博客西藏在最高处过一种生活

日志

ཁུ་ནུ་བསྟན་འཛིན་རྒྱལ་མཚན་གྱི་ལོ་རྒྱུས། ...

已有 274 次阅读2017-3-29 11:42 |系统分类:教育

མཁྱེན་གཟིགས་ཁུ་ནུ་སེམས་དཔའ་ཆེན་པོ་བསྟན་འཛིན་རྒྱལ་མཚན་གྱི་རྣམ་ཐར།
      དམིགས་མེད་ཐུགས་རྗེའི་གཏེར་ཆེན་དཔལ་མགོན་བླ་མ་འཇམ་དཔལ་དབྱངས་དང་དབྱེར་མེད་པའི་ཞབས་ལ་གུས་པ་ཆེན་པོའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཀུན་ཏུ་ཐུགས་རྗེས་བཟུང་ནས་སྒོ་གསུམ་བསམ་སྦྱོར་མཐའ་དག་བཟང་སྤྱོད་རྒྱ་མཚོར་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། རྣམ་གྲོལ་ཞི་དབྱིངས་ཡེ་ཤེས་ཉི་གཞོན་རྒྱས། །ཐུགས་རྗེས་འོད་ཟེར་མོས་བློར་འཚམས་པར་འཇུག །བདག་ལྟའི་མུན་བསལ་མཁྱེན་གཉིས་བློ་པད་འབྱེད། །སངས་རྒྱས་སྐུ་དངོས་དཔལ་ལྡན་བླ་མར་འདུད། །གང་གི་རྣམ་ཐར་གཏིང་བྲལ་རྒྱ་མཚོའི་འཇིང༌། །སོ་སྐྱེས་བྱིས་བློས་གཞལ་བྱའི་ཡུལ་མིན་ཡང༌། །མཛད་ཚུལ་རྩྭ་རྩེའི་ཆུ་ཐིག་ཙམ་གྱིས་ཀྱང༌། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་ཉིད། །འགྲོ་ཁམས་མ་ཟད་བར་དུ་ཐུགས་སྐྱེད་ཀྱིས། །གདུལ་བྱར་ངོ་མཚར་འགོག་མེད་ཆུ་ཟླའི་གར། །དཔལ་མགོན་བླ་མའི་ཕྲིན་ལས་ནུབ་མེད་འཕེལ། །འགྲོ་བསོད་རྫིང་བུར་འཕེལ་སྒྲིབ་ཉི་ཟླ་བཞིན། །རེ་ཞིག་གཟུགས་སྐུ་ཉི་གཞོན་མི་མངོན་པར། །འོད་གསལ་ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་ཚེ། །ངོ་མཚར་གཏམ་གྱི་ལོ་རྒྱུས་ས་བོན་གྱིས། །བློ་ལྡན་གུས་པ་འཕེལ་ཕྱིར་ཅུང་ཟད་འབྲི། །དེ་ལ་བྱང་ཆུབ་སེམས་དཔའ་འཕགས་ཆེན་རྣམས་ནི་གདོད་ནས་འཆི་མེད་གཉུག་མའི་སྐུ་མངོན་དུ་གྱུར་ཀྱང་གདུལ་བྱ་གཞན་ངོར་སྐྱེ་འཇིག་གི་ཚུལ་སྟོན་པ་སོ་སྐྱེས་བློ་ཡུལ་ལས་འདས་པ་ཡིན་ལ། ད་ལྟའི་སྣང་ངོར་སྐུ་ཡི་བཀོད་པ་འདི་ཡང་བསམ་བཞིན་དུ་སྲིད་པར་བཟུང་བའི་སེམས་དཔའ་ཆེན་པོ་ཡིན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་དངོས་སྣང་སྤྱི་ནོར་༧གོང་ས་ཐམས་ཅད་མཁྱེན་པས་དཔལ་གྱི་མགུར་ལས་ལན་གཅིག་མ་ཡིན་པ་བསྔགས་པར་མཛད་པ་ཡིན་མོད། ཚུར་མཐོང་སྣང་ངོར་གཤེགས་བཞུགས་བགྲེས་རྒུད་ཀྱི་རྣམ་པ་ཐམས་ཅད་གདུལ་བྱ་གཞན་ངོར་སྣང་བ་ཁོ་ན་ཡིན་ཞིང་བླ་མ་ཁ་ཅིག་ཡོན་ཏན་ཆེ་ཡང་འགྲོ་དོན་མེད་པ་ཤེས་པ་ཁོག་རུལ་དུ་གྱུར་པ། ཡང་འགྲོ་དོན་ལ་བསྙད་པའི་འུད་སྒྲོགས་ཆེ་ཡང་ཡོན་ཏན་ཆེ་རྒྱུ་མེད་པ། ཁ་ཅིག་ཡོན་ཏན་ཆེ་ཡང་སྐུ་ཚེ་མཐར་མ་ཕྱིན་པ། སྐུ་ཚེ་རིང་ཡང་བསྟན་འགྲོའི་གསོས་སུ་འགྱུར་བའི་ཕྲིན་ལས་ཆེར་མེད་པ་དེ་འདྲ་དག་མཆིས་ཀྱང༌། དཔལ་མགོན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བའི་མཁྱེན་གཟིགས་ཁུ་ནུ་སེམས་དཔའ་ཆེན་པོ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་ནི། སྐུ་ཚེ་དང་མཛད་འཕྲིན་མཐར་ཕྱིན་པ་ཡིན་ལ། གངས་ལྗོངས་ཆེ་དགུའི་གཙུག་རྒྱན་དུ་གྱུར་པ་མ་ཟད་བླ་སྤྲུལ་དགེ་བཤེས་སྒྲུབ་བརྩོན་སེར་སྐྱ་ཕལ་ཆེ་བ་ཁོང་གི་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུ་འདི་ལ་དཔྱོད་ལྡན་གཟུར་གནས་རྣམས་ཀྱི་ངོ་མཚར་རྣམ་ཐར་དང་ཕྲིན་ལས་ལ་བརྟགས་པས་ཤེས་ནུས་ཀྱི་མང་དུ་བཤད་དགོས་མེད་པ་དང༌། ཕྱི་ནང་གསང་བའི་རྣམ་ཐར་ཞིབ་ཆ་ནི་བཀའ་གདམ་པའི་བཤེས་གཉེན་གོང་མ་རྣམས་ཀྱི་ངང་ཚུལ་ལྷུར་བཞེས་ཏེ་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་སྦས་ནས་ཟུར་ཙམ་མི་གསུངས་ཤིང་མངོན་ཤེས་གསལ་སྣང་གྲུབ་རྟགས་སོགས་ནི་དྲི་ཙམ་མི་མངོན་པ་དམན་པའི་ཚུལ་དུ་བཞུགས། བདག་ལྟ་བུ་སོ་སྐྱེ་ཐ་མལ་འཁྲུལ་བའི་གཞན་དབང་ཅན་རྣམས་ཀྱི་མཇལ་ཚུལ་ལའང༌། སྲིད་པའི་བདེ་འབྱོར་རྨི་ལམ་གྱི་རོལ་པར་གཟིགས་པའི་རྟགས་སུ། ཁས་དྲག་དབང་བཙན་འབྱོར་ལྡན་སུ་ཞིག་བྱུང་ཡང་དེའི་མཐུན་འཇུག་ཁ་གསག་ངོ་བསྟོད་ལྟ་ཅི། གསེར་དངུལ་འཕང་མེད་ཕུལ་ཡང་དེ་ལ་ཕྱག་མདུད་ཤིག་གནང་དགོས་གསུངས་པའི་དགྱེས་ཚུལ་མི་མངའ། དེང་སང་མཚན་སྙན་འཛམ་གླིང་ཁྱོན་བསྒྲག་གནང་བའི་བླ་ཆེན་འགས་སྦྱིན་བདག་མཐོང་དུས་ཁ་གསག་ངོ་འཇོ་སྤྲེལ་ལད་བྱེད་པའི་ཚུལ་དེ་དག་མཐོང་བའི་སྐབས་རྗེ་རས་ཆུང་བས། མི་ལ་མྱ་ངན་ལས་འདས་དུས་བླ་མ་དྲན་པའི་མགུར་ལས། ཟང་ཟིང་ནོར་རྫས་འཕྲད་པའི་ཚེ། །དངུལ་ཆུ་ས་ལ་ལྷུང་བ་ལྟར། །དྲི་མས་མ་གོས་རིན་པོ་ཆེ། །ཞེས་གསུངས་པ་ལྟར། ཁུ་ནུ་སེམས་དཔའ་ཆེན་པོ་སླར་དྲན་པའི་ཡུལ་དུ་འགྱུར་བ་དང༌། དམན་པ་ཉམས་ཆུང་ལ་ཁྱད་གསོད་མི་མཛད་ཅིང་སློབ་མ་ཉམས་ཆུང་རྣམས་ལ་ལྷག་པར་རྗེས་སུ་འཛིན་པར་མཛད། དགྲ་འདུལ་གཉེན་སྐྱོང་གི་མཛད་པ་གང་ཡང་མི་མངའ་བར་བསྟན་པ་ཁོ་ན་ཐུགས་ལ་བཅག་པས་ཆོས་འཆད་པ་དང་མཉམ་བཞག་ཁོ་ནའི་ངང་དུ་ཁུ་སིམ་མེར་བཞུགས་པ་ལས་འཇིག་རྟེན་གྱི་བྱ་བ་གང་ཡང་མི་མངའ། མདོ་སྔགས་རིག་གནས་དང་བཅས་པ་སུས་ཅི་ཞུས་དེ་ལ་དཀའ་གནད་རྙོག་ཚེག་མེད་པར་སྟོན། དགྲ་མེད་གཉེན་མེད་རིའི་བུ་དང༌། ན་བུན་གྱི་གོས་མཛད་ནས་གྲོགས་མེད་གཅིག་པུར་རི་དྭགས་བཞིན་ངེས་མེད་དབེན་པ་ཁོ་ནར་ཐུགས་གཞོལ་ཞིང་སྐུ་ན་བགྲེེས་པ་དེ་ལྟའི་སྐབས་སུའང་རིས་མེད་པའི་བསྟན་འགྲོའི་དོན་ལ་ཐུགས་སྐྱོ་ངལ་དང་བཏང་སྙོམ་མི་མཛད་ཅིང་གངས་ལྗོངས་དུས་ཀྱིས་གཉེན་འཕྲང་རྒྱལ་བསྟན་ཉམ་རྒུད་དེ་ལྟའི་དུས་སུ་གསར་རྙིང་རིགས་གནས་མདོ་རྒྱུད་བཅས་གང་ལ་ཅི་དགོས་འཆད་སྤེལ་མཛད་པ་རིས་མེད་པའི་བསྟན་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་ལྟ་བུར་གྱུར་པ་འདི་ཙམ་ལ་བསམ་ན། བྱ་གཏང་གི་རྒྱལ་པོ། ཞེན་ལོག་གི་རྣལ་འབྱོར། སྒྱུ་མའི་སྐྱེས་བུ། སྐྱོན་བྲལ་ཡོན་ཏན་ཀུན་ལྡན། མཁས་དང་གྲུབ་པའི་འབྱུང་གནས། བདུད་ལས་རྒྱལ་བའི་དཔའ་བོ། བདག་ལྟའི་འཆིང་བ་གཅོད་པ། མ་རིག་པའི་མུན་པ་སེལ་བ། སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ལས་འབྱིན་པ། ང་རྒྱལ་གྱི་རི་བོ་བསྙིལ་བ། རླབས་པོ་ཆེའི་སྤྱོད་པ་སྟོན་པ། ཆོས་དང་ཆོས་མིན་འབྱེད་པའི་མིག་སྦྱིན་པ། ཆོས་བརྒྱད་ཀྱི་རྟོག་པ་རྩད་ནས་འདོན་པ། རིས་མེད་ཀྱི་ཐུགས་བསྐྱེད་ལྡན་པ། ཀུན་དང་མཐུན་ཞིང་ཀུན་ལས་འཕགས་པ། ཞུམ་པ་ལ་སྤྲོ་བ་བསྐྱེད་པ། ཐེག་པ་དང་གྲུབ་མཐའ་སོ་སོའི་ལམ་མ་འདྲེས་པར་སྟོན་པ། མཛད་པ་རྣམས་བསྟན་པ་རིས་མེད་ཀྱི་གསོས་སུ་གྱུར་པ། བསྟན་པ་ཐམས་ཅད་འགལ་མེད་དང༌། གཞུང་ལུགས་མ་ལུས་གདམས་པར་སྟོན་པའི་དེད་དཔོན་ཆེན་པོ་ཞིག་ཡིན་མིན་ཤེས་པར་འགྱུར་རོ་སྙམ་མོ། །ད་ལྟ་ཐུན་མོང་གི་ངོ་སྐལ་དུ་གྱུར་པ་རྣམ་ཐར་ཐར་པའི་ཐེམ་སྐས་ཞེས་པ་དང༌། མཁས་བཙུན་བཟང་པོས་ཁུ་ནུ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་པའི་ཞལ་གསུང་རྣམ་ཐར་ཕྱོགས་མགོ་ཙམ་ཞིག་མཐོང་བ་བཅས་ལ་བརྟེན་ནས་སྒྲོ་སྐུར་བྲལ་བ་འབྲི་བར་བྱ་བ་ལ། རིགས་བཟང་དལ་འབྱོར་རྟེན་མཆོག་བལྟམ་ནས་མཐུན་རྐྱེན་འཁོར་ལོ་རྣམ་བཞི་ངང་གིས་འབྱོར་ཞིང་ཐོས་བསམ་བསྒོམ་པའི་འབྲས་བུ་བསྟན་པ་དང་སེམས་ཅན་གྱི་དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་ལོ། །དང་པོ་རིགས་བཟང་རྟེན་མཆོག་སྐུ་བལྟམ་པའི་ཚུལ་ནི། རྒྱ་གར་འཕགས་ཡུལ་གྱི་བྱང་ཧེ་མ་ཅལ་གྱི་མངའ་སྡེར་གཏོགས་པའི་རི་རྒྱུད་དུ་ཁུ་ནུ་ཞེས་པ་ཡུལ་ལྗོངས་སྔོན་བྱོན་རིག་འཛིན་གྲུབ་པ་དང་ལྷ་ཀླུ་གནོད་སྦྱིན་མིའམ་ཅི་ཡི་བཟུང་བའི་ཡུལ་སཾ་སྐྲིཏའི་སྐད་ལ་ཀི་ན་རཿ འབོད་པས་དེ་ཟུར་ཆགས་པས་ཡུལ་མིང་ཀི་ནོར་ཞེས་འབོད་པ་ཡིན་ནམ་སྙམ། ཡང་དངོས་གྲུབ་ཁ་ཤས་བྲིས་པའི་ནང་སྔར་དུས་རིམ་པུར་རྒྱལ་པོའི་མདུན་ན་འདོན་སོགས་ལ་ནེ་གེ་ཞེས་འབོད་པ་དུས་དབང་གིས་ཡུལ་མིང་དུ་ཆགས་པར་བཤད་འདུག གང་ལྟར་རི་མཐོ་གཟར་ཆེ་ཞིང་ལུང་པ་སྟོད་གངས་རི་དཀར་པོ་ཀིན་ནར་ཀེ་ལཱ་ཤ་སོགས་གངས་རི་དུ་མས་མུ་ཁྱུད་ཀྱིས་བསྐོར་བ། གངས་རྒྱུད་གྱི་རི་སུལ་རྣམས་ནས་ཆུ་མོ་ཤང་ཤང་སྔོན་མོ་གླང་ཆེན་ཁ་བབ་ཡུལ་སྐད་ལ་སཏ་ལུཛ་སོགས་རྒྱུད་མར་འབབ་པ། བར་ན་ནགས་ཚལ་ནིའུ་ཛས་གང་བ་ཐང་ཤིང་དང་གཞན་ཡང་ལི་དང་ཤིང་ཐོག་ཀུ་ཤུ་དང༌། ཁམ་བུ་སོགས་འབྲས་ལྡན་ཤིང་ཐོག་སྣ་ཚོགས་དང༌། ཞོག་ཁོག་སོགས་ཀྱི་ཐོན་ཁུང་བཟང་ཞིང༌། ལུང་པའི་སྟོད་ནང་པ་དང༌། བར་ཕྱི་ནང་འདྲེས་མ། སྨད་ཕྱི་པ་ལྷ་དབང་ཕྱུག་སོགས་ལ་ཁྲག་མཆོད་བྱེད་པ་དེ་ལྟ་བུའི་ཡུལ་གྱི་སྟོད་ཕྱོགས་ཁུ་ནུ་གསུང་ནམ་ཞེས་པར་གཟིམ་ཁང་བདེ་སྐྱིད་སྤང་ཚང་ཞེས་གཉོས་རྒྱལ་བ་ལྷ་ནང་པ་ལས་མཆེད་པའི་ཡབ་པདྨ་གླིང་པ་གདུང་རིགས་ཀ་ལན་པུར་དང༌། ཡུམ་ནོར་སྐྱིད་གཉིས་ཀྱི་སྲས་སུ་བྱང་ཆུབ་སེམས་དཔའ་བསམ་བཞིན་མི་ཡི་ཟོལ་དུ་སྣང་བ་མཚན་བརྗོད་པར་དཀའ་ཡང༌། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་དཔལ་རབ་བྱུང་༡༥པའི་ཤིང་ལུག་ལོར་སྤྱི་ལོ་༡༨༩༥ལ་སྐུ་བལྟམས་པར་གྱུར་ཏོ། །དེ་ནི་སྙིང་རྗེ་པད་དཀར་མདོ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་བ་གྲངས་མེད་གངྒཱ་ཀླུང་གི་བྱེ་མ་སྙེད་ཅིག་འདས་ནས་ལྷག་མ་བསྐལ་བ་གྲངས་མེད་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་བ་བཟང་པོ་འཇིག་རྟེན་ཁམས་མི་མཇེད་དེར་སྐྱེ་དགུ་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་ཅིང༌། རྒ་བ་དང་འཆི་བ་མང་བའི་སངས་རྒྱས་ཀྱི་ཞིང་ནས་འཇིག་རྟེན་ལྡོངས་པ་འདྲེན་པ་མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིང༌། སེམས་ཅན་ལས་ངན་པས་བཅོམ་པ། ཉམ་ང་བ་ཆེན་པོ་ཐོབ་པ། མཚམས་མེད་པ་བྱེད་པ། འཕགས་པ་ལ་བསྐུར་པ་འདེབས་པ། དམ་པའི་ཆོས་སྤོང་བ། ལྟུང་བའི་རྩ་བ་འབྱུང་བ། ལོག་པར་ལྟ་བ། ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ། དགེ་བའི་བཤེས་གཉེན་སྤང་པ། མི་དགེ་བའི་རྩ་བ་ཐམས་ཅད་དང་འགྲོགས་པ། ལས་ངན་པས་བཅོམ་པ་ཉམ་ང་བ་ཆེན་པོ་ཐོབ་པ་སོགས་དེའི་དུས་སུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པ་ཐུགས་བསྐྱེད་པར་གསུངས་པ་དང་མཐུན་པར་གྱུར་པ་ཉིད་དོ། །དེར་མ་ཟད་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ང་པ་ལས་དེ་ལ་བྱང་ཆུབ་སེམས་དཔའ་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་རིགས་སུ་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་བྱུང་བར་གྱུར་པ་དེའི་རིགས་སུ་སྐྱེ་བ་སྟེ། ཞེས་དང༌། མངོན་རྟོག་རྒྱན་ལས། སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པ་སྐད་ཤེས་དང༌། །སྤོབ་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཁྱོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །གསུངས་པ་དང་ཡོངས་སུ་མཐུན་པར་གྱུར་པ་ཉིད་དོ། །སྔོན་ཚེ་མི་འཇེན་འཇིག་རྟེན་ཞིང་ཁམས་འདིར། །ཐུགས་སྐྱེད་ཆེན་པོའི་བསམ་བཞིན་སྲིད་པ་བཟུང༌། །འཕགས་ཡུལ་བཀྲ་ཤིས་ལུམ་པའི་ནའི་ཚལ་དུ། །རྣམ་འདྲེན་ཆེན་པོ་ཐུབ་པའི་དབང་པོ་བལྟམས། །དེ་དུས་རྩོད་ལྡན་རྒྱལ་བསྟན་ཉམ་དམས་ཚེ། །སྙིང་རྗེ་ཆེན་པོས་འགྲོ་རྣམས་རྗེས་གཟུང་ཕྱིར། །ཁུ་ནུ་སུམ་ནམ་བདེ་སྐྱིད་སྤང་ཚང་དུ། །སེམས་དཔའ་ཆེན་པོ་བསྟན་འཛིན་རྒྱལ་མཚན་བལྟམས། །ཨེ་མ་རྩོད་ལྡན་སྙིགས་མའི་དུས་འདི་རུ། །མགོན་གཞན་མཛད་པ་རྟུལ་ནས་ཉམས་དམས་ཚེ། །བསམ་བཞིན་སྲིད་པར་བཟུང་ནས་འཕགས་ཡུལ་དུ། །བྱང་ཆུབ་མྱུ་གུ་བལྟམས་པ་ཁྱོད་མིན་སུ། །གཉིས་པ་མཐུན་རྐྱེན་འཁོར་ལོ་ཆེན་པོ་བཞི་དང་འབྱོར་བའི་ཚུལ་ནི། ཁུ་ནུ་རིན་པོ་ཆེ་འཁྲུང་ཁང་དེ་ཁྱོན་ཡངས་ཤིང་སྔར་དུས་སུ་སྤུན་མང་བས་མཐུན་མིན་གྱིས་བསྒོ་བཤའ་བྱས་སྐབས་ཡབ་ཚང་གིས་ཐོག་མར་བླ་བྲང་བཀྲ་ཤིས་ཆོས་གླིང་བརྒྱབ། དེའི་ཤིང་ཆའི་ལྷག་མར་གཟིམ་ཁང་དང༌། དེའི་ལྷག་མར་ཕྱུག་རྭ་རྒྱ་ཆེར་བྱས་པས་ས་ཁྱོན་མལ་ལེ་གཅིག་ཙམ་རང་བདག་ཏུ་ཡོད་པ་དང༌། ཡབ་ཀ་ལན་པུར་ལ་སྲས་གསུམ་ཡོད་པ་ཆེ་བ་དོན་འགྲུབ་རྒྱལ་མཚན། འབྲིང་བ་ཁུ་ནུ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་མཆོག་ཡིན་ཞིང༌། ཆུང་བ་དོན་འགྲུབ་བསྟན་འཛིན་བཅས་སྐུ་མཆེད་རྣམས་ཕན་ཚུན་མཛའ་མཐུན་གཤིས་བཟང་དཀར་ཕྱོགས་དགེ་ལ་སྤྲོ་བའི་རིགས་བཟང་ཡ་རབས་ཀྱི་སྤྱོད་ཚུལ་དང་ལྡན་པ་ཁྱད་པར་དུ་ཁུ་ནུ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ནི་འཇིག་རྟེན་ཕལ་པའི་ངང་ཚུལ་ལས་འདས་ཤིང་རྟག་ཏུ་འཁོར་བའི་སྡུག་བསྔལ་འབའ་ཞིག་བསམ་པའི་ཐུགས་སྐྱོ་ཤས་ངེས་འབྱུང་ཆེ་བ་དང༌། འཇིག་རྟེན་བྱ་བཞག་ལ་མངོན་ཞེན་དང༌། ཆེད་དུ་རྩོལ་བ་སོགས་གཏན་ནས་མི་དགྱེས་པ། དབུལ་འཕོང་ཉམ་ཐག་ཁས་ཞན་ལ་ལྷག་པར་བརྩེ་ཞིང༌། བཅོས་མིན