博客西藏在最高处过一种生活

日志

གླིང་གེ་སར་དང་རྨ་ཆུའི་ཁུགས་སོ་དང་པོ། ... ... ...

已有 358 次阅读2017-5-7 18:11 |系统分类:文学

        གླིང་གེ་སར་དང་རྨ་ཆུའི་ཁུགས་སོ་དང་པོ།

    སྐུ་ཞབས་རྣམ་པ། མཁས་དབང་རྣམ་པ། བདག་ནི་རྨ་ཆུ་ནས་སྐྱེས་ཤིང་རྨ་ཆུ་ནས་ནར་སོན་པ་ཡིན་ལ། གེ་སར་སྒྲུང་གི་ཤེས་བྱ་ཤིན་ཏུ་ཉག་ཕྲ་བ་ཡིན། ཡིན་ནའང་ལོ་བཅུ་ལྷག་གི་སྔོན་དུ་ནུབ་བྱང་མི་རིགས་སློབ་གླིང་དུ་སློབ་གཉེར་བྱེད་པའི་སྐལ་བ་བྱུང་ཤིང༌། གེ་སར་སྒྲུང་གི་སྐོར་ལ་དབང་འབྱོར་བ་རྒན་དཀོན་མཆོག་ཚེ་བརྟན་སོགས་ཀྱི་མདུན་ནས་གེ་སར་སྒྲུང་གི་ཤེས་བྱའི་བདུད་རྩི་ཅུང་ཙམ་མྱངས་ཐུབ་པ་མ་ཟད། ཁོང་གི་ཞལ་ལས་རྨ་ཆུའི་ས་ཆ་འདི་གླིང་གི་ཆགས་ཡུལ་གཙོ་བོ་ཞིག་ཡིན་པའི་ངེས་ཤེས་ཀྱང་བསྐྱེད་བྱུང༌། དེ་རིང་གི་རྩོམ་ཐུང་འདི་ཡང་ཕྱོགས་གཅིག་ནས་སློབ་དཔོན་དཀོན་མཆོག་ཚེ་བརྟན་ལགས་སྐུ་གཤེགས་ནས་ལོ་ངོ་གསུམ་ཙམ་འགོར་བར་རྗེས་དྲན་དང༌། རྨ་ཆུ་རྫོང་འདི་གླིང་གི་ཆགས་ཡུལ་གཙོ་བོ་ཞིག་ཡིན།
    གཅིགདེ་ཡང <<ཧོར་གླིང་གཡུལ་འགྱེད >>་སོགས་སུ་རྒྱུན་དུ་བྱུང་བའི་རྨ་ཆུའི་ཁུག་སོ་དང་བོའམ་ཆུ་རྨ་ཆུའི་འགྱིང་ཁུགས་དང་བོ་ཞེས་པ་དེ་རྨ་ཆུ་རྫོང་ན་ཡོད་དེ། <<མདོ་སྨད་ཆོས་འབྱུང >>་ལས་བ་ཡན་ཧ་རིའི་ཁ་ཚུར་ལྟའི་ཆུ་རྣམས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་རྨ་ཆུའི་མགོ་ཡིན་ལ། དེ་ལྷོ་ངོས་སུ་འབབ་པ་གཉན་པོའི་གཡུ་རྩེའི་གཡོན་ནས་ཐོན། རིམ་གྱིས་བྱང་དུ་འཁྱོག་པ་དཀར་དབུར་རྐ་ཆུ་དང༌། ཚ་གན་བེ་ཤིང་གི་མདུན་ནས་དམེ་ཆུ་དང་འདྲེས་ཏེནུབ་ངོས་དྲང་བོར་བགྲོད་པའི་ཁུགས་སོ་གཅིག་ཅེས་རྨ་ཆུའི་ཁུགས་སོ་དང་པོ་དེ་རྨ་ཆུ་རྫོང་གི་ཁོངས་སུ་ཡོད་པ་དེ་གསུངས་པའོ།།
