྲོ་ངེས་ཡིན་པར་བརྟེན། ཁྱེ་ཀྱིས་ཟ་གི་ཡིན་གསུངས་ཀྱང་ང་གཉིས་ལ་བྱ་ཐབས་གང་ཡང་མེད། ད་ཐེངས་གཅིག་པོ་ཚེ་ཐར་གཏོང་རོགས་གནང་། ཞེས་ཞུ་བ་ཕུལ་པར་སྤྱང་ཀིའི་སེམས་ལ། དངོས་འབྲེལ་ད་ལྟ་ཁོ་གཉིས་ཤ་ཤེད་ཞན་པོ་འདུག ཚྭ་བྱུང་ན་ཤ་ཞིམ་དུ་འགྲོ་ངེས་རེད་བསམ་ནས། འོ་ན། ད་རེས་སྐབས་ཤིག་ཚེ་ཐར་བཏང་ཆོག་ཀྱང་། ཚུར་ལམ་ངེས་པར་དུ་འདི་ནས་མ་ཡོང་ན། ལྟད་མོ་ལྟོས་ཞེས་བརྗོད། ལ་ག་བློ་བཟང་དང་ཙི་བུ་རྒྱ་ཁྲ་ཚྭ་ཁ་ནས་ཚུར་ལོག་ཡོང་སྐབས། ས་ཆ་དེའི་ཉེ་འདབས་སུ་འབྱོར་སྐབས། སྤྱང་ཀི་ཕྲད་རྒྱུར་འཇིགས་སྣང་ཆེན་པོ་སྐྱེས་ན། གཉིས་ཀར་མིག་ཆུ་གཏོང་བཞིན་དུ་ཡོང་བ་རི་བོང་བློ་ལྡན་གྱིས་མཐོང་ནས། ཁྱེ་གཉིས་དེ་འདྲའི་སྐྱོ་སྣ་བྱེད་དགོས་དོན་གང་ཡིན་ཞེས་དྲིས་པར། ལ་ག་དང་ཙི་བུས་གནས་ལུགས་རྒྱུ་མཚན་ཇི་བཞིན་བཤད་དེ། སྤྱང་ཀི་ཕྲད་ནས་ཟ་གི་ཡིན་ཟེར་ན་ཤི་རྒྱུ་ཁོ་ན་ལས་ཐབས་གཞན་མེད་ཅེས་མུ་མཐུད་མིག་ཆུ་གཏོང་བཞིན་སོང་བ་ན། རི་བོང་བློ་ལྡན་གྱིས་བསམ་བློ་ཞིག་བཏང་ནས། ཨོའོ། དེ་འདྲ་ཡིན་ནའང་། ཁྱེད་གཉིས་སེམས་ཁྲལ་མ་བྱེད། ངས་་ཐབས་ཤེས་ཤིག་བྱས་ཆོག་ཅེས་བརྗོད་པ་དང་སྦྲགས། མགོ་བོར་ཞྭ་མོ་འབོགས་དོ་འདྲ་བའི་ལྕི་བ་ཞིག་གྱོན། ཤོག་བུའི་ཚབ་ཏུ་ཆོ་ལོའི་ལོ་མ་ཤིག་ལག་ཏུ་འཁྱེར། སྨྱུ་གུའི་ཚབ་ཏུ་འཇག་མ་རྐང་ཁ་ཤས་རྣ་ཅོག་གི་བར་དུ་བཅུག་ནས། ལ་ག་བློ་བཟང་བཞོན་རྟའི་ཚུལ་དང་། ཙི་བུ་རྒྱ་ཁྲ་ཁལ་རྟའི་ཚུལ་གྱིས་མཉམ་དུ་ལམ་ལ་བཞུགས་པས། དེ་གོང་ལ་ག་དང་ཙི་བུ་གཉིས་ལ་སྤྱང་ཀི་ཕྲད་ས་དེ་རང་དུ་སྤྱང་ཀི་ཁོ་གཉིས་སྒུག་ནས་བསྡད་ཡོད་ཅིང་། ཁོ་གཉིས་ཡོང་བ་མཐོང་མ་ཐག། ཁ་བྲག་ཁུང་ལྟ་བུ་ཞིག་གདངས་ནས། ཁོ་གཉིས་ཟ་བར་ཡོང་སྐབས། རི་བོང་གིས་ལག་གཅིག་ཏུ་ཆོ་ལོའི་ལོ་མ་བཟུང་བ་དང་ལག་གཅིག་གིས་རྣ་ཅོག་གི་བར་ནས་འཇག་མ་རྐང་གཅིག་བཏོན་ནས། སྤྱང་ཀིའི་མདུན་དུ་ཐོན་ཡོང་སྟེ། ང་དབང་ཆེན་དཔོན་པོའི་བཀའ་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ཞུ་བར་འགྲོ་མཁན་ལ་དགོས་པའི་སྤྱང་ཀི་དགུའི་པགས་པ་ཐོ་ལེན་པར་བཏང་བྱུང་བས། སྤྱང་ཀི་གཅིག་འདི་ན་འདུག་ག ད་དུང་བརྒྱད་ག་པར་ཡོད་དམ། པཱ་འ་གི་གུ་ཙིག ཅེས་ཅེས་ཤོག་བུའི་ཚུལ་གྱི་ཆོ་ལོའི་སྟེང་དུ་འཇག་མས་ཡི་གེ་འདྲི་བ་ལྟར་དྲད་དྲད་བྱས་པས། སྤྱང་ཀི་སྐྲག་ཐག་ཆོད་ནས། སྐུ་ངོ་མཆོག་གིས་ཐུགས་རྗེས་གཟིགས་ནས་བདག་ཁྱེད་ཀྱི་ཐོའི་ནང་མ་འཁོད་པ་གནང་རོགས་གནང་ཞེས་ཞུ་བ་འཐེན་བཞིན་དུ་མཇུག་མ་བརླ་ཤའི་བར་དུ་བཅུག་ནས། གྲུ་གུ་འདྲིལ་བ་ལྟར་བྲོས་ནས་ཕྱིན་སོང་བས། རི་བོང་བློ་ལྡན་གྱི་དྲིན་ལས་ལ་ག་བློ་བཟང་དང་། ཙི་བུ་རྒྱ་ཁྲ་གཉིས་སྤྱང་ཀིའི་ཁ་ལས་ཐར་ནས། རང་ཡུལ་ལ་བདེ་བར་ལོག་རྒྱུ་བྱུང་བ་རེད་ཅེས་གྲགས་སོ། ། ། །