་གྱིས་སྙིང་རྗེའི་སྤྱན་ཆབ་གཡོ་བ་སོགས་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གང་བ་བསམ་རྒྱུ་ཆོས་ལས་མེད་པ་ཞིག་སྟེ། མདོ་སྡེ་རྒྱན་ལས། དེ་ཡི་ཆོས་ཀུན་རྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །རང་གིས་ཡོན་ཏན་སེམས་ཅན་ཕན་འདོག་དགའ། །བསམ་བཞིན་སྐྱེ་བ་སྒྱུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། །ཅེས་པའི་འགྲེལ་པ་དབྱིག་གཉེན་གྱི་མཛད་པར་བྱང་ཆུབ་སེམས་དཔའ་དེས་ཐམས་ཅད་རྒྱུ་མ་ལྟ་བུར་མཐོང་བའི་ཕྱིར་འབྱོར་བའི་དུས་ན་སྟོན་མོ་རྣམས་ཀྱིས་མི་འཇིགས་ན། སྐྱེ་བ་སྐྱེ་མོས་ཚལ་དུ་འགྲོ་བ་ལྟ་བུར་མཐོང་བའི་ཕྱིར་རྒུད་པའི་དུས་སུ་སྡུག་བསྔལ་གྱིས་མི་འཇིགས་ན། དེའི་བྱང་ཆུབ་སེམས་འཇིགས་པ་གང་གིས་ལྡོག་པར་འགྱུར། གཞན་ཡང་རང་གི་ཡོན་ཏན་གྱི་རྒྱན་དང༌། གཞན་ལ་ཕན་འདོག་པའི་དགའ་བ་སྟོན་མོ་དང༌། བསམ་བཞིན་སྐྱེ་བའི་སྐྱེད་མོའི་ཚལ་གྱི་དང༌། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་རྩེ་མོས་དགའ་བའི་བྱང་ཆུབ་སེམས་དཔའ་དག་ཁོ་ན་ལ་ཡོད་ཀྱི། ཞེས་སོགས་གསུངས་པ་ལྟར་རོ། །དེ་ནས་ཕྱི་ལོ་༡༩༠༡དགུང་ལོ་བདུན་གྱི་དུས་སུ་ཞང་པོ་བླ་མ་རས་བཱར་དཱས་ཀྱིས་དྲུང་ནས་ཀ་མད་སོགས་འབྲི་ཀློག་སྦྱངས་བརྩོན་དང༌། རྡོ་རྗེ་གཅོད་པ། མདོ་སྡུད་པ། གང་བློ་མ། སྒྲོལ་མ་སོགས་ཐུགས་འཛིན་མཛད་ནས། དགུང་ལོ་བཅུ་བཞི་བར་ཞང་པོ་བཞུགས་ཡུལ་གྲོང་གསེབ་རོ་པ་བྱ་བར་བཞུགས། དེ་ནས་༡༩༠༩དགུང་གྲངས་བཅུ་ལྔར་མངའ་རིས་ཆོས་གླིང་གྲྭ་ཚང་དུ་བཞུགས་ནས། བླ་མ་བསོད་ནམས་རྒྱལ་མཚན་བཞུགས་ཡུལ་ལིབ་པ་སར་ཕེབས། བྱང་ཆུབ་ལམ་རིམ་སོགས་གསན། གང་ལྟར་མངའ་རིས་ཆོས་གླིང་གྲྭ་ཚང་དུ་ལོ་ཕྱེད་གསུམ་ཙམ་སློབ་གཉེར་མཛད་ནས་བཞུགས།༡༩༡༣ལོར་བོད་ཆོས་ལྡན་གྱི་ཞིང་དུ་ཐོས་བསམ་བསྒོམ་གསུམ་གནང་བར་ཕེབས་འདོད་ལྡོག་ཏུ་མེད་པར་འཕགས་པ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཡིད་ལ་བྱས་པ་ལྟར་དམ་པའི་ཆོས་དང་དགེ་བའི་རྩ་བར་དགོངས་ནས་གཉེན་ཚན་སོགས་ཀྱི་གཤོལ་འདེབས་འགལ་རྐྱེན་ཡོང་དོགས་ཁོ་རང་གཅིག་པུར་པྱི་ཏིའམ་དེང་སང་པད་ཏིས་ཟེར་བའི་ཡུལ་དང༌། ག་ཤ་རྒྱུད་རི་ཀླུང་མཐོ་གཟར་གཡང་འཕྲང་དང་ལམ་རྩུབ་ཤྭ་འུད་སོགས་ལ་ཇི་མི་སྙམ་པར་ཞབས་ལ་རྐང་སྐྱོབ་ལྷམ་ཡང་མེད་པར་ཀུ་ལུ་ས་ཁུལ་ཉུང་ཏི་ནས། རཱི་སན་ཞེས་པའི་ས་ཆར། ཁུ་ནུའི་ཁྱིམ་ཚང་ཁ་ཤས་ཡོད་པའི་ས་དེར་ཕེབས། གཅེན་དོན་འགྲུབ་ཀྱི་བུན་སྐྱེད་བྱས་པའི་དངུལ་རྣམས་སྐྱེད་ཁ་ཉུང་ཤས་ཤིག་བསྡུ་ལན་གནང་ནས་ལམ་རྒྱག་བསྒྲུབ་གཅེན་པོ་ལ་དེའི་སྐོར་ཕྱག་བྲིས་གནང་ནས་རྒྱ་ཐང་སྤ་ཕྲན་ཀོ་ནས་མེ་འཁོར་དུ་ཞུགས། རྒྱ་གར་རྒྱ་ཐང་གྲོང་ཁྱེར་ཁག་རྒྱུད་འབྲས་ལྗོངས་སུ་བྱོན་ནས་དགུང་གྲངས་༡༩ཐོག་དགེ་བཤེས་ཆེན་མོ་ཨོ་རྒྱན་བསྟན་འཛིན་མཇལ་ནས། དབྱངས་ཅན་སྒྲ་མདོ་རྩ་འགྲེལ་དང༌། སྒྲ་ཙནྡྲ་པ་སོགས་ལེགས་སྦྱར་གྱི་སྒྲ་ཡི་བསྟན་བཅོས་དང༌། སུམ་རྟགས་སྙན་ངག་སོགས་ལོ་ཕྱེད་གསུམ་རིང་སྦྱང་བར་མཛད་དོ། །ངལ་དུབ་ཁྱད་བསད་དམ་ཆོས་དོན་དུ་གཉེར། །བྱམ་བརྩེའི་ཕ་མ་མཛའ་བཤེས་རྒྱབ་དུ་བོར། །རང་ཉིད་གཅིག་པུར་གྲོགས་མེད་ལ་ལུང་བརྒལ། །རྒྱལ་སྲས་སྤྱོད་པར་འཇུག་པ་ཁྱོད་མིན་སུ། །གསུམ་པ་གསན་བསམ་བསྒོམ་གསུམ་གྱིས་བསྟན་པ་ལ་གང་ཕན་མཛད་པའི་ཚུལ་མདོ་ཙམ་སྨོས་ན། དེ་ནས་རིམ་པས་བོད་ཡུལ་དུ་ཕེབས་པས་གཙང་བཀྲ་ཤིས་ལྷུན་པོར་འབྱོར་བས་དེར་སྒྲིགས་ཞུགས་གནང༌། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་རིན་པོ་ཆེ་ཡིན་པར་བརྟེན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན། གུ་གེ་ཡོངས་འཛིན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། བཀའ་ཆེན་སངས་རྒྱས་དཔལ་བཟང་ལས་ཚད་མ་རྣམ་འགྲེལ་སོགས་ཚད་མའི་གཞུང་དང་རྩ་འགྲེལ་བཅས་གསན་ཞིབ་མཛད། ཕར་ལ་ཡང་རིག་གནས་སྐོར་འཁྲིད་པར་མཛད། ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མའི་བཀའ་དགོང་བཞིན་ཁུ་ནུ་རིན་པོ་ཆེ་ནས་དེ་གའི་དཔོན་རིགས་ཁག་དང་ལས་བྱེད་ཁག་ལ་རིག་གནས་སྐོར་རྒྱ་ཆེར་འཁྲིད་པར་མཛད་པས་ཕྱིས་གཙང་གི་དཔོན་རིག་ཁག་ལ་འོས་སྦྱོང་སྤྲོད་སའི་བཀྲ་ལྷུན་སྐྱིད་ནའིསློབ་གྲྭ་ཞེས་པ་དེ་ཡིན་པ་དང༌། དེ་ནས་ལྷ་སར་ཕེབས་ནས་གཟིམ་ཤག་སྨོན་གྲོལ་དང༌། བསམ་ཕོ་གཉིས་ནས་ནན་སྐུལ་བཞིན་དབྱང་ཅན་སྒྲ་མདོ་དང༌། ཙནྡྲ་པ་གཉིས་ཁྲིད་སྤེལ་མཛད་པ་དང༌། སླར་ཡང་བཀྲ་ཤིས་ལྷུན་པོ་དང༌། དེ་རྗེས་ལྷ་སར་ཕེབས་ནས་རིག་གནས་གཙོར་སྟོན་གྱིས་དོན་གཉེར་དད་ཅན་དེར་འདུས་རྣམས་ཀྱི་རེ་བ་སྐོང་བར་མཛད། བོད་ལ་སྒྲ་པཱ་ཎི་པའི་བསླབ་རྒྱུན་མེད་སྟབས་རྒྱ་གར་ཝ་ར་ཎ་སིར་ཕེབས་ནས་དེ་དུས་ཀྱི་སྒྲ་གཞུང་ཕུལ་དུ་ཕྱིན་པ་པཎྚའི་ཏཱ་དེ་ཝ་ནཱ་ར་ཡཎ་ཏྲི་པཱཐཱ་ིཞེས་པའི་མདུན་ནས་མཚམས་སྦྱོར་ལྔ་པ་ནས་འགོ་བརྩམ་ཏེ་སྒྲ་པཱ་ཎི་དང༌། དེའི་ཡན་ལག་རྣམས་ལ་ལོ་ལྔ་ཙམ་སློབ་གཉེར་མཛད། ༡༩༢༢ལོར་མདོ་ཁམས་སྡེ་དགེའི་ཕྱོགས་སུ་ཕེབས་པར་སྐབས་དེར། མཁས་མཆོག་མི་ཕམ་གཤེགས་ནས་ལོ་བཅུ་སོང་འདུག་ཅེས་གསུངས་པ་བདག་གི་ཐོས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཞབས་པད་བསྟེན་ནས་སྡེ་སྣོད་གསུམ་གསན་བསམ་རྒྱ་ཆེར་གནང༌། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཕྱུག་ཅིང་སྒྲ་དབྱངས་ལྷ་མོ་ཞལ་གཟིགས་ཐོབ་པའི་མཁན་པོ་གཞན་དགའམ་རྒྱལ་སྲས་གཞན་ཕན་བྱམས་པའི་གོ་ཆ་ཆོས་ཀྱི་སྣང་བ་རིན་པོ་ཆེའི་མདུན་ནས་གཞུང་ཆེན་བཅུ་གསུམ་མཆན་འགྲེལ་དང༌། རྒྱུད་རྟགས་གཉིས་འགྲེལ་བ་བཅས་ལ་ཐོས་བསམ་གནང་བ་དང༌། དེ་རྗེས་འགྲུ་ཁོག་དུ་འགྲུ་འཇམ་དབྱངས་གྲགས་པ་ཞེས་གཏེར་ཆེན་མཆོག་གྱུར་གླིང་པའི་ཆོས་བདག་དུ་གུ་རུས་ལུང་གིས་ཟིན་ཅིངའཇམ་དབྱངས་མཁྱེན་ཀོང་གཉིས་ཀྱི་དངོས་སློབ་མཁས་གྲུབ་གཉིས་ལྡན་དེའི་མདུན་ནས་དུས་འཁོར་དྲི་མེད་འོད་ཀྱི་འགྲེལ་ཆེན་དང་འབྲུག་པ་བཀའ་བརྒྱུད་ཆོས་བསྐོར་ཡོངས་རྫོགས་གསན། སྨན་གཞུང་ཕྱི་མ་རྒྱུད་བཅས་གསན། ཁོང་གི་སྐུ་མཆེད་བཀྲས་རྒྱལ་ལས་རྩིས་རིག་སྐོར་སྦྱང་བར་མཛད། ཁྱད་པར་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པའི་བཀའ་བབ་ཨ་འཛོམ་འབྲུག་པ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་རིན་པོ་ཆེའི་མདུན་ནས་སྙིང་ཐིག་ཡ་བཞི་གསན་སྐབས་ས་གཡོ་བ་སོགས་བྱུང་འདུག