博客西藏在最高处过一种生活

日志

ཁྱིམ་རྒྱུ་འབྲས་བསླུ་བ་མེད་པ། ... ...

已有 96 次阅读2018-5-14 04:29 |系统分类:见闻

ཁྱིམ་རྒྱུ་འབྲས་བསླུ་བ་མེད་པ།

རྒྱུ་དང་སྤུན་གྱིས་བརྩམས།

ཁྱིམ་རྒྱུ་འབྲས་བསླུ་བ་མེད་པའི་གནས་ལུགས་ལས་ཕོ་མོ་ཕ་མའི་དྲང་དོན་མྱོང་ཚིག་གོ་བདེར་བཤད་པ།

སྤྱིར་ན་ཚིག་གི་རྟག་གེ་སྨྲས་བ་ན།

མི་འམ་གང་ཟག་བདག་ཉིད་ཅན་ཞིག་མེད།

མི་ཕོ་མི་མོ་འཇིག་རྟེན་གང་སར་ཁྱབ།

ཕོ་མོ་གཉིས་ཁྱབ་མཚན་གཉིས་མ་ནིང་བ།

ཁྱིམ་ཚང་མེད་ན་སྤྱི་ཚོགས་མི་གྲུབ་ལ།

ཁྱིམ་རྒྱུན་མེད་ན་བླ་རྒྱུན་གང་ན་ཡོད།

ཁྱིམ་བདག་མེད་ན་མཆོད་ཡོན་ཡོད་མི་སྲིད།

ཁྱིམ་བདག་ཚུལ་ལྡན་མེད་ན་སྲིད་གཞུང་མེད།

ཁྱིམ་བདག་ཤེས་ལྡན་མེད་ན་དད་ལྡན་མེད།

ཁྱིམ་བདག་དད་ལྡན་མེད་ན་དགོན་པ་མེད།

ཁྱིམ་བདག་སྟོབས་ལྡན་མེད་ན་ཁྲིམས་ལྡན་མེད།

ཁྱིམ་བདག་ཁྲིམས་ལྡན་མེད་ན་ཞི་བདེ་མེད།

ཁྱིམ་བདག་འབྱོར་ལྡན་མེད་ན་གུང་ཁྲན་མེད།

ཁྱིམ་བདག་ཁྲིམས་འབྱོར་མ་ལྡན་དམངས་གཙོ་མེད།

ཁྱིམ་བདག་ཕོ་མོ་མ་མཉམ་ཁྱིམ་ཚང་མེད།

ཁྱིམ་མེད་ཕོ་ཆད་མོ་ཆད་སྤྱི་ཚོགས་སྡུག

ཕོ་མོ་གྲངས་སྤུས་མ་མཉམ་ཡོད་ཚད་སྡུག

ཁྱིམ་མེད་ཕོ་མོ་ཤ་ཤེད་ཀོ་ལྤགས་ཙམ།

སྤྱི་ཚོགས་རྒྱུ་འབྲས་དང་པོ་ཁྱིམ་པ་བ།

ཕོ་མོ་སྡུག་བསྔལ་དང་པོ་ཁྱིམ་གྱིས་སྐུང་།

ཁྱིམ་ཆོས་མ་བརྟན་ལྷ་ཆོས་འདུག་ས་མེད།

ཐུན་མོང་ཀུན་རྫོབ་རྨོངས་བ་དང་དེ།

ཁྱིམ་ཚང་མ་བཅས་ཁྱིམ་ཐར་ངེས་འབྱུང་རེད།

ཉན་ཐོས་ཁྱིམ་ཚང་མེད་ན་དབུ་མ་ཀུན།

ཆུ་ཡི་བུ་བ་གློག་གི་ཉམས་འགྱུར་སྣང་།

མི་དང་སྲོག་ཆགས་དབྱེ་མེད་འདོད་ཤོར་གླིང་།