  

རྐུན་ཆེན་དང་རྐུན་ཆུང་།

 

  ལུང་པའི་ཕུ་ན་མིང་ལ་རྐུན་ཆེན་ཟེར་བའི་རྐུ་མར་ཐོག་རྒྱག་རྒྱག་བྱེད་མི་གཅིག་དང་། ལུང་པའི་མདའ་ན་མིང་ལ་རྐུན་ཆུང་ཞེས་རྐུ་མར་གློག་ཁྱུག་ཁྱུག་བྱེད་མི་ཞིག་ཡོད་པ་རེད། ཉིན་ཞིག་རྐུན་ཆེན་ལུང་པའི་མདར་རྐུ་མ་རྒྱག་པར་ཡོང་བ་དང་། རྐུན་ཆུང་ལུང་པའི་ཕུར་རྐུ་མ་རྒྱག་པར་ཕྱིན་པས། ཁོ་གཉིས་ལམ་བར་དུ་རྟག་རྟག་ཁ་ཐུག རྐུན་ཆེན་གྱིས་ཁྱོད་ཡུལ་གང་ནས་ཡིན། མི་ལ་ཅི་ཟེར། ལས་ཀ་གང་བྱེད་ཅེས་དྲིས། རྐུན་ཆུང་གིས་ང་ནི་ལུང་པའི་མདའ་ནས་ཡིན། མིང་ལ་རྐུན་ཆུང་ཟེར། ལས་སུ་རྐུ་མ་རྐུ་བ་ཡི། ཞེས་དང་། ཨ་ཅོ་ཁྱེད་ཡུལ་གང་ནས་ཡིན། མཚན་ལ་ཅི་ཞུ། ཕྱག་ལས་གང་གནང་ཞེས་ཕར་དྲིས། རྐུན་ཆེན་གྱིས་ངའི་མིང་ལ་རྐུན་ཆེན་ཟེར། ལུང་པའི་ཕུ་ནས་ཡིན། ལས་སུ་རྐུ་མ་རྐུ་ཞེས་བཤད་པ་དང་། ཁྱོད་རང་གིས་གང་དང་གང་རྐུ་ཐུབ་དྲིས། རྐུན་ཆུང་གིས་ངས་མི་འགྲོ་གིན་འགྲོ་གིན་ལ་མི་དེས་མ་འཚོར་བར་ལྷམ་མཐིལ་གྱི་ཀྲད་པ་རྐུ་ཐུབ། ཨ་ཅོ་ཁྱེད་ཀྱིས་གང་དང་གང་རྐུ་ཐུབ་དྲིས་པར་རྐུན་ཆེན་གྱིས་ངས་བྱ་ཉལ་ཉལ་བའི་འོག་ནས་བྱ་མོའི་མི་འཚོར་བར་སྒོ་ང་རྐུ་ཐུབ་པ་ཡིན་ཞེས་བཤད། རྐུན་ཆུང་གིས་འོ་ན། ཨ་ཅོ་རང་ཡ་གིའི་བྲག་སྟེང་དུ་བྱ་ཚང་ནང་བྱ་ཉལ་འདུག་པའི་སྒོ་ང་གཅིག་རྐུས་དང་ངས་་བལྟ་ཆོག་ཅེས་བཤད་པར། རྐུན་ཆེན་གྱིས་དེ་མར་བྲག་ལ་ཐོགས་མེད་དུ་འཛེགས་ནས་བྱ་མོའི་མ་འཚོར་བར་སྒོ་ང་རྐུས་ཏེ་མར་བྲག་ལས་བབས་ནས་རྐུན་ཆུང་ལ་བསྟོན་པ་དང་། ད་ཁྱོད་རང་གིས་མི་འགྲོ་གིན་འགྲོ་གིན་ཀྲད་པ་རྐུས་ཤོག་དང་ཞེས་བཤད་པར། རྐུན་ཆུང་གིས་ཨ་ཅོ་ངས་འདི་ན་རྐུས་ཡོད་ཅེས་བརྗོད་བཞིན་རྐུན་ཆེན་གྱི་ལྷམ་མཐིལ་གྱི་ཀྲད་པ་ཡ་གཅིག་རྐུན་ཆེན་རང་ལ་བསྟོན་པས། ཁོ་གཉིས་ཕན་ཚུན་གཅིག་གིས་གཅིག་ཡིད་སྨོན་སྐྱེས། དེ་ནས་རྐུནཆེན་གྱིས་ང་གཉིས་གཉིས་ཀའི་ལག་རྩལ་མཆོག་ཏུ་གྱུར་བ་འདྲ་འདྲ་རེད་འདུག་པས། གལ་ཏེ་ང་གཉིས་མཉམ་དུ་ལས་ཀ་འདི་བྱས་ན། མི་ཚང་མཁར་བཙན་སྒོ་བཙན་དང་། མི་རྒོད་ཁྱི་རྫིག་གང་འདྲ་ཞིག་ཡོད་ཀྱང་དངོས་པོ་ཐོགས་མེད་དུ་ལེན་ཐུབ་ངེས་རེད་འདུག་པས། ང་གཉིས་མཉམ་དུ་འགྲོ་ཞེས་བཤད་པར། རྐུན་ཆུང་གིས་དེ་ག་རང་ཡོང་བ་ཞེས་ཟེར་ནས། མཉམ་དུ་རྐུ་མའི་ལས་ལ་ཞུགས་པ་རེད། ཁོ་གཉིས་མཉམ་དུ་ཕྱིན་ཕྱིན་པས། མཚན་དགུང་གི་མཚམས་སུ་ཁྱིམ་ཚང་ཆེན་པོ་ཞིག་གི་སྒོ་འགྲམ་དུ་འབྱོར། སྒོ་ཧ་ཅང་བཙན་པས་ནང་དུ་འཛུལ་ཐབས་དཀའ་བས། ཁོ་གཉིས་ཀྱིས་ཐག་པ་ཞིག་གི་སྣེ་ཐོག་ཁར་གཡུགས་ནས་དེར་འཁྱུད་དེ་ཐོག་ཁར་སླེབས། ཕར་ལྟ་ཚུར་ལྟ་བྱས་པས་མཛོད་ཁང་ཆེན་པོ་ཞིག་ཡོད་པ་དེར་མཐོངས་ཁུང་ཞིག་ཡོད་པས། དེ་ནས་ཐག་པ་བཏང་སྟེ་རྐུནཆུང་མར་མཐོངས་ཁུང་ནས་འཛུལ་བ་དང་། ཐག་པ་ལ་ཐོག་ཁར་ཡོད་པའི་རྐུན་ཆེན་ལ་དངོས་པོ་འཐེན་དུ་བཅུག རྐུན་ཆེན་གྱིས་རྐུན་ཆུང་གིས་འོག་ནས་བཏང་ཡོང་བའི་དངོས་པོ་ཡར་འཐེན་བཞིན་དུ་རྐུན་ཆུང་ཁང་པའི་ནང་འཇོག་དགོས་བསམ་སྟེ། ཐོག་ཁའི་དངོས་པོ་བསྡོག་ཆས་བསྒྲིལ་ནས། ཐག་པ་མར་མ་བཏང་བར་ཁོ་པ་གཅིག་པོར་འགྲོ་རྩིས་བྱས། རྐུན་ཆུང་གིས་རྐུན་ཆེན་དངོས་པོ་འཁྱེར་ནས་འགྲོ་གྲབས་བྱེད་ཀྱི་ཡོད་པ་ཤེས་ནས། ཨ་ཅོ། ཐག་པ་མར་མགྱོགས་པོ་གཏོང་ཤོག འདི་ན་སྒམ་ཆེན་པོ་ལྗིད་པོ་ཞིག་འདུག་པ་འདི་ཡར་འཐེན་དང་ཞེས་ཤོབ་ཤོབ་ཏུ་བརྗོད་པས། རྐུན་ཆེན་གྱི་བསམ་པར་སྒམ་དེ་བྱུང་ན་ང་རང་གིས་ཧྲིལཧྲིལ་འཁུར་བདེ་བོ་ཡོང་གི་རེད་བསམས་ནས། ཐག་པ་སླར་ཡང་མར་བཏང་། རྐུན་ཆུང་གིས་སྒམ་ནང་གི་དངོས་པོ་ཚང་མ་མར་བཏོན་ཏེ། སྒམ་འདིའི་ནང་དངོས་པོ་རྩ་ཆེན་ཤ་སྟག་རེད་འདུག་ཅེས་བརྗོད་མ་ཐག སྒམ་གྱི་ཕྱི་ལ་ཐག་པས་ཞགས་གུག་གཡོགས་སྟེ། ཁོ་རང་སྒམ་ནང་དུ་འཛུལ་བ་དང་སྦྲགས། ཨ་ཅོ་ཡག་པོ་བྱས་ནས་འཐེན་ཨཱ། ཞེས་བརྗོད་བཞིན་དུ་སྒམགྱི་ཁ་གཅོད་མར་བརྒྱབ། རྐུན་ཆེན་གྱིས་སྒམ་ཐོག་ཁར་འཐེན་ཐུབ་པ་དང་། བསམ་བློར་ད་གིན་སྔོན་ལ་འཐེན་པའི་དངོས་པོ་འདི་དག་ནི་སྤྱིར་བཏང་གི་ཟ་གོས་རྐྱང་རྐྱང་ཡིན་པས། ང་མི་གཅིག་གིས་ཁྱོག་ཚད་ལ་རིན་ཐང་དེ་ཙམ་མེད། སྒམ་འདིའི་ནང་དུ་དངོས་པོ་རྩ་ཆེན་ཤ་སྟག་ཡིན་པ་ཁོས་བལྟས་ཟིན་པས། ང་རང་ལ་འདི་གས་འགྲིག་སོང་སྙམ་ནས་ལམ་སེང་སྒམ་དེ་སྒལ་བར་འཁྱེར་ཏེ། རྐུན་ཆུང་བཞག་ནས་བྲོས་ཕྱིན་པ་རེད། ཁོས་ཕྱིན་ཕྱིན་ནས། ནམ་གསལ་ལ་ཉེ་བ་དང་ཆུ་ཆེན་པོ་ཞིག་ཡོད་པ་དེ་ཐོན་ཐུབ་པས་བློ་ལྷོད་དུ་སོང་ནས། ངལ་གསོ་ཞིག་བཏང་བ་དང་སྦྲགས། ང་ལ་མདང་དགོང་རྩ་ཆེའི་དངོས་པོས་བཀང་བའི་སྒམ་ཆེན་པོ་འདི་ལྟ་བུ་རག་བྱུང་། ད་ནི་རྐུན་ཆུང་ཁོ་མི་རྣམས་ཀྱིས་བཟུང་ནས་ཉེས་རྡུང་བཟེ་བཞིན་ཡོད་ངེསརེད་ཅེས་ཆིག་ལབ་ཅིག་བརྒྱབ་པས། རྐུན་ཆུང་གིས་སྒམ་ནང་ནས་ཨ་ཅོ། ཨ་ཅོ། ང་འདི་ན་ཡོད་ཅེས་སྒམ་ནང་ནས་སྐད་བརྒྱབ། རྐུན་ཆེན་ནི་སྒམ་དེའི་དོན་དུ་དཀའ་ངལ་ཆེན་པོ་སྤྱོད་དགོས་བྱུང་བས་སེམས་ནང་ཁོང་ཁྲོའི་མེ་ལྕེ་འབར་བཞིན་དུ་ཁ་ནས་རྐུན་ཆུང་ལ་སྨོད་མོ་འདེབས་བཞིན་དུ་རྐུན་ཆུང་འཛུལ་ཡོད་པའི་སྒམ་དེ་དེ་གར་ཆུ་ལ་བསྐྱུར།