    གཉིས། རྨ་དམེ་འདྲེས་མདོ། དེ་ཡང་ཡུལ་འདི་ཡི་རྒན་རབས་པ་རྣམས་ཀྱི་ཁ་རྒྱུན་གྱི་སྒྲུང་ལྟར་ན། རྨ་ཆུ་དང་དམེ་ཆུའི་འདྲེས་མདོ་འདི་ནི་རྩྭ་ཆུ་ཕུན་སུམ་ཚོགས་པ་མ་ཟད། དབྱར་ཀ་ཚ་བ་ལ་གཡོལ་སའི་གནས་ཤིན་ཏུ་སྐྱིད་པོ་ཡིན་པས་གླིང་ཆུང་རྒྱུད་ཚང་གི་གནས་གཞི་བྱས་པ་རེད་ཟེར། གླིང་སྒྲུང་ཁ་ཤས་ཀྱི་ནང་དུ་གནས་འདི་ལ་བསྟོད་པ་འདི་འདྲ་བྲིས་ཡོད་དེ། སྒྲོག་མ་ལག་ཐང་ལ་ལྷུང་འདྲ་བོ།། སྟོད་ཀྱི་རྨ་དམེ་འདྲེས་མདོ་རེད།། སྒྲོག་མདོ་བྱུ་རུའི་བརྒྱན་འདྲ་བོ།། སྟོད་ཀྱི་བྱེ་མ་ངང་རིལ་རེད།། ཅེས་གསུངས་པ་ལྟར་རོ། །
    གསུམ། ཡུལ་འདི་ལ་གླིང་དཀར་སྟོད་ཅེས་འབོད་དོན། མཛོད་དགེ་ཉིན་མ་གཙོ་བྱས་རྨ་ཆུ་རྫོང་གི་ཡུལ་ཧྲིལ་བོ་དང་དེའི་མཐའ་འཁོར་གྱི་རོང་འབྲོག་གི་ཡུལ་མཐའ་དག་གླིང་རྗེ་གེ་སར་རྒྱལ་བོས་བཟུང་བའི་ཡུལ་ཡིན་པ་ནི་ཡོངས་སུ་གྲགས་པ་ཡིན་ཏེ། དཔེར་ན་མཛོད་དགེ་ཉིན་མའི་ཚ་གན་བེ་ཤིང་དགོན་པ་འདེབས་ཚུལ་སྐོར་ལ་<<མདོ་སྨད་ཆོས་འབྱུང >>་ལས་རྨ་ཆུ་ཤར་ནས་ནུབ་ཏུ་འཁྱོག་པ་རྨ་དམེ་འདྲེས་མཚམས་སུ་ཚ་གན་བེ་ཤིང་དགའ་ལྡན་རབ་རྒྱས་གླིང་(དགོན་པ་འདི་རྨ་ཆུའི་རྫོང་མཁར་ནས་སྤྱི་ལེ་ལྔ་ཙམ་གྱི་ས་ན་ཡོད་པ་འདིའོ། )།ཇི་ལྟར་བྱུང་ཚུལ་ནི། པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་རྒྱ་ཕེབས་ཀྱི་དུས་སྐྱབས་མགོན་མཆོག་ལ། སྔོན་གླིང་རྗེ་གེ་སར་གྱིས་བཟུང་བའི་ཡུལ་མཛོད་དགེ་ཕྱོགས་དེ་མི་རབས་དུ་མར་འདུག་ཀྱང༌། ད་ཕན་ཆད་གང་འདྲ་ཡོང་མི་ཤེས་དེའི་ས་གནད་ཟིན་ས་ཞིག་ཏུ་དགོན་པ་ཞིག་བྱུང་ན་ཕན་ཐོགས་ཡོད་པ་འདྲ་སྟེ་ཁྱེད་ཀྱིས་དགོན་པ་ཞིག་ཐོབ་ཅེས་བཀའ་གནང་ཐུགས་ལ་བཏགས། ཞེས་གསུངས་པ་ལྟར་དང༌། <<གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར >>་ལས། དཔའ་རྩལ་དྲེགས་པས་ལྷ་མིན་ཕམ་བྱེད་གེ་སར་དམག་གི་རྒྱལ་བོ་ཡིས།། གནའ་དུས་བཟུང་བའི་གླིང་ཡུལ་ཞེས་གྲགས་འབྱོར་བའི་མཛོད་དང་དགེ་བའི་དཔལ།། ཞེས་གསུངས་པ་ལྟར་རོ།།