ལྷ་དང་ལྷ་མིན་ཕན་ཚུན་འཁྲུག་པའི་ཁམས།

ཕོ་མོ་ཁྱིམ་སྡེབ་ད་གཟོད་མི་ཞེས་བཤད།

བྱིས་པ་ཆུང་ནས་ཕ་མའི་བརྩིས་པ་མཉམ།

ཕ་ནི་ཐབས་ཤེས་དགེ་རྒན་དང་པོ་ཡིན།

མ་ནི་སྙིང་རྗེ་དགེ་རྒན་དང་པོ་ཡིན།

ཨ་ཕ་ཕལ་ཆེར་བུ་མོ་ལ་རྩིས་ཆེ།

ཨ་མ་ཕལ་ཆེར་བུ་ཚ་ལ་རྩིས་ཆེ།

གང་ལྟར་ཕ་མས་རང་གི་བུ་ཕྲུག་ལ།

བརྩེ་བ་མཉམ་སྐྱོང་སངས་རྒྱས་མཁྱེན་བརྩེ་བཞིན།

ཉི་མ་མཉམ་ཤར་ཕྱོགས་ཞེན་ཧ་ཅང་ཆུང་།

ལུས་སེམས་བདག་གིར་སྐྱོང་བ་སྨན་བླའི་སེམས།

ལྷན་སྐྱེས་སོ་སྐྱེས་སེམས་ཀྱི་སངས་རྒྱ་བྱེད།

ཕ་རྩིས་དམིགས་པ་རིང་བ་དོན་དམ་ལུགས།

མི་རྩིས་ལྷག་བསམ་དཀར་བ་ཀུན་རྫོབ་ལུགས།

ཕ་མ་མེད་པའི་འཇིག་རྟེན་གོང་རོལ་ན།

སངས་རྒྱས་མེད་ལ་ཆོས་དང་དགེ་འདུན་མེད།

མར་གྱུར་སེམས་ཅན་ཐམས་ཅད་བུ་སྤུན་བཞིན།

ཕར་གྱུར་དཀོན་མཆོག་གསུམ་པོ་དགེ་སྤུན་བཞིན།

རྒྱུ་འབྲས་མཆེད་ཁུངས་དང་པོ་ཨ་མའི་ཐུགས།

རྩ་བ་བོར་ནས་ཡལ་ག་འདོགས་ས་མེད།

དེ་འང་ཕོ་མོ་ཁ་སྦྱོར་ཕ་མ་ཐབ་ཚང་བཅས།

འཇིག་རྟེན་འཁོར་བ་ཁབ་དང་སྐུད་པ་བསགས།

གཉེན་འབྲེལ་དབང་གིས་ཕན་ཚུན་ཚོང་རྩ་སྡེབ།

ལུས་འབྲེལ་དབང་གིས་དལ་འབྱོར་མི་ལུས་ཐོབ།

སྐྱེ་འཆི་ཐུབ་པར་ཤ་ཆད་སྙིང་ནོར་བསྐྱངས།

འཆི་བ་མི་རྟག་བདག་འཛིན་གཏོང་དཀའ་བས།

སྐྱེ་འགག་བུ་ཕྲུག་གཉོར་བ་ཚོགས་བསགས་སྒྲུབ།

འཆི་འགག་རྒན་པོ་གཉོར་བ་དངོས་གྲུབ་འབྱོར།

བྱིས་པ་བྱམས་གཉོར་རྒན་པ་བསྙེན་གསོ་བྱས།

འཇིག་རྟེན་ན་བ་རྒ་བ་སྐྱབས་ཡུལ་གཏད།

ཆེ་གུས་ཆུང་བྱམས་འཇིག་རྟེན་ལུགས་དང་པོ།

ཟག་བཅས་སྡུག་བསྔལ་ཕལ་ཆེར་ཁྱིམ་ནས་གསོས།

ཚེ་འདིའི་སྐྱིད་སྡུག་གང་ཡོད་བྱམས་ལ་ལྟོས།