  རྐུན་ཆུང་ཡོད་པའི་སྒམ་དེ་ཆུས་གང་ཙམ་ཞིག་འཁྱེར་ཏེ། གླིང་ཕྲན་ཞིག་དུ་ཐོན་པ་དང་། ཕྱུགས་རྫི་བ་ཞིག་གིས་མཐོང་ནས་སྒམ་ཁ་ཕྱེ་བས། སྒམ་ནང་དུ་མི་ཡོད་པར་ཕྱུགས་རྫི་བ་ནི་ཞེད་སྣང་དང་བཅས་བྲོས་འགྲོ་དགོས་བྱུང་བ་རེད། རྐུན་ཆུང་གིས་སྒམ་ནང་ནས་ཐོན་ཏེ་མནོ་བསམ་ཞིབ་ཏུ་བཏང་བས། ད་རེས་རྐུན་ཆེན་ཁོས་ཏོག་ཙམ་མ་གཏོགས་ང་གསོད་གྲབས་བྱས་བྱུང་། ཕྱུགས་རྫི་ཁོས་སྒམ་ཁ་མ་ཕྱེ་ན་སྒམ་ནང་དུ་ཤི་རྒྱུ་ལས་མེད། ང་རང་གི་འཇོན་པ་ནི་རྐུ་མ་རྐུ་རྒྱུ་ཁོ་ན་ལས་མེད་པས། རྐུ་མ་རྐུས་ནའང་འདྲ། ལས་ཀ་བྱས་ནའང་འདྲ། གང་ལྟར་ཟས་ཀྱིས་གྲོད་པ་རྒྱགས་པ་ཞིག་དང་གོས་ཀྱིས་ལུས་དྲོས་པ་ཞིག་ལས་ལྷག་པ་ཡོང་རྒྱུ་གང་ཡོད། དེ་ལས་ལྷག་པ་བྱུང་ནའང་ཕན་པ་གང་ཡོད། དེས་ན། ང་རང་གི་རྐུ་མའི་འཇོན་ཐང་འདི་ལ་བརྟེན་ནས། དགོས་པ་ཡོད་པར་ཕན་ཐོགས་དང་། འཇིག་རྟེན་འདིའི་ཐོག་གི་འདྲ་མཉམ་དང་། དྲང་བདེན་མ་ཡིན་པའི་སྣང་ཚུལ་ལ་འགྱུར་བ་འདྲགཏོང་ཐུབ་ན་མི་ལེགས་སམ་སྙམ་པའི་བསམ་བློ་ཞིག་འཁོར།