    བཞི། རྨ་སྨད་མཐོན་པོ་དགུ་སྒྲིགཨ་མྱེས་རྨ་རྒྱལ་སྦོམ་རའི་རི་རྒྱུད་འདི་མགོ་ལོག་རྨ་ཆེན་རྫོང་གི་མངའ་ཁོངས་ནས་རྨ་ཆུ་རྫོང་གི་དངུལ་རྭ་ཞོལ་མ་དང་དངུལ་རྭ། དབལ་པཎ་ཞང༌། རྨུར་བྱེ་ཞང༌། མཚེ་རུ་མ་ཞང་བཅས་ཡུལ་ཚོ་ལྔ་ལ་བརྒྱུད་ནས་ཡོད། རི་རྒྱུད་འདི་ན་རྨ་སྨད་མཐོན་པོ་དགུ་སྒྲིག་སོགས་གླིང་གི་གནའ་ཤུལ་མང་བོ་ཡོད། དཔེར་ན། གླིང་སྒྲུང་ནང་གི་རྨ་སྨད་མཐོན་པོ་དགུ་སྒྲིག་ལས་མང་ཆེ་ཤོས་རྨ་ཆུ་རྫོང་ན་ཡོད་དེ། རྨ་ཆུའི་མུར་བྱེ་ཚོ་བའི་ཁོངས་སུ་ཡོད་པ་སྒྲོག་འཛོམས་རི་ཕྱོར་མཐོན་པོ། དཀར་པོའི་ཆོས་ལུང་མཐོན་པོ། ཆ་ཡི་དུང་རི་མཐོན་པོ། རྨ་ཆུའི་དབལ་པཎ་ཚོ་བའི་ཁོངས་སུ་ཡོད་པ་སྐུང་གི་ལྷ་རི་མཐོན་པོ། པོ་ཏིའི་དཀྱིལ་རི་མཐོན་པོ། རྨ་ཆུའི་དངུལ་རྭ་ཚོ་བའི་ཁོངས་སུ་ཡོད་པ་དྭངས་རིའི་རྫ་དམར་མཐོན་པོ། ཆུ་དཀར་གསལ་རི་མཐོན་པོ་སོགས་སོ།། རྨ་ཆུ་རྫོང་དེ་ས་བབ་ཀྱི་ཆ་ནས་མགོ་ལོག་དང་འབྲེལ་བས་ན་བྲག་རིའི་མར་སྒམ་མཐོན་པོ་དང་ཁོ་ཏེའི་ཤེའུ་སྙིང་མཐོན་པོ་གཉིས་མགོ་ལོག་དགའ་བདེ་རྫོང་གི་གཙང་སྐོར་གྱི་ཁོངས་སུ་ཡོད་ཅེས་གྲགས་སོ།།
    ལྔ། བླ་རི་དང་གནའ་ཤུལ་སྐོར། སྨུག་པོ་ལྡོང་གི་བླ་རིར་གྲགས་པ་དྭངས་རི་དམར་ཡག བདུད་ཡུལ་ལ་སོ་ལྟ་བྱེད་ས་འཇང་གི་སོ་དེའུ་མཐོན་པོ། གེ་སར་རྟ་ཕུར་དང་གེ་སར་བཞུགས་ཁྲི། གེ་སར་བ་རྡོ་སོགས་མང་བོ་ཡོད། འབྲུག་མོའི་བེའུ་འདོགས་ས་ཁྲོ་ཁོ་སྨད་མའི་བེའུ་རྡང་དང་དངུལ་རྭ་ལྷ་སྡེའི་བེའུ་རྡང༌། ཐབ་པར་དང་འབྲུག་མོའི་མར་སྒམ། ཁྱི་ཏིང་དཀར་དོམ་ཆུང་གི་སྡེར་རྗེས་དང་འདོ་རྗེ་རྐྱང་རྒོད་ཡེར་བའི་རྨིག་རྗེས། གླིང་ལྷ་སྡེ་དཀར་པོས་དཔེ་ཆ་བརྩིགས་ས་རྨ་ཁོག་པོ་ཏིའམ་པོ་ཏིའི་ཤ་རན་སྨུག་པོ། ཧོར་པཱ་ཐུར་གྱི་མགོ་བོ་སྤུངས་ས་མདོ་སྐྱེས་ཧོར་མགོ རྒྱ་ནག་ཚོང་བས་བརྩིགས་ཏེ་གླིང་གེ་སར་ལ་ཕུལ་བ་དཔྱིའི་ཇ་མཁར་རིང་མོ། འབྲུག་མོའི་དོ་བོ་བརྩིགས་ས་འབྲུག་མོའི་ཡ་དོ། གླིང་གེ་སར་གྱིས་རྟ་གསོ་ས་གྱི་ལིང་ཁ་ར། འབྲུག་མོས་ལུ་གུ་འཚོ་ས་དཔྱིའི་ལུ་གུའི་སྣ། རོང་བཟའི་ཀེ་འཕན་དམར་ལེབ་ཀྱི་རྫོང་ཤུལ་བྱེ་དཀར་བྱུ་རིའི་རྫོང༌། ཁྲོ་ཐུང་ཤན་པས་འཛིན་ས་ཁྲོ་ཐུང་དེའུ་ལུ། སྟག་རོང་གཟིག་འཕེན་ཆུས་ཁྱེར་ས། ཡུལ་གླིང་དཀར་སྟོད་ཀྱི་ས་འཛིན་ཨ་མྱེས་དངུལ་རྭ། འབྲུག་མོ་རྒྱ་ཡུལ་དུ་ཕེབས་སྐབས་བ་རྡོ་བྱས་མྱངས་པ་འགྱེད་གསུམ་ཨུ་ཁུང༌།