བུ་རབས་བསོད་ནམས་གང་ཡོད་གུས་ལ་ལྟོས།

ཕ་མ་སེམས་པ་བུ་ཕྲུག་ལ་བཏགས་ཡོད།

ཕ་མ་མ་གུས་རྒྱུ་འབྲས་རང་ལ་སྨིན།

བུ་ཕྲུག་དེ་བཞིན་རང་ལ་ཡང་མི་གུས།

བུ་སེམས་རྡོ་ཐོགས་ཕལ་ཆེར་དེ་འདྲ་རེད།

གུས་བྱམས་ལུགས་འདི་འཇིག་རྟེན་བསླབ་དང་པོ།

དེ་ལྟར་བུ་དང་བུ་མོ་བསྐྱངས་བ་ལ།

མ་སེམས་དྲི་མ་མེད་པ་པད་མའི་རྒྱུ།

ཕ་སེམས་དྲི་མ་གོས་ན་འདམ་བག་རྐྱེན།

བྱང་ཁོག་གཅིག་ནས་འོངས་བའི་ཕྲུ་གུ་ལ།

ཕོ་མོ་འདྲ་མཉམ་ཤོར་བ་ཕ་གཙོ་བོ།

བུ་ཚ་སྐྱེས་ན་ཕལ་ཆེར་མོ་འདང་མེད།

བུ་མོ་སྐྱེས་ན་ཕལ་ཆེར་ཕོ་འདང་མེད།

སྦྲུམ་ཞུགས་ཟླ་དྲུག་ལོན་མཚམས་ཕོ་མོ་བཀར།

བུ་མོ་མ་ལ་སྡང་ཞིང་ཨ་ཕ་མཉེ།

བུ་ཚ་ཕ་ལ་སྡང་ཞིང་ཨ་མ་མཉེ།

ཐམས་ཅད་སྨན་ནས་བསྟན་པ་དྲི་མ་ཅན།

བུ་ཕྲུག་ཕོ་མོ་ཕྱོགས་ཞེན་ཏུ་སོང་བ།

གཡས་གཡོན་སྡུག་བསྔལ་ཉོན་མོངས་ཀྱི་ས་བོན།

བུ་ཚ་བུ་མོ་གཉིས་སྐྱེས་རྒྱུ་འབྲས་ཀྱི་ཚོགས་བསགས།

བུ་རྐྱང་མོ་རྐྱང་སྐྱེས་བ་ཤེས་རབ་ཀྱི་སྐལ་ཆད།

དེ་ལྟར་གཞོན་ནུ་དར་ལ་བབས་པའི་མཚམས།

བུ་དང་བུ་མོའི་རིག་སྟོབས་མྱོང་སྟོབས་འཕེལ།

བུ་ཚ་ཕལ་ཆེར་རིག་སྟོབས་སྔོན་ལ་རྒྱས།

གྲངས་ཚད་ལ་མཁས་ལུས་རྩལ་ལ་སྐྱེན་ནོ།

བུ་མོ་ཕལ་ཆེར་མྱོང་སྟོབས་སྔོན་ལ་རྒྱས།

འབྲེལ་བ་ལ་མཁས་ཁ་བརྡ་ལ་སྐྱེན་ནོ།

རིག་སྟོབས་མྱོང་སྟོབས་མ་མཉམ་སྡུག་བསྔལ་རྒྱུ།

དེ་འང་བདག་ལྟ་གཞན་མྱོང་རྩ་བའི་བློ།

གཞན་ལྟ་གཞན་འཛིན་བློ་ནི་མྱོང་བའི་སྟོབས།

རང་ལྟ་རང་འཛིན་བློ་ལ་རིག་པའི་སྟོབས།

རང་གཞན་ལྟ་ཞིང་བརྗེ་བ་ཐབས་སྙིང་རྗེ།

ལྟོས་ཡང་བརྗེ་ཐབས་མེད་པ་རིག་མྱོང་གཉིས།