  རྐུན་ཆུང་གིས་རང་དགར་ཁ་ཕྱོགས་དང་དམིགས་ཡུལ་མེད་པར་ལམ་དུ་ཞུགས་པས། རྒྱལ་གཞིས་ཆེན་པོ་ཞིག་གི་གནས་སུ་འབྱོར། སྐབས་དེར་ཏག་ཏག་རྒྱལ་པོ་དེ་སྤྲོ་འཆམ་དུ་འགྲོ་བ་དང་ཁ་ཐུག་འཁེལ་བས། རྒྱལ་པོས་རྐུན་ཆུང་ལ་ཁྱོད་ས་ཆ་གང་ནས་ཡིན། མིང་ལ་ཅི་ཟེར། གང་བྱེད་པར་འགྲོ་མཁན ཡིནསོགས་དྲིས་པར། རྐུན་ཆུང་གིས་རང་གི་གནས་ཚུལ་ཚང་མ་ཞིབ་ཅིང་ཕྲ་བ་དྲང་པོར་ཞུས་ཀྱང་། རྒྱལ་པོས་ཡིད་ཆེས་དེ་ཙམ་མ་བྱས་པར། རྐུ་མ་རྐུ་རྒྱུ་ནི་ལྐོག་ལྐོག་སུད་སུད་དང་མི་གཞན་གྱིས་ཧ་མ་གོ་བ་བྱེད་རྒྱུ་ཁོ་ན་ཙམ་ཡིན་པས་འཇོན་ཐང་དང་གཞན་ལ་ཕན་ཐོགས་པའི་བྱ་བའི་ཁོངས་སུ་ག་ལ་ཚུད། དེས་མ་ཟད། ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ་ཡིན་ཞེས་པའི་དཔེ་ལྟར་ཁྱོད་ལ་དེ་འདྲའི་འཇོན་ཐང་ཡོད་མིན་ངས་ཉམས་ཚོད་ཅིག་ལེན་གྱི་ཡིན། དོ་དགོང་ཁྱོད་རང་གིས་ངའི་བང་མཛོད་ནང་ཁྱད་འཕགས་ཅན་གྱི་གསེར་བུམ་ཞིག་ཡོད་པས། དེ་རྐུ་ཐུབ་པ་བྱེད་དགོས། གལ་སྲིད་རྐུ་མ་ཐུབ་ན། ཁྱོད་ཀྱི་སྐད་ཆ་ཚང་མ་རྫུན་གཏམ་རེད། ཅེས་གསུངས་པར། རྐུན་ཆུང་གིས་གདེང་ཚོད་ཡོད་པའི་སྒོ་ནས་ལགས་སོ་ཞེས་ཞུས་ཤིང་། རྒྱལ་པོས་གནང་བའི་ཟ་འཐུང་རྣམས་ཟས་རྗེས། ཉེ་འཁོར་གྱི་གྲོང་པ་ཞིག་ལ་གནས་ཚང་གཡར་ནས་བསྡད། དགོང་མོ་རྒྱལ་པོས་གཡོག་པོ་རྣམས་ལ་དོགས་ཟོན་བྱེད་དགོས་ལུགས་བཀའ་བཀོད་དང་སྦྲགས། སྒོ་དང་སྒེའུ་ཁུང་དམ་པོར་བསྣན། འདོགས་ཁྱི་ཚང་མ་གློད་ནས་བཞག་པ་མ་ཟད། གཡོག་པོ་གཡོག་མོ་ཚང་མ་མ་ཉལ་པར་སྡོད་དུ་བཅུག མཚན་་མོའི་དུས་སུ་རྐུན་ཆུང་གིས་སླེ་པོ་ཆེན་པོ་ཞིག་འཁྱེར། སྨྱུག་མ་རིང་པོ་ཞིག་ལ་ལྒང་བུ་ཞིག་བཀོན་ཏེ་རྒྱལ་གཞིས་སུ་ཕྱིན་ནས། ཁྱིའི་མདུན་ནས་སླེ་པོའི་ནང་འཛུལ་ཏེ། ་རྐུབ་འདྲུད་ཀྱིས་ག་ལེར་ཕྱིན་ནས་ཁང་པའི་ཐོག་ཁར་འཛེགས། གསེར་བུམ་དེ་རྒྱ་ཅོག་སྟེང་བཞགས་ཡོད་པས། ཁང་པའི་མཐོངས་ཁུང་ནས་སྨྱུག་མའི་རྩེ་མོར་སྒང་བུ་སྟོང་པ་དེ་སྐུད་པས་དམ་པོར་བཅིངས་ནས་བུམ་པའི་ནང་བཅུག་སྟེ་སྟེང་ནས་སྨྱུག་མར་དབུགས་བུས་པས། བུམ་པའི་ནང་སྒང་བུ་དབུགས་ཀྱིས་རྒྱས་པ་དང་། སྨྱུག་པའི་རྩེ་མོ་བཀག་ནས་འཐེན་པས་བུམ་པ་ཐོབ་སྟེ། སང་ཞོགས་རྒྱལ་པོའི་སར་གསེར་བུམ་སྐྱེལ་བར་འགྲོ་སྐབས། རྒྱལ་པོས་འདི་འདྲ་ཞིག་ལ་ཧ་ལས་རྒྱུ་མེད། དོ་དགོང་ཁྱེད་ཀྱིས་ངའི་བཙུན་མོའི་བླ་གཡུ་དེ་རྐུ་ཐུབ་པ་གྱིས་ཤིག ཅེས་བཤད། དེའི་དགོང་མོ་རྒྱལ་པོས་སྒོ་ཁྱི་རྣམས་གློད། གཡོག་པོ་གཡོག་མོ་ཚང་མ་གཟིམས་ཆུང་གི་འགྲོ་ལམ་དུ་སྔས་སྤྲོད་དུ་ཉལ་དུ་བཅུག  བླགཡུ་རྒྱལ་པོ་རང་གི་ཁ་ནང་དུ་ཉར་ནས་ཉལ། རྐུན་ཆུང་གིས་ཁྱིའི་མདུན་ནས་སྔོན་ཉིན་ལྟར་ཡོང་སྟེ། གཡོག་པོ་གཡོག་མོ་རྣམས་ཀྱི་སྐྲའིལྕང་ལོ་ཕན་ཚུན་མདུད་པས་སྦྲེལ་ནས་བཞག