ཀ་ཐོག་མཁན་ཆེན་ངག་དབང་དཔལ་བཟང་ངམ། མཁན་པོ་ངག་དགའ་ཞེས་པཎ་ཆེན་བི་མ་དངོས་སྣང་ཆུ་བོ་གྱེན་ལ་ལྡོག་ནུས་པའི་མཁས་གྲུབ་ཆེན་པོ་དེའི་མདུན་ནས་རྫོགས་ཆེན་སྙན་རྒྱུད་ཀྱི་གདམས་པ་མ་ལུས་པ་དང་ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་གསན་སྐབས་དེར་བོད་པ་སྤྲུལ་སྐུ་མཁན་པོ་ངག་དགའ་མཇལ་བར་ཕེབས་པ་དང་ཁེལ་བས་ཁོང་སྐུ་གཞོན་ནུ་ཞིག་འདུག་ཀྱང་དེ་དུས་ནས་མཁས་པ་རེད་ཅེས་མཁན་ངག་དགས་གསུངས་བྱུང་ཞེས་བདག་ལ་ཁུ་ནུ་རིན་པོ་ཆེས་གསུངས། དེ་ནས་བྱང་སྡེ་རྫ་ཆུ་ཁ་པར་རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་གི་ཁྲི་པ་དགེ་ལེགས་བསྟན་དར་ལས་རྗེ་ཡི་ལམ་རིམ་འགྲེལ་བ་བཞི་སྦྲག་མའི་གཙོས་ལམ་རིམ་སྐོར་དང༌། བདེ་མཆོག་འགྲེལ་བ་སྦས་དོན་ཀུན་གསལ་བཅས་གསན། དེ་ནས་འདན་ཁོག་རྣམ་རྒྱལ་གླིང་དུ་བླ་མ་དམ་ཆོས་ཞེས་འཇམ་མགོན་ཡོན་ཏན་རྒྱ་མཚོའི་དངོས་སློབ་སྐུ་བཅར་ལོ་ལྔ་བཅུ་ཙམ་བྱས་པ་དེའི་མདུན་ནས་ཀརྨ་བཀའ་བརྒྱུད་ཆོས་སྐོར་དང་ཟབ་མོ་ནང་དོན། རྒྱུད་རྟགས་གཉིས། རྒྱུད་བླ་མ། ཕྱག་ཆེན་ངེས་དོན་སྒྲོན་མེ། ངེས་དོན་རྒྱ་མཚོ། ཕྱག་ཆེན་རྒྱ་གཞུང་པོད་གསུམ་ཤེས་བྱ་ཀུན་ཁྱབ་མཛོད་སོགས་གསན་པ་དང༌། ཟབ་མོ་ནང་དོན་ལ་ཐུན་མིན་སྦས་དོན་གྱི་འགྲེལ་བཤད་ཡོད་པ་དོན་དུ་གཉེར་མཁན་མ་བྱུང་ཁྲིད་རྒྱུན་འཆད་པར་འཕང་ནས་གནས་ནང་དཔའ་བོ་རིན་པོ་ཆེ་ལ་ཕུལ་བ་ཡིན་ཁོང་གི་མདུན་ནས་ཞུ་མཁན་ཡོད་མེད་མ་ཤེས་ཞེས་ཞལ་ལས་བདག་གིས་ཐོས། དེ་ནས་རྫོགས་ཆེན་མཁན་པོ་ལྷ་རྒྱལ་ལམ། ཚུལ་ཁྲིམས་བློ་གྲོས་ལས་ཀུན་མཁྱེན་ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི། གསུངས་ཐོར་བུ་དང༌། གསང་འགྲེལ་ཕྱོགས་བཅུ་མུན་སེལ། ཡེ་ཤེས་བླ་མ། ཐེག་ཆེན་ཚུལ་འཇུག དཀོན་མཆོག་འགྲེལ་མན་ངག་ལྟ་ཕྲེང༌། རོང་ཟོམ་གསུངས་བི་མ་ཡང་ཏིག རྡོ་ལ་གསེར་ཞུན་སོགས་རྙིང་རྒྱུད་ཁག་གསན། སྨན་པ་ཨ་སེང་ལས། རྒྱུད་བཞི་དང་ཤེལ་ཕྲེང་སོགས་གསན། དེ་ནས་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་མདུན་ནས་གུར་རྟགས་སཾ་གསུམ་དང༌། རྒྱུད་སྡེའི་སྤྱི་རྣམས་མཛེས་རྒྱན། ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་ཡིག་ཁག་གཉིས་དང༌། རྙིང་མ་རྒྱུད་བཅུ་བདུན་གྱི་བཀའ་ལུང་བཅས་གསན། དེ་ནས་གའུ་རི་ཁྲོད་དུ་ཕེབས་ནས་བླ་མ་འཇམ་རྒྱན་ནས། ལེགས་བཤད་འཁྲུལ་བྲལ་ལུང་དང༌། འགྲེལ་པ་སྲས་དོན་མ་དང༌། རབ་དབྱེ་ལམ་འབྲས་རྡོ་རྗེའི་ཚིག་རྐང་སོགས་ཞུས། དེར་འདུས་རྣམས་ཀྱི་དགོས་འདུན་བཞིན་རིག་གནས་སྐོར་ཆ་ཚང་འབུལ་བར་མཛད། བླ་མ་ཀུན་དགའ་དཔལ་ལྡན་ནམ། མཁན་ཀུན་དཔལ་ལས་བླ་མ་ཡང་ཏིག་ཞུས་པ་དང༌། ཡེ་ཤེས་བླ་མ་ཡར་མ་ཞུས་པར་ཐོབ་པ་དང༌། དོན་འགྲེལ་སྐོར་གསུམ་བཅས་གསན། དེ་རྗེས་དཔལ་སྤུང་སི་ཏུ་པདྨ་དབང་མཆོག་མདུན་ནས། དྭགས་པོའི་བཀའ་འབུམ་པོད་གཉིས་སྒྲོལ་དཀར་རྗེས་གནང་སྒྲུབ་ཐབས་དང་བཅས་པ། ར་ག་ཨ་སྱེ་བདེ་སྨོན་བཅས་ཐོབ། མཁས་དབང་བེ་རི་མཁྱེན་རྩེའི་མདུན་ནས་འབྲི་གུང་དགོངས་གཅིག་གི་འགྲེལ་བ་རྡོ་ཤེ་མ། འབྲི་གུང་བསྟན་སྙིང་འགྲེལ་ཆེན། ཕྱག་ཆེན་ལྔ་ལྡན་ཡང་ཐོབ། ཕར་ལ་རིག་གནས་སྐོར་ཕུལ། ཡང་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མདུན་ནས་གཉུག་སེམས་སྐོར་གསུམ་དང༌། རོང་སྟོན་གྱི་མངོན་རྟོག་རྒྱན་གྱི་འགྲེལ་པ་དང༌། དངུལ་ཆུ་ཐོག་མེད་གྱི་མངོན་རྟོག་རྒྱན་གྱི་འགྲེལ་པ་མ་གཏོགས་བྱམས་ཆོས་སྡེ་ལྔ་ཡོངས་རྫོགས། རྡོ་གྲུབ་ཆེན་གྱི་གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེའུ་མིག་བཅས་གསན། དེ་ནས་སྡེ་དགེ་རྒྱལ་པོ་ཨ་སྐྱའི་སྲས་དང་མཉམ་དུ་དགོན་ཆེན་མཁན་པོ་བསམ་གཏན་བློ་གྲོས་ཞེས་འཇིག་བྱེད་དངོས་ཡིན་ཟེར་བའི་དེའི་མདུན་ནས་འཇིག་བྱེད་དབང་སོགས་གསན་པ་དང༌། ཕར་ལ་རིག་གནས་སྐོར་ཕུལ་སྟེ་ཟླ་བརྒྱད་ཙམ་བཞུགས་པ་དང་དེར་ཡོད་ཀྱི་དགོན་སྡེ་མང་པོའི་མཁན་པོ་དང༌། དགེ་འདུན་མང་པོ་ལ་རིག་གནས་འཁྲིད་དགོས་ཞུས་ངོར། རིག་གནས་སྐོར་གསུངས་ཏེ་ཟླ་ཤས་བཞུགས་སྐབས་དེར་ཞལ་སློབ་མཁས་མང་གིས་ཞལ་གསུངས་ཟིན་ཐོ་བཀོད་པ་ཕྱོགས་བསྒྲིགས་དག་ཡིག་ངག་སྒྲོན་འགྲེལ་པ་ཚིག་གསལ་ཞེས་པ་དེ་མཛད། མཁན་པོ་དབོན་སྟོད་མཁྱེན་རབ་ནས་དྭགས་པོའི་ཐར་རྒྱན་ཚུལ་གསན། ཕར་ལ་རིག་གནས་སྐོར་ཕུལ། དགའ་སྟོན་ངག་དབང་ལེགས་པ་ལས་ལམ་འབྲས་སོགས་ཀྱི་མན་ངག་གསན། སླར་ཡང་གའུ་རི་ཁྲོད་དུ་ཕེབས་སྐབས་རྒྱ་དམག་གིས་བོད་འབྲི་ཆུའི་ཕར་ཁར་བཙན་འཛུལ་གྱིས་བོད་ས་རྒྱ་ཆེན་བཙན་འཕྲོག་བྱེད་སྐབས་ཡིན་འདུག་པ་སྤྱི་ལོ་༡༩༣༢ནང་ཡིན་ཚོད། དེ་ནས་ཁང་དམར་རི་ཁྲོད་དུ་ཟླ་ཤས་བཞུགས་ནས་ལོ་གསུམ་བཞུགས་པའི་མཚམས་པ་རྣམས་ལ་མཛོད་བདུན་དང༌། ཡེ་ཤེས་བླ་མ་བཅས་འཁྲིད་པར་མཛད། དཔལ་འབྱོར་དགོན་དུ་ཟླ་ཤས་བཞུགས་ནས་ཁམས་པ་སྒར་གྱི་དཔེ་མཛོད་ལ་གཟིགས་པར་ཕེབས་རུང་དཔེ་མཛོད་མི་སྟོན་འདུག་ཀྱང་ཁོང་རྣམས་ལ་རིག་གནས་བསྐོར་ཅུང་ཟད་བཤད་ནས་ཆབ་མདོ་ལ་ཕེབས་པས་གཞུང་གི་སྐུ་དྲག་མང་པོ་ལ་ལོ་གཅིག་ཙམ་རིག་གནས་ཁག་བཤད་དེ་བཞུགས། དགུང་གྲངས་བཞི་བཅུ་པར་དབུས་ཕྱོགས་སུ་ཕེབས་སྐབས་དེར་འབྲི་གུང་གྲུབ་ཆེན་ཨ་མགོན་རིན་པོ་ཆེ་མཇལ་བས་ཤང་ལ་ཕྱག་མཛུག་གཏད་ནས་ཤར་ཤར་ཤར་བསུང་ནས་ངོ་སྤྲོད་མཛད་གསུང༌། དེ་ནི་ཤྲི་རི་སེང་ཧས་པདྨ་འབྱུང་ནས་ལ། །གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག །མ་ཤར་མ་ཤར་ཤར་ཤར་ཤར་མ་ཤར། །གསུངས་པ་ལྟ་བུའི་ངོ་སྤྲོད་མཛད་འདུག ལྷ་པར་སྨན་རྩིས་ཁང་དུ་སྒྲ་སོགས་ཁྲིད་ནས་བཞུགས་སྐབས་རྒྱལ་ཚབ་རྭ་སྒྲེང་ནས་སྒྲ་ཁྲིད་ཞུ་མི་ཇི་ཡོད་ལ་ལྟོ་ཕོག་ལེགས་འབུལ་གནང་རུང་གདན་ས་ཁག་ནས་ཕེབས་མཁན་གཅིག་ཀྱང་མེད་འདུག དེ་སྐོར་ཞིག་ལ་མི་རྟག་པའི་གཏམ་གློག་གི་ཟློས་གར་ཞེས་པ་དེ་བརྩམས་པར་མཛད་པ་དང༌། བོད་ནས་སྒྲ་པ་ཎི་པ་བསླབ་མཁན་སྒ་ཡུལ་དུ་འཁྲུངས་པ་བདེ་གཞུང་སྤྲུལ་སྐུ་གཅིག་པུ་ལས་མ་བྱུང་འདུག