གཞན་ལྟ་རང་ཚིགས་འཛིན་པ་ཉོན་མོངས་རྒྱུ།

རང་ལྟ་རང་ཚིགས་འཛིན་པ་ཤེས་སྒྲུབ་རྒྱུ།

ཕ་ལ་མྱོང་སྟོབས་མེད་ན་རྗ་དེ་བཞིན།

མ་ལ་རིག་སྟོབས་མེད་ན་མོ་དེ་བཞིན།

ཕོ་མོ་ལང་ཚོ་དར་ལ་རྒྱས་བའི་དུས།

ཕོ་མོ་རིག་མྱོང་མཉམ་པ་ཤེས་རབ་རྒྱུ།

ཕོ་མོ་འདོད་ཆགས་ཐ་དད་བརྩེ་དུང་རྒྱུ།

ཕོ་གཞོན་ཕལ་ཆེར་ཞག་ཅིག་འདང་ལ་དགའ།

མོ་གཞོན་ཕལ་ཆེར་ཚེ་ཅིག་རྩིས་ལ་དགའ།

འདོད་ཆགས་གཉིས་ལ་ཁྱད་ཆོས་སོ་སོ་ཡོད།

འདོད་པར་དམིགས་མེད་འཚིམ་ཚད་ཡོད།

ཆགས་པར་དམིགས་ཡོད་འཚིམ་ཚད་མེད།

ཐུན་གསུམ་ཟ་མས་ལྟོ་རྒྱགས་འདོད་པའི་སྟོབས།

བུ་རམ་ཁོ་ནས་མི་འཚིམ་ཆགས་པའི་སྟོབས།

འཇིག་རྟེན་སྣང་བ་འདྲ་ཡང་རྟོགས་པ་འགལ།

རོགས་མཐུན་སེམས་པ་གཅིག་ཀྱང་བསམ་ཚུལ་འགལ།

ཉི་ཤུའི་གཞོན་མར་སུམ་ཅུའི་མྱོང་སྟོབས་སྐྱེན།

ཉི་ཤུའི་གཞོན་ནུར་སུམ་ཅུའི་རིག་སྟོབས་སྐྱེན།

མོ་མགོ་མཐོ་ལ་ཕོ་མགོ་ཧ་ཅང་དམའ།

ཕོ་རྣམས་ཕལ་ཆེར་བུད་མེད་མང་པོར་འདོད།

ལུས་ཀྱི་འདོད་པ་ཆེ་བས་རྒྱུ་འབྲས་ཤོར།

ཞག་ཅིག་སྣང་བར་ཆགས་པས་ཡིད་རྟོན་ཤོར།

མོ་རྣམས་ཕལ་ཆེར་སྐྱེས་བུ་གཅིག་ལ་ཆགས།

སེམས་ཀྱི་ཆགས་པ་ཆེ་བས་རྒྱུ་འབྲས་ཤོར།

ཚེ་གཅིག་སྣང་བར་འདོད་པས་ཡིད་རྟོན་ཤོར།

དེ་ལྟར་གཞོན་ནུ་མ་ལ་རྣ་རྩེ་མང་།

སྙན་སྙན་ཐམས་ཅད་བདེན་པར་མྱོང་བ་དང་།

དེ་བས་གཞོན་ཤར་རྗ་ལ་མིག་རྩེ་མང།

ཡག་ཡག་ཐམས་ཅད་བདེན་པར་རིག་པ་རེད།

ཕན་ཚུན་རིག་སྟོབས་མྱོང་སྟོབས་ཁོ་ནས་རྩེ།

ཕོ་སེམས་ལུས་ལ་ཐོགས་པས་མོ་འཁོན་སྐྱེས།

མོ་སེམས་རྒྱུ་ལ་ཐོགས་པས་ཕོ་འཁོན་སྐྱེས།

ཕོ་མོའི་དུག་མདའ་ཕན་ཚུན་ལ་ཕོག་ཤིང་།