གཟིམས་ཆུང་ནང་འཛུལ་ནས་བླ་གཡུ་གང་དུ་ཡོད་མིན་ཉམས་ཞིབ་བྱེད་བཞིན་གབ་ནས་བསྡད། གང་ཙམ་ནས་རྒྱལ་པོས་བཙུན་མོར་བླ་གཡུ་འདི་ཁྱེད་རང་གི་ཁའི་ནང་དུ་ཉར་ཙམ་གྱིས་ཤིག ང་གཅིན་པ་ཞིག་གཏོང་བར་འགྲོ་གི་ཡིན་ཞེས་རྒྱལ་པོ་གཅིན་པ་གཏོང་བར་ཕྱིན་པས། རྒྱལ་པོ་སྒོ་ཐོན་པ་དང་རྐུན་ཆུང་གིས་རྒྱལ་པོ་ཡིན་ཁུལ་གྱིསབཙུན་མོར་རྐུན་ཆུང་སླེབས་བྱུང་། བླ་གཡུ་མགྱོགས་པོ་ང་ལ་འཁྱེར་ཤོག ཅེས་བཙུན་མོའི་ལག་ནས་བླ་གཡུ་བླངས་སྟེ་མགྱོགས་པོར་བྲོས་ཕྱིན། རྒྱལ་པོ་གཅིན་པ་བཏང་ཟིན་ནས་ཡར་ཡོང་སྐབས། བཙུན་མོས་བླ་གཡུ་སྤྲོད་ས་རྐུན་ཆུང་ཡིན་པ་ཤེས་ནས། གཡོག་པོ་གཡོག་མོ་ཚང་མ་རྐུན་ཆུང་ཟུངས་ཤིག་ཅེས་སྐད་ཅོར་རྒྱག་སྐབས། གཡོག་པོ་གཡོག་མོ་རྣམས་ཕན་ཚུན་སྐྲ་འཐེན་རེས་བྱེད་བཞིན་དུ་རྐུན་ཆུང་ཁོ་རེ་ང་གཏོང་དང་། རྐུནཆུང་ཁོ་རེ་ང་གཏོང་དང་། ཞེས་སྐད་ཅོར་རྒྱག་བཞིན་ལུས་སོ། དེའི་སང་ཞོགས་རྐུནཆུང་གིས་བླ་གཡུ་རྒྱལ་པོའི་དྲུང་དུ་འབུལ་བར་ཕྱིན། རྒྱལ་པོས་ད་དུང་དོ་དགོང་ངའི་བཙུན་མོའི་འདོམས་རས་རྐུ་ཐུབ་མིན་ལྟ་དགོས་ཡོད་ཅེས་བཤད། འདོམས་རས་ནི་བཙུན་མོའི་ལུས་ལ་གྱོན་ཡོད་པས། དེ་ལེན་དཀའ་ནའང་། རྐུན་ཆུང་གི་སེམས་ལ་ཐབས་ཤེས་ཤིག་བྱེད་ཐུབ་ངེས་རེད་བསམ་ནས། ལགས་སོ་ཞེས་ཁས་བླངས། མཚན་མོ་རྐུན་ཆུང་གིས་བཙུན་མོའི་མལ་གཤམ་ནས་བཙུན་མོའི་ལུས་ལས་ལེན་ཐབས་བྱས་ཀྱང་ལེན་མ་ཐུབ་པར། མཐར་ཁོས་དཀར་ཡོལ་ནང་དུ་ཆུ་དང་རྩམ་པའི་སྐྱོ་མ་ལྡུར་ལྡུར་བཟོས་ཏེ། བཙུན་མོ་གཉིད་ཁུག་པའི་དུས་ལ་་བཙུན་མོའི་རྐུབ་དང་འདོམས་རས་ལ་བྱུག་པས། ཡུད་ཙམ་ནས་བཙུན་མོ་གཉིད་ལས་སད་དེ་རང་གི་རྐུབ་ལ་གྲང་ཤུར་ཤུར་བྱས་པར་ལག་པས་སྦར་ཉུལ་རྒྱག་སྐབས། ལག་པར་སྐྱོ་མ་གོས་པས། ད་ནི་རང་ཉིད་གཉིད་ཁུག་ནས་མི་གཙང་བ་ཤོར་བ་འདྲ་བསམ་ནས་འདོམས་རས་སྣང་མེད་དུ་མལ་གཤམ་ནས་བཏོན་པས། རྐུན་ཆུང་ལ་རག་པ་མ་ཟད། གནས་ཚུལ་དེ་མི་སུས་ཀྱང་མ་ཤེས་པ་རེད། སང་ཞོགས་རྐུན་ཆུང་གིས་བཙུན་མོའི་འདོམས་རས་རྒྱལ་པོའི་སར་འབུལ་སྐབས། རྒྱལ་པོ་རྐུན་ཆུང་གི་རྐུ་མའི་འཇོན་ཐང་ལ་ཧ་ལས་པ་དང་སེམས་ཤོར་བ་མ་ཟད། རང་བཞིན་གྱི་འདོད་རྔམས་རབ་རུ་འཕེལ་བར་གྱུར་ནས། རྐུན་ཆུང་ལ་བཟའ་འཐུང་གི་སྣེ་ལེན་གྲ་རྒྱས་དང་བཅས། ང་ལའང་ངེས་པར་དུ་ ཁྱོད་ཀྱི་རྐུ་མའི་ལག་རྩལ་འདི་འདྲ་ཞིག་སློབས་དགོས་ཞེས་བཤད་པར། རྐུན་ཆུང་གིས་བསླབ་ཆོག འོན་ཀྱང་རྒྱལ་པོ་མཆོག་གིས་དཀའ་སྡུག་ལ་བཟོད་སྲན་གནང་དགོས་པའི་ཐོག་སློབ་སྦྱོང་བྱེད་པའི་ནང་བརྐུས་ནས་ཐོབ་པའི་དངོས་པོ་རྣམས་གཡོག་པོ་གཡོག་མོ་རྣམས་ལ་བདག་པ་བྱེད་དགོས་ཞེས་ཞུས།