    དྲུག གཉན་པོ་སྐུ་བླ་གེར་མཛོད། བཤད་རྒྱུན་ལ་ད་ལྟ་རྨ་ཆུ་རྫོང་གི་མཛོད་དགེ་ཉིན་མའི་ཁོངས་སུ་ཡོད་པའི་ཨ་མྱེས་སྐུ་བླ་ཞེས་པའི་མིང་གཞན་ཡིན་པར་གྲགས། དེ་ཡང་རྗེ་དཀོན་མཆོག་སེང་གེ་བའི་གསུངས་ལས་ཨ་མྱེས་རྨ་རྒྱལ་དང་ཨ་མྱེས་སྐུ་བླ་གཉིས་དོན་གཅིག་འདྲ་གསུངས། ཡང་ཡུལ་ཡི་འབངས་མི་སེར་གྱི་ངག་རྒྱུན་ལྟར་ན། ཨ་མྱེས་སྐུ་བླ་འདི་ཐོག་མར་བོན་གྱི་བླ་རི་གྲགས་ཅན་ཞིག་ཡིན་ཏེ། ལོ་རེ་བཞིན་གནས་སྐོར་ལ་འགྲོ་བའི་སྲོལ་ཡོད་པ་མ་ཟད་དེང་སང་ཡང་རྗེས་ཤུལ་མ་ཉམས་པར་ཡོད། རྗེས་སུ་འཛམ་གླིང་གེ་སར་རྒྱལ་བོས་ཡུལ་འདི་དབང་བསྒྱུར་རྗེས་གླིང་གི་གཞི་བདག་ཏུ་བཀོད་ཟེར། ཡུལ་མི་རྣམས་ནས་ཨ་མྱེས་སྐུ་བླ་རྟ་དཀར་ཅན་ནམ་སྐུ་བླ་སྤུན་གསུམ་ཞེས་འབོད་ལ། ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་མཛོད་དགེ་ཉིན་མ་ཤོག་ཁ་དྲུག་པོས་ལྷན་དུ་བསང་མཆོད་བྱེད། ཨ་མྱེས་སྐུ་བླའི་སྣང་བརྙན་ནི་རྟ་དཀར་དཀར་ཞིག་ལ་ཆིབས་ཀྱང་སྐུ་ལ་ཁྲབ་རྨོག་གྱོན་པ། དབུ་ལ་ཕྱིང་ཞྭ་གྱོན་པ་ཞིག་སྟེ་ཨ་མྱེ་རྨ་རྒྱལ་དང་ཕལ་ཆེར་འདྲའོ།།
    བདུན། ལོ་རྒྱུས་སྨྲ་བའི་དབང་བོ་བྲག་སྒོམ་པ་བསྟན་པ་རབ་རྒྱས་དང་རྗེ་མུ་དགེ་བསམ་གཏན་སོགས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་ནི་གླིང་གི་ཆགས་ཡུལ་གཙོ་བོ་དེ་ཡིན་པ་དང༌། དེ་དག་ཀྱང་སྨུག་པོ་ལྡོང་གི་མི་རྒྱུད། ལྡོང་ཤུལ་ཆེན་བཅོ་བརྒྱད་ལས་ལྡོང་དཔལ་ཆེན་སྐྱབས་ཟེར་བའི་ཤུལ་གྱི་མི་རིགས་ཡིན་པ་གསལ་བོར་བསྟན་ཡོད་ལ། དབལ་ཤུལ་བ་རྣམས་ཀྱང་གཙོ་བོ་རྨ་ཁོག་པོ་ཏིའ། (རི་འདི་དེང་གི་རྨ་ཆུ་རྫོང་དབལ་པཎ་ཞང་གི་ཁོངས་སུ་ཡོད་)མདོ་སོགས་སུ་ཆགས་ཡོད་དེ། མདོ་