ལུས་སེམས་གཅིག་ཏུ་མ་འདྲེས་སྡུག་ལ་སྦྱར།

དར་བབ་བུད་མེད་ཕལ་ཆེར་སྣང་བ་མཐོ།

སྟག་ཤར་གསར་བུ་ཕལ་ཆེར་ལབ་མགོ་མཐོ།

རྣ་ལ་གནས་ལུགས་གོ་བ་རིག་སྟོབས་རྒྱན།

གཞན་གྱི་མྱོང་བ་མི་དྲན་རིག་སྟོབས་སྐྱོན།

མིག་ལ་མཛེས་ལུགས་མྱོང་ཐུབ་མྱོང་སྟོབས་རྒྱན།

གཞན་གྱི་བློ་རིག་མི་མཐོང་མྱོང་སྟོབས་སྐྱོན།

ཕ་ནི་མ་ལ་བརྩེ་བ་དང་ལྡན་ཞིང་།

མ་ནི་ཕ་ལ་བཀུར་བ་དང་ལྡན་པ།

ཕོ་མོའི་འགྲོགས་ལུགས་དངོས་ཡིན་འཇིག་རྟེན་དཔེ།

རིག་སྟོབས་མྱོང་སྟོབས་མཉམ་པའི་བློ་གྲོས་ཡིན།

ཐབས་ཤེས་ཟུང་འབྲེལ་བདེ་སྐྱིད་སྙིང་བོ་རེད།

དེ་ལ་དོ་ཤོར་ཁྱིམ་ཚང་རྒུད་པའི་རྒྱུ།

བུ་ཕྲུག་ཕོ་མོའི་བློ་གྲོས་ཐ་དད་གྱུར།

དེ་ལྟར་མྱོང་བ་རིག་པ་རིམ་བཞིན་བསགས།

གཞོན་ནུ་ཕོ་མོ་ཉེར་ལྔ་ལོན་པའི་དུས།

ཕན་ཚུན་རིག་མྱོང་ཕན་ཚུན་དོ་ཟླ་ཙམ།

ཕོ་མོ་སྣང་བ་ཕན་ཚུན་ཁས་ལེན་ཙམ།

གཞོན་ནུ་ཕལ་ཆེར་བཟའ་ཟླ་རུ་འགྲིག་སོང་།

སེམས་སྡུག་ལུས་སྡུག་ཕལ་ཆེར་འདི་ནས་སེལ།

ཕོ་དུག་མོ་དུག་ཕལ་ཆེར་འདི་ནས་སེལ།

དེ་མིན་ལུས་པའི་གཞོན་ནུ་ཕོ་མོ་དག

སུམ་ཅུ་ལ་ཉེ་ཁེར་འགྲོ་ཁོ་ན་གོམས།

སྣང་མགོ་མཐོ་ཡང་ལང་ཚོ་རྫོགས་ལ་ཉེ།

ལབ་མགོ་མཐོ་ཡང་ཆགས་པ་ཉམས་ལ་ཉེ།

ཕོ་མགོ་མོ་མགོ་ཕལ་ཆེར་མཉམ་པ་བྱུང་།

མྱོང་བ་མ་ཟད་རིག་པ་ཅུང་ཙམ་བསྐྱེད།

རིག་པ་མ་ཟད་མྱོང་བ་ཅུང་ཙམ་ཆགས།

བཟའ་ཟླ་གྲུབ་པ་རྒྱུ་འབྲས་ཕྱི་ཐག་རིང་།

སུམ་ཅུ་བརྒལ་བའི་ཕོ་མོ་ཁེར་འདུག་དེ།

ཕོ་མོའི་ཕྱོགས་ཞེན་མ་ཉམས་ངན་ལྟུང་སོང་།

ཕོ་ལ་ཁྱིམ་རྩ་མེད་པས་ཉམས་ཐག་པ།

མོ་ལ་མཛེས་པ་ཡོད་པས་ཁེངས་དྲགས་པ།