  དེ་ནས་ཉིན་ཞིག་གི་མཚན་མོ་རྐུནཆུང་གིས་རྒྱལ་པོ་ཁྲིད་དེ་ཡུལ་དེའི་ཕྱུག་པོ་ཆེན་པོ་ཞིག་ཐུགས་སྤྲོ་གཏོང་བཞིན་ཡོད་པ་དེའི་གཉེར་ཚང་གི་སྒེའུ་ཁུང་ལས་རྒྱལ་པོ་དང་མཉམ་དུ་ཡར་འཛུལ་ནས། དེ་གའི་བཟའ་འཐུང་ལ་རོལ་ནས་བསྡད། གང་ཙམ་ནས་ཕྱུག་པོའི་གཉེར་པ་གཉེར་ཚང་ནང་འཛུལ་ཡོང་བ་དང་སྐབས་འཁེལ་ནས། སྐད་ཤོར་ཏེ་རྐུ་མ་འདུག་མགྱོགས་པོ་མི་ཤོག་ཅེས་བོས་པས། རྐུནཆུང་གིས་བདེ་ལྕག་འཁྱུག་པོས་སྒེའུ་ཁུང་ལ་མཆོངས་ནས་བྲོས། རྒྱལ་པོ་ནི་གཉེར་ཚང་གི་མུན་ནག་ཁྲོད་ལུས་པས། ཆང་གིས་བཟི་བའི་གཞོན་པ་ཁ་ཤས་ཡོང་ནས་རྒྱལ་པོ་བཟུང་ཤིང་སྒྱེ་མོའི་ནང་བཅུག་ནས་རྡུང་འདེགས་གཏོང་སྐབས། རྒྱལ་པོ་ན་ཟུག་མ་བཟོད་པར། ང་མ་རྡུང་དང་། ང་ནི་ཡུལ་གྱི་རྒྱལ་པོ་ཡིན། རྒྱལ་པོ་རྒྱལ་རྐྱང་ཡིན། ཞེས་སྐད་ངན་ཤོར། རྐུན་ཆུང་གིས་ཕྱིར་ཐོན་པ་དང་ལམ་སེང་ ཕྱུག་པོའི་གཡུལ་ཐང་གི་སྟོན་འབྲས་ལ་མེ་བརྒྱབ་པས། རྒྱལ་པོ་རྡུང་འཕྲོར་སྒྱེ་མོའི་ནང་བཞག་ནས་མི་ཚང་མ་མེ་གསོད་པར་ཡོང་། རྐུན་ཆུང་གིས་མྱུར་དུ་གཉེར་ཚང་དུ་ཡོང་ནས། སྒྱེ་མོའི་ནང་ནས་རྒྱལ་པོ་བཏོན་པ་དང་། དེའི་ཚབ་ཏུ་ཁྱིམ་དེའི་སྤོ་བོ་ཟླ་ཟླ་ཞེས་པ་མཚན་མོ་ཕྱི་ལ་འགྲོ་སྐྱོད་བྱེད་དཀའ་བ་ཞིག་ཡོད་པ་དེ་སྒྱེ་མོའི་ནང་བཅུག་ནས། རྒྱལ་པོ་ལ་ང་གཉིས་ཀྱི་རྐུ་མ་དེ་སང་ཞོགས་ལེན་རྒྱུ་ཡོད་ཅེས་རྒྱལ་གཞིས་སུ་ལོག་ཕྱིན།