པཎ་ཆེན་རིན་པོ་ཆེའི་དྲུང་ཡིག་ཀ་ལུས་སུམ་རྟགས་སྐོར་ལ་དགག་པ་བྱུང་བར་དེ་ལ་ལན་ཞིག་བརྩམས་གནང་ཡང༌། དེ་དག་དོན་དུ་མི་འགྱུར་བ་དོན་མེད་འཇིག་རྟེན་རྩོད་གཞིར་འགྱུར་ཉེན་ལ་བརྟེན་དེ་ཡང་མེ་ལ་བསྲེགས་པར་མཛད་འདུག རྡོ་རྗེའི་བྲག་གི་དྲུང་ཡིག་དགེ་སློང་ཆོས་བཟང་ཞེས་པ་དྲུང་ཡིག་ཀ་ལུའི་སློབ་བུ་ཡིན་པ་ཕྱག་བྲིས་སྙན་སུམ་ལེགས་པོ་ཡོད་པ་ཞིག་ཡོད། དེ་མཚོ་པདྨར་བཞུགས་འདུག་པ་ཁུ་ནུ་རིན་པོ་ཆེས་མཚོ་པདྨར་བཀའ་ཁྲིད་གནང་སྐབས་ཁོང་གིས་སུམ་རྟགས་སྐོར་བཀའ་འདྲི་ཞུ་གི་འདུག དེ་རྗེས་ངས་དགེ་སློང་ཆོས་བཟང་ལ་སུམ་རྟགས་ཁྱེད་ཀྱི་རྒན་དྲུང་ཡིག་ཀ་ལུ་མཁས་ཀྱི་འདུག་གམ་ཁུ་ནུ་རིན་པོ་ཆེ་མཁས་ཀྱི་འདུག་ཞུས་པར། ངས་ཀ་ལུས་བཤད་པ་དེ་ཡིན་བསམ་གྱི་ཡོད་ཀྱང་ཀ་ལུས་སྒྲ་མ་མཁྱེན་འདུག དངོས་གནས་ཁུ་ནུ་རིན་པོ་ཆེའི་གསུང་དེ་རེད་བཞག ཡིན་ན་ཡང་ཀ་ལུ་པཎ་ཆེན་རིན་པོ་ཆེའི་དྲུང་ཡིག་ཡིན་སྟབས་ཅུང་ཟད་ཙམ་ལ་སྐད་ཆ་མང་པོར་སོང་བ་རེད་ཅེས་གསུང་གི་འདུག དེང་སང་དྲུང་ཡིག་ཀ་ལུས་བརྩམས་པ་དེ་དག་བོད་ནས་པར་བསྐྲུན་དབུས་གཙང་ཁམས་གསུམ་གྱི་མཁས་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ལ་དགག་པ་ཤིག་གི་ཐུམ་བུ་ཟེར་བའི་དེབ་ཐོན་པ་དེ་ཡིན་འདུག ༡༩༣༨དགུང་གྲངས་༤༣ལ་ཕེབས་པར་རྒྱ་གར་འཕགས་ཡུལ་དུ་བྱོན་ནས་ཀ་ཏར་པཎྚི་ཏ་ཧ་རི་པ་ལས་འཆི་མེད་མཛོད་གསན་ནས་ཟིན་བྲིས་ཀྱིས་དེབ་ཀྱང་བརྩམས་པར་མཛད་དོ། །དམ་པ་དུ་མ་སྒོ་གསུམ་གུས་པས་བསྟེན། །སྒྲ་ཚད་ལ་སོགས་རིགས་གཞུང་རྒྱ་མཚོ་ཆེ། །ཤིང་རྟ་ཆེ་བརྒྱད་གདམས་བཅུད་བདུད་རྩི་རྒྱུན། །རྣམ་དཔྱོད་ལྟོ་བ་བཟང་པོ་ལེགས་པར་བསྐྱིལ། །གངས་ཅན་རི་བོའི་ཁྲོད་དུ་གནས་བཅས་ཏེ། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ལུས་སྟོབས་རྒྱས། །ལུང་རྟོགས་གཡུ་རལ་བརྗིད་པ་མིའི་སེང་གེ །བསྟན་འགྲོ་དོན་ལ་བརྩོན་པ་ཁྱོད་མིན་སུ།  །དེ་ནས་ཕ་ཡུལ་དུ་ཕེབས་སྐབས་ཡབ་ཡུམ་ཞང་པོ་བཅས་གཤེགས་ནས་མེད་པ་དང༌། གཉེན་འབྲེལ་ཡུལ་མི་ལྟོ་བཅས་ངོ་འཕྲད་ཁྱུག་ཙམ་ཕེབས་ནས་ཝ་ར་ཎ་སིར་དབེན་པ་ཁོ་ན་ལ་བསྟེན་པར་ཐུགས་བཞེད་ཡོད་འདུག་ཀྱང་སྤུན་མཆེད་དང་ཡུལ་མིས་ཨུ་ཚུག་གིས་ཞུས་ངོར་མི་རྟག་པ་དང༌། རྒྱུ་འབྲས་སོགས་ཀྱི་ཁྲིད་དང༌། སྐྱབས་འགྲོ་དང༌། སྤྱོད་འཇུག་བཤད་ཁྲིད་མཛད་ནས་ལོ་ཤས་བཞུགས་སྐབས་དེར། ཡུལ་མིའི་གླུ་གཞས་ཆོས་མཐུན་ཆེད་དུ་ཀ་བཤད་བུང་བའི་གླུ་ལེན་ཞེས་པ་དེ་དང༌། སྒྲ་དབྱངས་ལྷ་མོ་ལ་བསྟོད་པ་དོན་གཉིས་སྙེ་མ་ཞེས་པ་བརྩམ་པར་མཛད། དེ་ནས་ཀ་ལེན་སྤུང་དང༌། ཝ་ར་ཎ་སིར་ཕེབས་ནས་ཧ་ལམ་མི་ལོ་བཅོ་ལྔ་ཙམ་དབེན་པར་ཁོ་ནར་བཞུགས་ཏེ་ནང་དུ་ཡང་དག་འཇོག་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཉམས་ལེན་སྙིང་པོར་མཛད། ལོ་གཅིག་ཉིན་རེ་བྱང་ཆུབ་སེམས་ཀྱི་བསྟོད་པ་ཤྭ་ལོ་ཀ་རེ་བཀའ་བརྩོམས་མཛད་པར་ཁོང་གི་ཞལ་སློབ་དགེ་བཤེས་ཞིག་གིས་གསན་པར་འདི་པར་འདེབས་ཞུས་ན་འགྲིགས་སམ་ཞུས་པས། རིས་མེད་ཆོས་སྦྱིན་བྱས་ན་འགྲིགས་གསུངས་པས་ཝ་ར་ཎ་སི་མཁན་པོ་མགོ་སེར་ནས་ཆོས་སྦྱིན་དཔར་བསྐྲུན་བྱས་སྐད། ངས་རྡོ་རྗེ་གདན་ནས་བཀའ་དྲིན་ཅན་ཁུ་ནུ་བསྟན་འཛིན་རྒྱལ་མཚན་མཇལ་སྐབས་བྱང་ཆུབ་སེམས་བསྟོད་དེ་འཁྲིད་གནང་བ་དང་ཁེལ་འདུག །སྐབས་དེར་རིན་པོ་ཆེའི་ཞལ་ནས། ཁོ་བོ་ཝ་ར་ཎ་སིར་སྡོད་སྐབས་ཉིན་དེབ་ནང་ལ་མི་སུ་དང་འཕྲད་སོགས་བྲིས་ན་དགོས་པ་མི་འདུག དེ་ལས་ཉིན་རེ་བྱང་ཆུབ་སེམས་ཀྱི་བསྐོར་བྲིས་ན་ཕན་པ་ཆེ་་བསམ་ནས་བྲིས་པ་ཡིན། ཞེས་གསུངས་འཕྲོས་སུ་ཐོས། སྤྱི་ལོ་༡༩༦༥ལོར་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་གཤེགས་པའི་དགེ་རྩར་པར་བསྐྲུན་གནང་འདུག་པའི་དཔེ་བསྐྲུན་ཆེ་བརྗོད་ལ། འཕགས་ནོར་བདུན་ལ་དབང་འབྱོར་ཞིང༌། །སྦས་པའི་བརྟུལ་ཞུགས་འཛིན་པའི་སེམས་དཔའ་ཆེན་པོ། ཡུལ་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གཞོན་ནུའི་དུས་ནས་ཡུལ་གངས་ཅན་ཞིང་གི་རེས་མེད་མཁས་གྲུབ་དུ་མའི་ཞབས་པད་ཡུན་དུ་བསྟེན་དེ་ཐུན་མོང་དང༌། ཐུན་མོང་མིན་པའི་རིགས་པའི་གནས་མཐའ་དག་ལ་ཐོས་བསམ་གཏིང་ཟབ་མཛད། ལྷག་པར་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གཞུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ཐོས་བསམ་སྒོམ་པ་ཕྱོགས་ཆར་མ་ལྷུངས་པ་མཛད་དེ་སྲས་བཅས་རྒྱལ་བའི་གཞུང་ལམ། བདག་བས་གཞན་གཅེས་པའི་བྱང་ཆུབ་སེམས་རིན་པོ་ཆེར་ཐུགས་འདུན་ཆེས་ཆེར་འཕེལ་བས་དེ་ཉིད་ཐུགས་དམ་གྱི་སྙིང་པོར་མཛད་པའི་དབང་གིས་བར་སྐབས་ཤིག་ནས་ཉིན་རེ་བཞིན་བྱང་ཆུབ་སེམས་ཀྱི་བསྟོད་པ་ཤོ་ལོ་ཀ་རེ་ཟུང་ལྗགས་བརྩོམས་མཛད་པའི་བསྟན་བཅོས་རིན་ཆེན་སྒྲོན་མེ་ཞེས་པ་འདི་ཉིད། ད་ལམ་དད་ལྡན་ཕུན་ཚོགས་བཀྲ་ཤིས་ནས་ངོས་ཀྱི་གཅེན་མོ་ཚེ་རིང་སྒྲོལ་མའི་དགེ་འཇུག་ཆེད་པར་འདེབས་བྱས་པའི་དགེ་བའི་རྩ་བ་འདི་དག་སྤྱིར་རྡུལ་མཚོན་ནད་མུག་གི་བསྐལ་ངན་འདི་འདྲའི་དུས་སུ་ཀུན་ལ་གཅིག་ཏུ་སྨན་པའི་ཞི་བསིལ་བདུད་རྩིའི་གཏེར་ཆེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པ་དང༌། སྒོས་སུ་སྙིགས་ལྔའི་རང་མདངས་ཀུན་ནས་དར་བའི་ངང་ཚུལ་ངན་གཡོ་བསླུ་བྲིད་གནོད་འཚེའི་བསམ་སྦྱོར་རང་གཞན་འདི་ཕྱི་གཉིས་ཕུང་གི་ལས་ཚུལ་ཤིན་ཏུ་ཐ་ཆད་པ་འདི་དག་རིམ་གྱིས་ཞི་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག་ཅེས་ཆེད་དུ་བསྔོ་སྨོན་མཚམས་སྦྱོར་བགྱིས་ཤིང༌། སླར་བསྟན་བཅོས་འདིར་རང་བདེ་ཁེ་གྲགས་ཀྱི་བསམ་པའི་སྐྱོན་གྱིས་མ་གོས་བར་ཐོས་བསམ་སྒོམ་པ་མཛད་མཁན་སེར་སྐྱ་ཀུན་ནས་ཚང་ལ་མ་ནོར་བའི་རྒྱལ་བའི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཉག་ཕྲ་ལ་གསོ་དཀའ་བའི་ཚུལ་འདི་ཐུགས་ལ་བཅངས་ཏེ་གོང་དོན་ཐུགས་སྨོན་རེ་དང༌། རྒྱུན་དུ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་དང་རྒྱབ་འགལ་དུ་མ་སོང་བར་ལྟ་སྤྱོད་རྣམ་དག་ཕྱི་ནང་གཉིས་གཙང་རྟོག་ཐུབ་པ་ཞིག་ཅི་ནས་ཀྱང་མཛད་གལ་ཆེ་ཞེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ལགས། རྒྱལ་བས་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་ས་ར་ན་ཐའི་བོད་དགོན་བཤད་སྒྲུབ་འདོད་འཁྱིལ་དུ་