ཕོ་ནི་མོ་ལུས་ཆགས་པས་སྐྱུག་བྲོ་བ།

མོ་ནི་ཕོ་རྒྱུ་ཆགས་པས་སྐྱུག་བྲོ་བ།

ཕོ་མོའི་བརྩེ་དུང་རྒྱུ་འབྲས་མེད་པར་གྱུར།

རྒྱུ་ལུས་བརྗེ་བའི་བརྣབ་སེམས་ཆེ་རུ་གྱུར།

རང་གཞན་སྡུག་པའི་སྐྱོ་གར་མགོ་བརྩམས་བྱུང་།

རིག་ཞན་བུ་མོའི་ཚོང་རྩལ་ཉག་ཕྲ་ཞིང་།

མྱོང་ཞན་གསར་བུའི་འཁོར་འཛིན་འགན་ཁུར་སྙེག

མུ་མཐུད་ཁེར་རྐྱང་ལུས་བའི་དུས་མཚམས་སུ།

བུ་མོའི་ལང་ཚོ་རྫོགས་པའི་དུས་ལ་ཐོན།

སྦྲུམ་འཛིན་འཁོར་བ་སྐྱོང་བའི་སྐབས་ལ་བབས།

སྐྱེས་བུས་འཇིག་རྟེན་ཚ་གྲང་གང་མང་མྱངས།

འཇིག་རྟེན་འདོན་ཡོན་སྒྲུབ་པར་སྒོ་ཐེམ་ཪྙེད།

ཕོ་རྣམས་མྱོང་སྟོབས་ཅུང་རྒྱས་ཡོན་ཏན་ཚང་།

མོ་རྣམས་བསླབ་ལ་མ་བརྩོན་རིག་སྟོབས་སྟོང་།

ངན་ལྟུང་འཁོར་ལོ་ལྡོག་ཕྱོགས་སུ་སྐོར་ཏེ།

ཕོ་མགོ་འཕགས་ཤིང་མོ་མགོ་དམན་པར་སོང་།

ཕོ་མོ་མཐའ་མར་བཟའ་བ་བྱས་པའི་རྗེས།

བུད་མེད་རིག་ཅན་ཙམ་ཞིག་ཡིན་པ་ན།

སྐྱེས་བུའི་བྱ་བཞག་གང་ལ་ཁོམ་ལོང་སྤྲད།

བུད་མེད་ཀླད་རྡིབ་མ་འོངས་ཕུགས་མེད་པ།

སྐྱེས་པར་འབྱར་ཞིང་རང་འདུག་སྤྲོ་སྣང་མེད།

བྱིས་པ་བཙས་ཚར་ལང་ཚོ་ཡོངས་སུ་རྫོགས།

རིག་སྟོབས་མ་རྒྱས་ཁྱོ་ཤུག་སྡུག་ལ་སྦྱར།

སྐྱིད་སྡུག་ཡོད་ཚད་ཁ་ཡག་ཚིག་ལ་བསྟེན།

ཕོ་རྣམས་མགོ་ཤོར་མོ་མགོ་ཡོངས་སུ་ཉམས།

འཁྲེལ་མེད་སྐྱེས་པས་ཨ་རོགས་མང་དུ་འཚོལ།

སྤྱི་ཚོགས་ངོ་ཚ་ཞེས་པ་རྡུལ་དུ་བརླག

ཁྱིམ་ཚང་སྡོམ་པ་ཕལ་ཆེར་རླུང་ལ་བསྐུར།

འབྱོར་བ་མ་དར་ཕོ་ལ་འཁེང་ར་བྱས།

ཕ་མ་ཚད་ལྡན་མ་སོང་ངན་འཁོར་སོང་།

དེ་བས་ཨ་ཕས་བུ་མོར་གཅེས་ཤེས་ན།

ཆུང་ནས་གཅེས་ལོག་མ་བྱེད་འགན་ཁུར་ཁྲིད།