 ཕྱུག་པོའི་ཁྱིམ་གྱི་མི་རྣམས་གཡུལ་ཐང་གི་མེ་བསད་ཟིན་ནས་ནང་ལ་ལོག་ཡོང་བ་དང་། སྒྱེ་མོའི་ནང་གི་ཡུལ་གྱི་རྒྱལ་པོ་ཡིན་ཟེར་མཁན་གྱི་མི་དེར་མུ་མཐུད་རྡུང་འདེགས་བཏང་བས། སྒྱེ་མོའི་ནང་ནས། ཁྱེད་ཚོས་ང་རྡུང་མ་ཡོང་།ང་ནི་སྤོ་བོ་ཟླ་ཟླ་ཡིན། ཟླ་ཟླ་ཟླ་རྐྱང་ཡིན་ཟེར་བར་མི་དེ་ཚོས་ད་གིན་རང་ཡུལ་གྱི་རྒྱལ་པོ་ཡིན་ཟེར། ད་ནི་སྤོ་བོ་ཟླ་ཟླ་ཡིན་ཟེར། མི་ངན་རྐུན་ཆེན་ག་ཟེར་འདི་ཟེར་མིན་འདུག་ཅེས་ཁ་བརྡུང་གཏོང་བཞིན་དུ་ཆང་བཟི་བ་མང་པོས་རྡེག་བཙོག་ཚད་མེ་བཏང་བས། སྒྱེ་མོའི་ནང་གི་མི་དེ་ཤི་བ་རེད། ཁོ་ཚོས་མི་དེ་སྤོ་བོ་ཟླ་ཟླ་ཡིན་པ་ག་ལ་ཤེས། ད་དུང་རྐུན་མ་རྫབ་ཆེན་ཁོ་ཤི་བ་འདྲ་ཟེར་བཞིན་བཞུགས་གྲལ་དུ་འཁོད་ནས་མུ་མཐུད་ཇ་ཆང་འཐུང་སྐབས་གཞི་ནས་སྤོ་བོ་ཟླ་ཟླ་མཐོང་རྒྱུ་མེད་པ་དོ་སྣང་བྱུང་ནས། སྒྱེ་མོའི་ནང་ལྟ་སྐབས་སྤོ་བོ་ཟླ་ཟླ་སྒྱེ་མོའིནང་ཤི་ཡོད་པས།