སྨད་ཆོས་འབྱུང་ལས་རྨ་ཁོག་པོ་ཏིའི་མདོ་སོགས་སུ་དབལ་ཤུལ་སྟོད་སྨད་འདི་དག་ལྡོང་གི་རིགས་ཡིན་ཏེ། རི་རྩེ་མོ་གསུམ་ཏེ་ལྡོང་ལ་ཐོབ།། ལྡོང་ཞྭ་མགོ་མཐོ་བ་དེ་ཡི་དོན།། ཞེས་མངའ་ཐང་ཆེ༌། ཞེས་གསུངས་པ་ལྟར་དང༌། ཡང་ཡུལ་མིའི་ངག་རྒྱུན་ལ། པོ་ཏིའི་ཤ་བྲན་སྨུག་པོ།། ཤན་པ་སྟོང་གི་བླ་རི།། ཁྲོ་ཁོ་ཆགས་པའི་གཞི་མ།། ཞེས་གོང་གི་གསུང་དེ་ལས་ཁྲོ་ཁོ་ཁ་གསུམ་ནི་སྨུག་པོ་ལྡོང་གི་མི་རྒྱུད་ངོ་མ་ཡིན་པ་དེ་མངོན་ཐུབ་བོ། །
    བརྒྱད། གླིང་ས་མཐོང་བ་ཀུན་སྨོན། དེ་ལ་མཐོང་བ་ཀུན་སྨོན་དང་མཐོང་སྨོན་ཡུལ་སོགས་ཀྱང་ཟེར་ཏེ། གླིང་སྡེ་ཆགས་ཡུལ་ལ་བརྗོད་པ་རེད། ཡུལ་གང་ཞིག་ལ་ངོས་འཛིན་ཞེ་ན། གེ་སར་སྒྲུང་གི་སྐོར་ལ་དབང་འབྱོར་བ་བདག་གི་སློབ་དཔོན་རིན་པོ་ཆེ་རྒན་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བརྩམས་པའི་<<གེ་སར་སྒྲུང་གི་ཚིག་འགྲེལ་གསལ་སྒྲོན་>>ལས། ས་དངུལ་རྭའི་ཕྱོགས་དང་རྨ་ཆུའི་གཡས་གཡོན་ལ་ཟེར། ཞེས་དང༌། ཡང་ན་དངུལ་རྭ་ལྷ་སྡེ་ཁྲོ་ཁོ་ཁ་གསུམ་གྱི་ས་ལ་ཟེར། ཞེས་ཚིག་ཐག་བཅད་ཡོད། དངུལ་རྭ་ཞེས་པ་ནི་དེང་གི་རྨ་ཆུ་རྫོང་གི་དངུལ་རྭ་ལྷ་སྡེ་ཞེས་པའི་སྡེ་བ་འདི་ཡིན་ལ། ཁྲོ་ཁོ་ཁ་གསུམ་ཞེས་པ་ནི་དེང་གི་རྨ་ཆུ་རྫོང་གི་མངའ་ཁོངས་ན་ཡོད་པའི་ཁྲོ་ཁོ་སྨད་མ་ཞ་དང༌། དབལ་པཎ་ཚང༌། རྨ་སྡེ་ཆུ་ཁ་མ༌། ནུར་མ་གོང་འགབ། གཅའ་རོ་བཅས་ཀྱི་སྤྱི་མིང་དུ་བརྗོད་དོ།། གོང་གི་སློབ་དཔོན་དཀོན་མཆོག་ཚེ་བརྟན་ལགས་ཀྱི་གསུངས་དེ་ལས་རྨ་ཆུ་འདི་གླིང་སྡེ་ཆགས་ཡུལ་གྱི་གནས་གཙོ་བོ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་དོ།།

发表评论 评论 (1 个评论)

回复 黑颈鹤 2018-6-24 13:47
རྩོམ་ཡིག་འདི་ལ་གཟིགས་མཁན་མང་བོ་ཡོད། ཡིན་ཡང་བསྐྱར་བཙོས་མང་བོ་བྱས་ཡོད།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-23 00:44 , Processed in 0.278206 second(s), 22 queries .

返回顶部