རིག་སྟོབས་སྦྱོང་དང་ཁ་ཡག་ཉུང་ཉུང་བྱོས།

རང་ཚིགས་གྱོན་དང་རང་ལུགས་ཤོར་མ་འཇུག

གཞན་སེམས་མ་དཀྲུག་རང་གི་ནུས་པ་སྦྱོང་།

ཕོ་མཆོག་མོ་དམན་དོར་ནས་འདྲ་མཉམ་བྱོས།

རང་ཁ་རང་གསོ་བྱེད་པའི་ཁྱིམ་ཐབ་སྐྱུར།

མཛེས་མ་རྒྱུ་ལ་བསྟེན་པའི་སློབ་གསོ་གཅོད།

འཇིག་རྟེན་འགྲོ་ལུགས་ཤེས་བའི་འཇོན་ཐང་ཁྲིད།

ཁྱིམ་ཚང་བསྟེན་ལུགས་ཤེས་པའི་ཁྱིམ་ཁྲིམས་བཞོག

ཁྱིམ་ཚང་སྐྱོང་ལུགས་གཙོ་བོ་མ་ལ་རག

ཤེས་ལྡན་མ་ལ་ཤེས་མེད་བུ་ཕྲུག་དཀོན།

བུ་མོ་རིག་མེད་མི་རིགས་བརླག་པའི་རྒྱུ།

སྐྱེས་པ་འཆིག་ན་ཆུང་མ་ཅིག་བརླག་འགྲོ

བུད་མེད་འཆིག་ན་ཁྱིམ་རྒྱུད་ཅིག་བརླག་འགྲོ

ཕོ་མོ་འགན་གཏོད་ཕ་མ་ཚད་ལྡན་ལུགས།

འཇིག་རྟེན་ལུགས་ཀྱི་འགྲོ་ལུགས་ཐོག་མ་རེད།

མོ་ལུགས་བཟང་ན་མ་ལུགས་རང་ཤུགས་བཟང་།

མ་ལུགས་བཟང་ན་ཁྱིམ་ཚང་རང་ཤུགས་བཟང་།

མོ་ལུགས་རྒྱུ་ཡིན་མ་ལུགས་འབྲས་སུ་གྲུབ།

ཁྱིམ་ལུགས་ཤེས་པའི་ཆུང་བ་ཪྙེད་གྱུར་བ།

མག་པ་རྣམས་ཀྱི་ཚོགས་བསགས་ཡིན་ཙ་ན།

རང་གི་ཕ་མ་མ་ཟད་མོའི་ཕ་མར།

བཀའ་དྲིན་རྗེས་སུ་དྲན་ན་བུ་རབ་ཡིན།

ལུགས་འདི་མ་བརྟག་ཕོ་ཚུགས་གླེན་རྟགས་པ།

ཆུང་མ་སྡུག་ལ་སྦྱར་བ་སྡིག་ཆུང་སྟེ།

རིང་ནས་རང་ཁྱིམ་རླུང་རྟ་ཐུར་དུ་བསྐོར།

བུ་ཕྲུག་ལའང་ཕོ་དུག་མོ་དུག་བཞག

རྗེས་སུ་ཁྱིམ་རྒྱུན་མི་རིང་ཤེས་དགོས་སོ།

དེ་བས་སེམས་དུག་འདུལ་བྱེད་སློབ་གསོ་མཆོག

ཕོ་མོ་སློབ་གསོ་མི་འདྲ་ཧ་གོ་དགོས།

ཁྱིམ་ཚང་རྒྱུ་འབྲས་ཡོང་ན་རྒྱུ་འབྲས་ཀུན།

གཅིག་གྲོལ་བརྒྱ་གྲོལ་ཡིན་པ་འཇིག་རྟེན་ལུགས།

ལྷ་ཆོས་མི་ཆོས་ཐམས་ཅད་ཞར་ཞོར་འགྲུབ།