མི་ཚང་མ་ཧ་ལས་ཤིང་ཆང་གིས་བཟི་བའི་མི་རྣམས་ཀྱང་གཅིག་གིས་གཅིག་ལ་ཁག་དཀྲི་བྱེད་བཞིན་དུ་ལུས།

སང་ཉིན་གྱི་ཞོགས་པ་རྐུན་ཆུང་གིས་རྒྱལ་པོར་དེ་རིང་ང་གཉིས་མདང་དགོང་བརྐུས་ནས་ཐོབ་པའི་དངོས་པོ་ལེན་པར་ཕྱིན་ཆོག རྒྱལ་པོ་རྐུན་མ་སྦྱོང་བའི་དངོས་པོ་རྣམས་ཁྱེད་རང་གི་གཡོག་པོ་གཡོག་མོ་རྣམས་ལ་བདག་པ་དང་པོའི་ཆོད་དོན་ཡིན་པས། ཁོ་ཚོ་མི་ཁག་ཅིག་ཁྲིད་དེ་ཐད་ཀར་དངོས་པོ་རྣམས་བགོ་བཤའ་རྒྱབ་ན་ཞེས་རྒྱལ་པོ་དང་བཅས་པ་ཕྱུག་པོའི་ཁྱིམ་དུ་ཕྱིན། ཕྱུག་པོའི་ཁྱིམ་མི་ཚོས་རྒྱལ་པོ་མི་མང་པོ་ཁྲིད་ནས་ཡོང་བ་མཐོང་བ་དང་། འཇིག་སྣང་ཆེན་པོས་རྒྱལ་པོ་ཁྱིམ་དུ་གདན་དྲངས་པས། རྐུན་ཆུང་གིས་མདང་ནུབ་ཁྱེད་ཚོས་ཆང་མི་འཐུང་དགུ་འཐུང་བྱས་ནས་ར་བཟི་སྐྱུར་འགོང་གིས་ཡུལ་གྱི་རྒྱལ་པོར་རྐུན་ཁག་བཙུགས་པས་མ་ཚད། སྤོ་བོ་ཟླ་ཟླ་དོན་མེད་དུ་རྡུང་བཙོག་བཏང་ནས་བསད་པ་མ་རེད་དམ། དེ་རིང་རྒྱལ་པོ་མཆོག་ཆེད་མངགས་མི་གསོད་ལག་དམར་བ་འཛིན་བཟུང་གིས་སྲོག་ལན་སྲོག་འཇལ་དང་། ཁྱོད་ཚོའི་རྒྱུ་དངོས་གཞུང་བཞེས་གཏོང་བར་འཆིབ་བསྒྱུར་གནང་བ་རེདཅེས་བརྗོད་པས། ཕྱུག་པོའི་ནང་མི་ཚང་མས་རྒྱལ་པོ་དང་རྐུན་ཆུང་ལ་ཕྱག་འཚལ་བཞིན་དུ། གསེར་དངུལ་དང་། གཡུ་བྱུར། དར་གོས་སོགས་རིན་ཐང་ཆེ་བའི་དངོས་པོ་ཚང་མ་འཁྱེར་ཡོང་ནས། ཐུགས་རྗེས་གཟིགས་ནས་དངོས་པོ་འདི་དག་གི་ཐོག་ད་དུང་མདའ་ཡི་ས་ཞིང་དང་། བར་གྱི་ཁང་ཁྱིམ། ཕུ་ཡི་ཕྱུགས་རིགས་སོགས་གང་བསྣམ་ནའང་སྣོམས་རོགས་གྱིས། མི་འཛིན་བཟུང་དང་། སྲོག་ལན་སྲོག་འཇལ་གྱི་ཁྲིམས་གཅོད་མེད་པ་སྐྱབས་འཇུག་གནང་རོགས་གནང་ཞེས་ཞུ་བ་ཕུལ་བར། རྐུན་ཆུང་གིས་ཁྱེད་ཚོའི་རྒྱུ་དངོས་འདི་དག་རང་འགུལ་ཐོག་ནས་གཞུང་འབུལ་དང་ཞུ་བ་ཕུལ་བའི་རྣམ་འགྱུར་ལ་བལྟས་ནས། ཁྲིམས་གཅོད་གུ་ཡང་དུ་གཏོང་རྒྱུ་ཡིན། གསེར་དངུལ་དང་། གཡུ་བྱུར། དར་གོས་སོགས་འདི་དག་རྒྱལ་པོའི་དང་པོའི་ཞལ་བཞེས་ལྟར་རྒྱལ་པོའི་གཡོག་པོ་འདི་དག་ལ་བགོ་བཤའ་བརྒྱབ་ནས་འཇོག་རྒྱུ་ཡིན་པས། ཁྱེད་ཚོ་གཡོག་པོ་གཡོག་མོ་དང་བཅས་པའི་མི་ཚང་མས་རྒྱལ་པོར་ཐུགས་རྗེ་ཆེ་ཞུ་དགོས་པ་མ་ཟད། རྒྱལ་པོའི་བཀའ་དྲིན་ལ་བསམ་ཤེས་ཐུབ་པ་བྱེད་དགོས་ཞེས་བཤད་དོ།།།།

发表评论 评论 (2 个评论)

回复 华锐哇嘉木措 2015-7-9 15:45
  
回复 扎西央 2015-8-9 22:43
  

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 11:23 , Processed in 0.028969 second(s), 22 queries .

返回顶部