ཁ་ལས་རླུང་རྟ་འགྲོ་བའི་སྔོན་འགྲོ་འོ།

ཁྱིམ་ཚང་བསླབ་པ་མེད་པའི་ཀླ་ཀློ་བས།

རྒྱུ་འབྲས་ཁྱིམ་ནས་མི་འཚོལ་ཕྱི་ལ་བཅོལ།

འཇིག་རྟེན་ལྷ་གདོན་སྐྱབས་བཅོལ་མི་ཚེ་མནར།

མི་སྡེའི་ཁྲིམས་འཆོལ་སྲིད་བརླག་ཁ་དཔེ་བཞག

ནོར་སྡེའི་ཚོང་འཆོལ་ཁེ་བརླག་འཁོས་ཀ་ཞན།

གཞན་དབང་མི་ཡི་བྲན་གྱུར་ཁོ་རེ་ཆད།

ལྷ་ཆོས་རང་ནས་མགོ་བཙུགས་ཁྱིམ་ནས་བཟུང་།

གཟུ་ཁྲིམས་རང་ནས་མགོ་བཙུགས་ཁྱིམ་ནས་བཟུང་།

དགོས་འདོད་ནོར་བུ་གང་ཡོད་ཁྱིམ་ལ་ཕྲིས།

བསམ་དོན་གང་ཞིག་མ་འགྲུབ་ཁྱིམ་ལ་ཕྲིས།

ཕ་མ་སངས་རྒྱས་མངོན་བྱུང་དང་པོར་སྒོམ།

ཕ་མ་བླ་མ་མངོན་བྱུང་དང་པོར་སྒོམ།

མ་རྒས་མི་ཚེ་ཉམས་མྱོང་བརྒྱུད་པ་ལ།

ཧ་ཅང་བརྩེ་བ་ཆེན་པོས་དཔྱད་པར་འཚལ།

བུ་ཕྲུག་མ་ཟད་སློབ་མའི་ལྟ་བ་བཟུང་།

བསླབ་རྒྱུན་བཟང་པོ་ཁྱིམ་ནས་གསོ་ཆོག་ཅིང་།

གོ་རྟོགས་འདི་བཟུང་ཕྱི་ཡི་དགེ་རྒན་བསྟེན།

བླང་དོར་གནས་ལ་ཉམས་སུ་བླངས་བའི་མཐར།

སྤྱི་ཚོགས་དགེ་རྒན་ཆེན་པོ་ཉེ་བར་བསྟེན།

དགོན་པའི་བླ་མ་དམ་པ་རིང་བར་རྟོན།

བྱིན་རླབས་བསོད་ཚོགས་མགོ་རྔ་འཆིག་མི་སྲིད།

དོན་དམ་མཐར་ལམ་མཐོང་བའི་ཕུགས་རིག་ལ།

མཐར་ཐུག་གོ་འཕང་སྙེག་པའི་རྒྱུ་ཡོད་དོ།

མི་རིགས་རང་གྲོལ་ཞེས་པའི་ལ་རྒྱ་བརྟན།

ཞི་དྲག་དུས་གཟར་དབང་སྐྱོན་ཐམས་ཅད་ཐར།

ཁོས་ཀ་ཆུང་ཡང་བདེ་སྐྱིད་ངོ་མ་བཪྙེད།

མི་རིགས་ཕྱིར་རྐང་མི་འཐེན་བཀའ་དྲིན་ཆེ།

རྒྱལ་ཁབ་གཏོར་བརླག་མི་རྒྱག་བྱིན་རླབས་ཆེ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-18 22:37 , Processed in 0.280002 second(s), 21 queries .

返回顶部