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས་བོད་ཤིང་སྦྲུལ་ཟླ་༡༡ཚེས་༩ཕྱི་ལོ་༡༩༦༦ཟླ་༡ཚེས་༡ལ་བྲིས་ཞེས་དང༌། ཡང་རྡ་ས་རིགས་སློབ་ལྷ་བརྩེགས་ཚོགས་ཆུང་ནས་བསྐྲུན་དེབ་བོད་གངས་ཅན་གྱི་ཁྱད་ནོར་ནས་གསལ་བ་བཞིན་༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་ནས། ངས་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ཁྲིད་ལུང་ཞུ་སྐབས། འདི་ལྟར་ཞུ་རྒྱུ་བྱུང༌། ནང་གི་དགྲ་བོ་ཉོན་མོངས་པའི་སེམས་ལ་འཐབ་རྒྱུ་དེ་ཤིན་ཏུ་དཀའ་བ་ཞིག་མ་རེད་དམ། འོན་ཀྱང་སྤྱོད་འཇུག་ནང་ཉོན་མོངས་ཉམ་ཆུང་ཆུང་ཡིན་པའི་ཚིག་གཅིག་ཡོད། དེར་བརྟེན་ཉོན་མོངས་ཉམ་ཆུང་མིན་པ་ཤིན་ཏུ་མཐུ་ཆེན་པོ་ཡིན་ཞེས་ཞུས་པར། རིན་པོ་ཆེས། ཉོན་མོངས་མེད་པ་བཟོ་བར་རྡུལ་ཕྲན་མཚོན་ཆ་དགོས་ཀྱི་མ་རེད་ཅེས་གསུངས་སོང༌། འདིའི་གོ་དོན་ནི་ཉོན་མོངས་བཅོམ་པ་ལ་གོ་མཚོན་དང་རིན་ཐང་བྲལ་བའི་མཚོན་ཆ་དེ་དག་དགོས་ཀྱི་མེད། སྙིང་སྟོབས་བརྟན་པོ་ཞིག་དང་ཤེས་རབ་བསྐྱེད་ན་དེ་ཙམ་གྱིས་ཆོག་པ་ཡིན། སེམས་ཀྱི་རང་བཞིན་དང༌། ཉོན་མོངས་ཀྱི་རང་བཞིན། ཆོས་ཀྱི་རང་བཞིན་རྟོགས་པ་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་དེ་དག་རང་གི་ཆ་ཤས་ལྟ་བུར་གྱུར་པ་ཡིན། ཤེས་རབ་ནི་རང་ཉིད་ཀྱི་ཁྱད་ཆོས་ཡིན་པས། ཕྱོགས་གཅིག་ནས་ལམ་འདི་ལས་སླ་བོ་དང་ཁེ་བོ་ཡིན། ཕྱི་ཡི་གོ་མཚོན་རྣམས་ཐོབ་པ་ལ་འགྲོ་སོང་ས་ཡ་དང་དུང་ཕྱུར་མང་པོའི་བདག་པོ་ཡིན་ན་མ་གཏོགས་གོ་མཚོན་དེ་དག་ཉོ་མི་ཐུབ། ཞེས་གསལ་བ་དང༌། མང་ཆེ་བར་ཝ་ར་ཎ་སིའི་གནས་མདུན་དུ་བཞུགས་པར་འདུ་འཛི་བྲེལ་གཡེང་རྐྱེན་པས་དེ་ལ་བག་ཟོན་མཛད་ནས་གསལ་ལྡན་གྲོང་ཁྱེར་གྱི་ཟུར་དུ། ལཀ་སཱ་ཞེས་བྱ་བའི་གྲོང་གསེབ་དེར་ཧིན་དུའི་དགོན་རྙིང་ཞིག་ཡོད་པའི་དེའི་དགོན་བདག་ཇོ་བོ་གངྒ་གི་རེ་བྱ་བ་སྔ་མ་སྒྲ་རིག་པའི་སློབ་གྲོགས་ཡིན་སྟབས་དགོན་པ་དེའི་ཐོག་ཏུ་ཁང་མིག་གཅིག་རང་ཡོད་པ་དེར་བཞུགས་པར་མཛད། རྗེས་སུ་ཁུ་ནུ་རིན་པོ་ཆེ་དེ་གར་བཞུགས་པ་གསལ་རྟོགས་བྱུང་ནས་ཝ་ར་ཎ་སིའི་ལེགས་སྦྱར་གཙུག་ལག་སློབ་གྲྭ་ཆེ་མོ་ནས་རབ་འབྱམས་གཞུང་ལུགས་སྨྲ་བའི་ཁྱུ་མཆོག་ལྟ་བུར་གཟེངས་བསྟོད་གྱིས་ཚུལ་དུ་མཁས་དབང་དགེ་རྒན་ཆེན་མོའི་གོ་གནས་ཕུལ་ཀྱང༌། གསོལ་ཕོག་སོགས་མ་བཞེས་པ་དབེན་པ་ཁོ་ན་ཐུགས་གཞོལ་བར་མཛད་དོ། །དེ་རྗེས་སྤྱི་ནོར་གོང་ས་༧སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་གཟིགས་ཆེན་པོས་བཀའ་དགོང་བཞིན་མ་སུ་རིར་མཐོ་རིམ་སློབ་གྲྭར་ཆོས་རྒྱུད་ཆེན་པོ་བཞི་ཡི་མཁས་པ་ལྔ་བཅུ་སྐོར་ལ་རིག་གནས་སྐོར་ཆ་ཚང་དང༌། ཁྱད་པར་འཕགས་བསྟོད་སྐོར་སློབ་ཁྲིད་མཛད་ནས་ཟླ་བ་དྲུག་ཙམ་བཞུགས། སྐབས་དེར་མཁས་པ་ཁག་གིས་ཟིན་བྲིས་གནང་བའི་ཁྱད་པར་འཕགས་བསྟོད་ཀྱི་རྩ་འགྲེལ་ཞེས་པའི་འཇུག་བྱང་དུ། རྒྱ་གར་ནུབ་ཕྱོགས་ཁུ་ནུར་སྐུ་བལྟམས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་ནས་མ་སུ་རིར་གཙུག་ལག་སློབ་དཔོན་རྣམས་ལ་འཕགས་ཡུལ་གྱི་སློབ་དཔོན་ཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་བཤད་ཁྲིད་དགྱེས་བཞིན་དུ་བསྩལ་བའི་སྐབས་ཀྱི་ཟིན་བྲིས་རྩ་འགྲེལ་སྦྲག་མ་འདི་བཞིན་ཆོས་དོན་ལྷན་ཁང་ནས་འགྲོ་གྲོན་བསྩལ་ཏེ་རྡ་ས་དྲིལ་བསྒྲགས་སྤར་ཁང་ནས་པར་བསྐྲུན་ཞུས་པའོ་ཞེས་དང༌། དཔེ་བསྐྲུན་གསལ་བཤད་ནང༌། རིག་གནས་ཐུན་མོང་དང་ཐུན་མིན་པ་དག་ལ་གསན་གོམ་མཐར་སོན་ཅིང༌། ཆོས་ཚུལ་རྒྱ་མཚོའ་ིཉིང་ཁུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་འབྱོང་པ་བདག་ཉིད་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གནས་མ་སུ་རིར་གཙུག་ལག་སློབ་དཔོན་རྣམས་ལ་འཕགས་ཡུལ་སློབ་དཔོན་ཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་བཤད་ཁྲིད་ཚིག་དོན་གནད་དུ་འདྲིལ་ལ་གོ་བདེ་བ་དགྱེས་བཞིན་བསྩལ་སྐབས་ཀྱི་ཟིན་བྲིས་རྩ་འགྲེལ་སྦྲག་མ་འདིའི་ཚིག་དོན་ལ་གོ་བ་ཆགས་ན་ཕྱི་ནང་སྟོན་པ་དང་བསྟན་པ་མཆོག་དམན་གྱི་ཁྱད་པར་ཤེས་ཤིང༌། སྟོན་པ་སངས་རྒྱས་ཉག་གཅིག་བླང་དོར་སྟོན་པའི་ཚད་མའི་སྐྱེས་བུ་བསླུ་བ་མེད་པ་ཞིག་ཡིན་པར་ཁོང་དུ་ཆུད་པར་འགྱུར་བ་དང༌། དེས་བསྟན་པའི་ལུང་རྟོགས་ཀྱི་བསྟན་པ་དང༌། དེ་ཚུལ་བཞིན་དུ་སྒྲུབ་པའི་དགེ་འདུན་རྣམས་ཡང་དག་པ་ངོས་འཛིན་གྱིས་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྐང་ཚུག་པར་འགྱུར་བ་སོགས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ཏེ། གཙུག་ལག་སློབ་དཔོན་རྣམས་ཀྱིས་བསྐུལ་མ་མཛད་པ་བཞིན་བོད་གཞུང་ཆོས་དོན་ལྷན་ཁང་ནས་འགྲོ་གྲོན་བཏང་སྟེ་དྲིལ་བསྒྲགས་པར་ཁང་དུ་གྲངས་༥༠༠ཐམ་པ་པར་བསྐྲུན་ཞུས་པའོ། །ཞེས་གསལ་བ་དང༌། དེ་རྗེས་ཝ་ར་ཎ་སི་དང་རྡོ་རྗེ་གདན་སོགས་རྒྱ་བོད་འབྲས་འབྲུག་བལ་པོ་ཁུ་ནུ་ག་ཤ་ལ་དྭགས་ཀོང་སོགས་དང༌། བོད་རྒྱ་མིས་དབང་བསྒྱུར་དུས་ཚོད་ཉག་ཕྲའི་སྐབས་དེར་ཆོས་ཞུ་བ་མང་ཆེ་བ་བཙན་བྱོལ་བོད་མི་སེར་སྐྱ་རྒན་གཞོན་རྣམས་ལ་སོ་སོའི་དོན་གཉེར་བཞིན་གསུངས་ཆོས་འཆད་མེད་གནང་ནས་མང་ཆེ་བ་རྡོ་རྗེ་གདན་དུ་བཞུགས་༡༩༧༣ཆུ་གླང་ཟླ་༣པར་འབྲས་ལྗོངས་ལྷ་ཡུམ་གྱི་གདན་ཞུས་ལྟར་བཞུགས་གནས་སྟག་རྩེར་ཟླ་༤ཙམ་བཞུགས་ནས་འབྲས་ལྗོངས་ཡུམ་སྲས་སོགས་ལ་ཆོས་ཁྲིད་དང་ཀ་སྤུང་བར་ཚིག་ཀོ་ཊའི་དང༌། རྡོར་གླིང་སོགས་སུ་ཕེབས་ཏེ་འདུལ་བྱའི་རེ་བ་ཡོངས་སུ་བསྐངས་ནས་ཆོས་འཆད་སྤེལ་རྒྱུན་ཆད་མེད་པར་མཛད། དེ་རྗེས་རྡོ་རྗེ་གདན་དུ་མང་ཆེ་བ་བཞུགས་ནས་རིས་སུ་མ་ཆད་པའི་སེར་སྐྱ་མཆོག་དམན་ཐམས་ཅད་ལ་རྒྱུད་ཚོད་དང་འཚམས་པའི་གང་ལ་ཅི་དགོས་འཆད་སྤེལ་གནང༌། རྒྱུན་དུ་ཐ་མལ་ལུང་གཏམ་ཡེ་ནས་མི་གནང་བ་མཉམ་བཞག་ཁོ་ནར་བཞུགས། མཚན་མོ་ཕལ་ཆེར་གཙོག་པུར་བཞུགས་པ་སོགས་ཉིན་མཚན་ཉམས་ལེན་ལ་གཡེལ་བ་མེད་པར་མཆིས། དད་རྫས་སོགས་བྱུང་བ་རྣམས་བཞུགས་ཡུལ་དེ་གའི་དགོན་པར་སྤོང་ཐག་གནང་ཞིང་ཟས་གོས་ངན་ངོན་ཙམ་གྱིས་ཆོག་པར་མཛད་དེ། སྤྱན་རས་གཟིགས་ཀྱིས། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་གསུང་པས་དམ་པའི་ཆོས་ནས་གསུང་པའི་ཡོན་ཏན་མཆོག་མངའ་སྐྱེས་མཆོག་འདི་ཉིད་༡༩༧༦མེ་འབྲུག་ལོར་བོད་ཟླ་༡ཚེས་༣ལ་གནས་མཆོག་མཚོ་པདྨར་ཕེབས། བོད་ཟླ༢ ཚེས་༣ལ་འབྲི་གུང་གཏེར་སྒྲོམ་སྒྲུབ་བརྩོན་ནེ་ནེ་རིན་པོ་ཆེ་ཤེས་རབ་མཐར་ཕྱིན་མཆོག་དང་གུས་པ་སོགས་དེར་བཞུགས་བསྒྲུབ་བརྩོན་རྣམས་ལ་ཡེ་ཤེས་བླ་མའི་གཟབ་ཁྲིད་གནང༌། ཡེ་ཤེས་བླ་མ་མཁན་པོ་ཀུན་དཔལ་ནས་ཡར་ཞུ་མ་དགོས་པར་གནང་བྱུང༌། ཟ་འོག་ཕུག་ཏུ་གཞན་དགའི་མདུན་ལ་ཡོང་དུས་མཁན་རིན་པོ་ཆེ་ཀུན་དཔལ་ཕེབས་སོང་ངས་བླ་མ་ཡང་ཏིག་ཁོང་ལ་གནང་རོགས་ཞུས་པ་ཡིན། ཁོང་གི་དབོན་པོ་བསྟན་བློ་ནས་གསན་པ་རེད་ཅེས་ཞལ་འཕྲོས་སུ་གསུངས་པ་དྲན། ཡང་རྒྱུད་སམ་བྷོ་ཊ་དེའི་རྒྱུན་དཀོན་པས་མཁན་རིན་པོ་ཆེ་ཨ་པད་ནས་དོན་གཉེར་གྱིས་གསན་པར་མཛད་སོང་ཞེས་གསུངས་པ་དྲན། དེ་རྗེས་ཡུལ་ཉེར་བཞིའི་ས་འོག་སྐུ་ཡི་འཁོར་ལོ་གནས་བརྒྱད་གྲས་ཀུ་ལུ་ཏ་ཞེས་ཀུ་ལུས་ཉུང་དྷི་ལ་དེང་སང་ཀུ་ལུ་མ་ན་ལི་ཟེར་བ་དེར་སྒྲུབ་བརྩོན་རྣམས་ལ་ཡེ་ཤེས་བླ་མ་ཁྲིད་པར་མཛད་དོ། །གང་གི་མཁྱེན་བརྩེའི་ཆུ་གཏེར་སྲུབ་པ་ལས། །ལེགས་བཤད་འོད་དཀར་དམ་ཆོས་གྲུ་ཆར་འབེབས། །གངས་ཅན་བསྟན་འགྲོ་ཡོངས་ཀྱི་གཙུག་གི་རྒྱན། །རྒྱལ་བསྟན་ཡོངས་ཀྱི་གསོས་གྱུར་ཁྱོད་མིན་སུ། །བཞི་པ། ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ནི། དེ་ཡང་བོད་ཟླ་༩ཚེས་༢༤ལ་ག་ཞ་ནས་དད་ལྡན་སློབ་མ་རྣམས་ཀྱིས་གདན་འདྲེན་ཞུས་པ་ལྟར་རི་མཐོ། གཡང་གཟར། ལ་ལུང་དཀའ་ཚེག་ཆེ་བའི་ལུང་པ་སྐྱོ་བོ་ཤིན་ཏུ་གྲང་ངར་ཆེ་ཞིང་དགུན་དུས་གངས་མི་ཚད་ལྷག་བབས་ནས་འགྲུལ་ཞུད་འཆད་པའི་ས་དེར་སྙིང་རྗེས་གཞན་དོན་ལ་དགོངས་ནས་ཕེབས་པར་མཛད་པ་སྟེ། རྒྱུད་བླ་མ་ལས། དེ་ལྟར་ནམ་མཁའ་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པ། །ཐོག་མེད་བློ་ལྡན་དེ་ཡི་ནི། །སེམས་ཅན་དོན་ལ་ཡང་དག་འཇུག །ཞེས་གསུངས་པ་ལྟར། ཡུལ་ཆེན་ཉི་ཤུ་རྩ་བཞིའི་ས་འོག་སྐུའི་འཁོར་ལོའི་གནས་བརྒྱད་ཀྱི་གྲངས་མཐེ་བོང་མ་རུ་ཞེས་པ་དེ་ཡིན་ཞེས་རྒྱལ་བ་འབྲི་གུང་པ་ཆེན་པོ་སྐྱོབ་པ་འཇིག་རྟེན་གསུམ་མགོན་དང༌། གྲུབ་ཐོབ་ཨོ་རྒྱན་པས་ཀྱང་དེ་ལྟར་ངོས་འཛིན་གནང་ཞིང་སྤྱིར་ཞི་ཁྲོ་རབ་འབྱམས་དང༌། དཔའ་བོ་མཁའ་འགྲོ་འདུ་བའི་དབེན་གནས་ཁྱད་པར་ཅན་ཞིག་དང༌། ཁྱད་པར་གནས་ཡུལ་ཉེར་བཞིའི་ཡ་གྱལ་མཐེ་བོང་མ་རུ་རྡོ་རྗེ་ཕག་མོའི་གནས་ག་ཞའི་ཕག་མོ་ཞེས་ཡོངས་སུ་གྲགས་པ་དང༌། ཧེ་རུ་ཀ་དཔལ་རྡོ་རྗེ་དྲིལ་བུ་པས་བྱིན་གྱིས་བརླབ་པའི་རྡོ་རྗེ་དྲིལ་བུའི་རི་དེ་བདེ་མཆོག་གི་གནས། རས་འཕགས་འགྲོ་བའི་མགོན་པོ་འཕགས་པ་སྤྱན་གཟིགས་རྡོ་ཀ་མ་རུ་པ་ལས་གྲུབ་པའི་གནས་ཆེན། མགོན་པོ་ལྕགས་སྒྲོགས་དང༌། རྗེ་བཙུན་མི་ལའི་སྣང་བརྙན་བྱིན་རླབས་ཆེ་བ་ཡེ་ཤེས་དངོས་སུ་བཞུགས་པའི་རྟགས་སུ་དབུ་སྐྲ་རྒྱུད་མར་སྐྱེ་བ་མངོན་སུམ་དབང་པོའི་དགའ་སྟོན་མཇལ་རྒྱུ་ཡོད་པ་སོགས། ངོ་མཚར་དུ་མས་རྒྱན་པའི་ཡུལ་ལྗོངས་རྡོ་རྗེ་དྲིལ་བུའི་རིའི་མདུན་ཞོལ་བླ་མ་ནོར་བུས་ཕྱག་བཏབ་པའི་དཀར་དྭངས་དགོན་པ་འབྲུག་རྒྱལ་ཆོས་གླིང་དུ་ཕེབས་ཏེ་དེར་ཡོད་དགེ་འདུན་བཙུན་མ་རྣམས་ལ་དྭགས་པོའི་ཐར་རྒྱན་དང༌། ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་ཕྱག་ཆེན་ཟིན་བྲིས་དང༌། དོ་ཧཱ་མཛོད། རོ་བསྙོམ་སྐོར་དྲུག་གི་ཉམས་ལེན་སྒང་དྲིལ་དང་སློབ་མ་རྣམས་ཀྱིས་ཞུ་ངོར། ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་རིན་ཆེན་སྒྲོན་མེ་ལྗགས་བཤད་བཅས་གནང༌། དེ་ནས་ག་ཤའི་སྟོད་དུ་གཞུང་འབྲུག་དགོན་རྙིང་དགེ་སྨོན་ནམ་དེང་སང་དགེ་མུར་དགོན་བསམ་གཏན་ཆོས་གླིང་ཟེར་བ་དགོན་པ་དེ་ཡིས་གདན་ཞུས་ལྟར་དེར་ཕེབས་ནས་གདུལ་བྱ་མཆོག་དམན་ཐམས་ཅད་རྗེས་སུ་བཟུང་ནས་རང་རང་གང་མོས་ལྟར་ཆོས་ཀྱི་ཚིམ་པར་མཛད་ཅིང་ཐར་པའི་ལམ་སྣ་ཁྲིད། དེར་གནམ་གཤིས་གྲང་ཞིང་ནམ་དུས་དགུན་གྱི་དུས་སུ་སླེབས་པས་ག་ཤའི་སྨད་སྐྱེ་ལང་བར་རྩི་འོག་མའི་སྦྱིན་བདག་རིན་ཆེན་གྱི་གཟིམ་ཤག་རྙིང་པར་བཞུགས། དེར་མཇལ་མཁན་མང་བས་དབེན་གནས་ཀྱེ་ལང་བྱང་ངོས་འབྲུག་དགོན་བཀྲ་ཤིས་ཤུག་གླིང་ངམ། ཡུལ་སྐད་ཤ་ཤུར་བྱ་བར་ས་དབྱིབས་རྡོ་རྗེ་ཕག་མོའི་ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་དུ་དགོན་པ་ཆགས་པའི་ས་དེར་ཕེབས་ནས་བཞུགས་གནས་བར་རྩི་གོང་མའི་གྲྭ་གཞོན་ངག་དབང་བསྟན་པའི་ཤག་དེར་བཞུགས། འབྲི་གུང་གཏེར་སྒྲོའི་མཁའ་འགྲོ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང༌། ལྕགས་ལུང་ཇོ་མོ་བསྟན་འཛིན་སྒྲོལ་མ་དང༌། བསྟན་འཛིན་བཟང་མོ་གཉིས། ཁུ་ནུ་ཇོ་མོ་བསྟན་འཛིན་ཆོས་སྒྲོལ་བཅས་དེར་འདུས་བླ་གྲྭ་སྔགས་བཙུན་རྣམས་ལ་བཀྲ་ཤིས་ཤུགས་གླིང་དགོན་དུ་རྗེ་སྒམ་པོ་པའི་དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་གྱི་ལྗགས་ཁྲིད་ཉིན་ལྟར་གནང་བཞིན་བཞུགས་པའི་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་མར་ཚེས་༣  ༡༩༧༧དགོང་གྲངས་༨༣ལ་སོན་པར་ཐར་རྒྱན་ཤེས་རབ་ལེའུ་དགྱེས་བཞིན་བཀའ་ཁྲིད་གནང་མུར་གློ་བུར་དུ་ཅུང་མི་བདེ་བ་འདུག་ཅེས་ཆོས་མཚམས་བཞག བཞུགས་ཁང་དུ་ཕེབས་ནས་ཙོག་པུར་བཞུགས་བཞིན་མགུར་གློ་རྒྱབ་པར་ལུད་པ་ལ་སྐུ་མཚལ་ཉུང་ཟད་ཐོན་པ་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ་དྲང་སྲོང་ཙོག་པའི་འདུག་སྟང་ལ་གཤེགས་པ་ཇི་ལྟ་བ་བཞིན་སྙོམ་པར་བཞུགས་བཞིན་སྐུ་ཞལ་སྔར་བཞིན་གཟི་མདངས་མ་ཉམས་པ་ཟག་མེད་འོད་གསལ་ཆོས་སྐུ་མཁའ་ཁྱབས་དབྱིངས་སུ་བུམ་ཆགས་ནམ་མཁའ་བཞིན་སྙོམ་པར་ཞུགས་པས་འགྲོ་བ་ཀུན་ལ་མ་འདྲེས་པའི་མཛའ་བཤེས་ཆེན་པོ་འདྲེན་མཆོག་བཀའ་དྲིན་མཁོར་མཐའ་མེད་པ་དེ་ཉིད་མཇལ་བའི་ཡུལ་དང་བྲལ་ནས་རེ་ཞིག་དྲན་པའི་ཡུལ་དུ་གྱུར་ཏོ། །དེ་ནི་བདག་ཅག་གི་སྟོན་པ་གྲོངཁྱེར་རྩྭ་ཅན་དུ་འབྱོར་བའི་ལམ་དུ་ཅུང་ཟད་སྐུ་བསྙུང་བའི་ཚུལ་བསྟན་ནས་ངལ་གསོས་ཤིང་ཕེབས་པ་ན་ཙ་ཅན་གྱད་ཀྱི་ཡུལ་དང་ཉེ་བའི་སར་ཤིང་ས་ལ་ཟུང་གི་བར་དུ་སྐུ་གཤེགས་པ་དང་མཚུངས་པར་གྱུར་བ་ཉིད་དོ། །ཀྱེ་མ། འོད་སྟོང་མཛེས་པའི་ཉིན་བྱེད་དབང་པོ་ཞིག །བདག་སོགས་བསོད་ནམས་མཐུ་ཡིས་དུས་དེར་སྣང༌། །མུན་སེལ་ཆོས་ཀྱི་ཉི་འོད་སྤྲོ་བའི་གཉེན། །མི་སྣང་ནུབ་རིར་ཕྱོགས་འདིར་བཟོད་དམ་ཅི། །བསྟན་འདིར་ངང་མོའི་བཏང་བའི་མཚེའུ་བཞིན། །འགྲོ་འདི་ལྟ་བའི་མིག་བྲལ་ལོང་བ་བཞིན། །ཆོས་ཀྱི་མགོན་དང་བྲལ་འདི་ད་འདོད་རྟོགས། །ཁྱོད་འདྲ་མཐོང་ཐོས་སྐལ་པ་མེད་འདི་སྐྱོ། །མགོན་པོ་གང་གི་ཞལ་སྒོ་ལས། །གདམས་ངག་རོ་མཆོག་མྱོང་གྱུར་ཀྱང༌། །ནན་ཏན་འཇུག་བྲལ་བདག་འདྲ་ལ། །རྟག་འཛིན་གདོན་ཞུགས་ད་འདོད་དོ། །དེ་ལྟར་ཆོས་སྐུ་མངོན་དུ་མཛད་པའི་རྟགས་སུ་དེ་ཉིན་རླུང་སིལ་བུ་ཙམ་ཡང་ལྡང་བ་མེད་པ་ནམ་མཁའ་གཡའ་དག་སྔོ་སང་དུ་གྱུར། དེར་ཡོད་ག་ཞ་བས་ཀྱེ་ལང་རྫོང་གི་ཡིག་སྐྱེལ་ཁང་ནས་གློག་ཕྲིན་རྒྱུད་ཧེ་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཞེས་པར་ཡིད་སྐྱོའི་གནས་ཚུལ་དེ་བཏང་བས། དེར་ཡོད་ཁུ་ནུ་བ་དཔོན་རིགས་ཁག་དང་འབྲེལ་ཡོད་བཀའ་བསྡུར་ཐོག་སྙན་ཕྲིན་ལན་འབྱོར་གསལ། ངོས་རྣམས་སང་ཉིན་ཐད་འཕུར་གནམ་གྲུའི་ཐོག་སྐུ་གདུང་རིན་པོ་ཆེ་གདན་འདྲེན་ཞུ་བར་ཡོང་རྒྱུར་བརྟེན། དེ་བར་ཞུགས་འབུལ་སོགས་ཉེས་སྐྱོན་གང་ཡང་མེད་པ་གལ་ཆེ་ཞེས་བཀོད་འདུག་པ། ཕྱིར་ཉིན་སྐུ་གདུང་རིན་པོ་ཆེ་ཟག་མེད་འོད་གསལ་ཟབ་མོའི་ངང་དབྱིངས་སུ་བཞུགས་པར་དེར་ཡོད་སློབ་མ་རྣམས་ཀྱིས་གསོལ་འདེབས་མོས་གུས་དྲག་པོའི་གདུང་ཤུག་ཀྱིས་གནམ་གྲུ་མི་ཡོང་བའི་ཆེད་དུ་ཆར་པ་འབེབས་པར་གསོལ་བ་བཏབ་པས། ནམ་མཁའ་གཡའ་དག་པ་ལ་གློ་བུར་དུ་སྤྲིན་དཀར་ཐག་པ་ལྟར་གཉིས་གཤིབས་དང་དེ་རྗེས་གསུམ་གཤིབས་སུ་གདལ་ནས་སྤྲིན་ཤིན་ཏུ་འཐིབས་པས་གནམ་གྲུ་ཡོང་མི་ཐུབ་འདུག་ཅེས་གློག་ཕྲིན་འབྱོར། དེ་ཡང་བདག་ཅག་གི་སྟོན་པ་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་པར་སྟོན་པ་དང༌། སྐྱོ་བར་བསྐུལ་བ་དང༌། ཆོས་ཀྱི་སྐུ་ལ་སྦྱར་བ་ལ་སོགས་དོན་བཅུ་ལ་དགོངས་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ལྟ་བུ་ཁུ་ནུ་སེམས་དཔའ་ཆེན་པོ་ཡང་རེ་ཞིག་གཤེགས་པའི་ཚུལ་བསྟན་པས། དེ་ཚེ་ཞལ་སློབ་དུ་གྱུར་པ་རྣམས་མྱ་ངན་གྱི་ནོན་པ་གྱུར་པ་དང༌། བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་པའི་ཚེ་ཀུན་དགའ་བོ་ཞག་བདུན་གི་བར་དུ་སྐུ་གདུང་བཞུགས་པ་ལ་མཆོད་པ་རྒྱ་ཆེན་པོ་དང་འབྲེལ་གདུང་བཞུ་བའི་ཉེར་སྡོག་ཐམས་ཅད་བཤམ་པ་ལྟར། དེར་ཡོད་ཞལ་སློབ་རྣམས་ཀྱིས་ཉིན་བདུན་རིང་སྐུ་གདུང་རིན་པོ་ཆེར་མཆོད་འབུལ་ཐོག་ཆོ་འཕྲུལ་ཟླ་བའི་ཚེས་༡༠ལ་ཚོགས་ཁག་གཅིག་གི་དཔལ་མི་འཁྲུག་པའི་དཀྱིལ་འཁོར་དང༌། འཚོགས་ཁག་གཅིག་གིས་རྡོ་རྗེ་སེམས་དཔའི་སྒོ་ནས་ཞུགས་འབུལ་ཞུས་ཤིང་ག་ཞའི་ལུང་པ་ཤིང་ཤིན་ཏུ་དཀོན་པའི་ས་དེར་ཤིང་ཉུང་ཟད་ཀྱིས་གདུང་ཞུགས་ལ་ཕུལ་བས་མེ་ཅུང་ཟད་སྦར་བ་ཙམ་གྱིས་ཡེ་ཤེས་མེ་ལྕེ་རང་བྱུང་དུ་འབར་ཞིང་གདུང་རུས་རིན་བསྲེལ་གྱི་ཕུང་པོར་གྱུར་ཏོ། །དེ་ཡང་བདག་ཅག་གི་སྟོན་པའི་སྐུ་གདུང་སྒྲོམ་གྱི་ཁ་ཕྱེས་པའི་ཚེ། གདུང་རུས་ནི་ཡོང་འབྲུ་ལྟ་བུའི་རིང་བསྲེལ་ཕུང་པོར་གྱུར་པ་དང༌། རས་ཟུང་ཐམས་ཅད་ཀྱི་ཕྱི་མ་དང་ནང་མ་ཚིག་པར་གནས་པ་བཅས་གསེར་གྱི་བུམ་པར་བླུག་ནས་གྲོང་ཁྱེར་གྱི་དབུས་སུ་སྤྱན་དྲངས་ནས་མཆོད་དོ། །དེའི་ཚེ་སེར་སྐྱའི་རྒྱལ་རིགས་ཤཱཀྱ་དང༌། ཡང་པ་ཅན་གྱི་ལི་ཙ་བྱི་དང་མངྒ་དྷ་ཡི་དབྱར་བྱེད་སོགས་གདུང་སྐལ་ལན་པར་ལྷག་པ་ཇི་ལྟ་བར་ཁུ་ནུ་སེམས་དཔའ་ཆེན་པོའི་སྐུ་གདུང་རིན་པོ་ཆེ་ལན་པར་ཁུ་ནུ་དང་ག་ཞ་སོགས་ལྷག་པར། སྟོད་ཆ་ག་ཞ་དང༌། སྨད་ཆ་ཁུ་ནུ་སོགས་ལ་བསྒོས་ཏེ་སོ་སོ་སྐུ་གདུང་མཆོད་རྟེན་ཡང་བྱས་པར་གྱུར་ཏོ། །༡༩༧༧ཟླ་བ་༤ཚེས་༡༠ཉིན་མོ་ག་ཞ་བ་སོགས་དེར་འདུས་ཞལ་སློབ་ཐམས་ཅད་ཀྱི་རབ་གནས་ལེགས་པར་གྲུབ་ནས་ག་ཞ་བ་མི་ཚོགས་སྔར་བྱུང་མ་མྱོང་འདུས་པས་བདུག་སྤོས་དང༌། མེ་ཏོག གསོལ་འདེབས་སྨོན་ལམ་བཀྲ་ཤིས་བཅས་དུས་སྟོན་རྒྱ་ཆེན་པོ་བྱས་སོ། །ལུང་ལས། དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོ་མངོན་པར་རྒྱན་གྱུར་ཏེ། །འོད་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དང་མི་ཡིས་དབང་པོ་དང༌། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་སྟི་མཆོད་པ་རྒྱ་ཆེན་བྱས། །ཞེས་གསུང་པ་དང་མཚུང་པར་གྱུར་པ་ཉིད་དོ། །མདོར་ན་དཔལ་མགོན་བླ་མ་དམ་པ་མཆོག་གིས་གསུང་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཐུན་མོང་རིག་གནས་ནས་བཟུང་ཐུན་མིན་མདོ་སྔགས་བཀའ་གཏེར་ཕྱག་རྫོགས་དབུ་མ་ལམ་འབྲས་ཞི་བྱེད་སྦྱོར་དྲུག་སོགས་གདུལ་བྱའི་བློ་འདོད་བཞིན་འཆད་སྤེལ་གནང་ནས་སྟོན་པའི་བསྟན་པ་ནི་གསལ་བར་བྱས། ཤེས་རབ་རྣམ་དཔྱོད་དང་ཏིང་ངེ་འཛིན་གྱི་ནོར་དང་ལྡན་པ་དག་གི་བློ་གྲོས་ཀྱི་རྩལ་ཉམས་རྟོགས་ཀྱི་གདེངས་མང་དུ་ཐོས་པའི་ས་ལམ་ཡོན་ཏན་གྱི་ལང་འཚོ་སོགས་ཉིན་བྱེད་ཀྱིས་རེག་པའི་པད་ཚལ་རྒྱས་པར་སྤེལ་བར་མཛད་དོ། །སྨྲས་པ། ཨེ་མ་སེམས་དཔའ་ཆེན་པོའི་རྣམ་ཐར་མཐའ། །འཕགས་པའི་ཡེ་ཤེས་གཟིགས་པའི་སྤྱོད་ཡུལ་ལས། །སོ་སྐྱེས་དམན་པས་གཞལ་བྱའི་ཡུལ་མིན་ཡང༌། །དམ་པའི་མཛད་བཟང་ཆ་ཤས་ཕྲ་མོ་རེའི། །དད་དང་དགེ་བའི་བག་ཆགས་སད་པའི་ཕྱིར། །མཛད་པ་མཐོང་ཐོས་ཆ་ཤས་འདིར་བརྗོད་པ། །ཞལ་སློབ་མཁས་རྣམས་མགྲིན་སྒོ་འབྱེད་བྱེད་ཙམ། །ཁྱུང་ཆེན་རང་གི་རྒྱུ་རྩལ་གཤོག་རླབས་ཀྱིས། །ནམ་འཕངས་བསྐྱོད་ལ་ལྟོས་པ་མ་མཆིས་ཀྱང༌། །སྲིན་བུ་མུན་པར་སྒྲོན་མེའི་འོད་བཏེགས་བཞིན། །རྣམ་དཀར་དད་པའི་སེམས་ཀྱི་འདི་ལྟར་བྱས། །སྦྱང་བརྩོན་བློ་མཐུ་ཤིན་ཏུ་དམན་རྐྱེན་གྱིས། །མ་རྟོག་ལོག་འཁྲུལ་འགལ་ནོར་མཆིས་སོ་ཅོག །དཔལ་མགོན་བླ་མ་རྡོ་རྗེ་མཆེད་པོའི་དྲུངས། །སྙིང་ནས་བཤགས་སོ་དག་ཚང་སྒྲིབ་མེད་བསྩལ། །འདི་བྲིས་དགེ་བས་དཔལ་མགོན་བླ་མ་དང༌། །དགོངས་ཀློང་དབྱེར་མེད་བྱང་ཆུབ་མངོན་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་དམ་པ་ཐོབ་པའི་རྒྱུར་བསྔོའོ། །སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་ཞིང༌། །ལས་ཉོན་སྡུག་བསྔལ་སྤྱོད་པའི་འགྲོ་ཀུན་ལ། །གསང་གསུམ་ཕྱོགས་ལྷུང་མེད་པའི་ཕྲིན་ལས་ཅན། །ཁྱེད་བཞིན་བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག། །།<br style="margin: 0px; padding: 0px; border: 0px; vertical-align: baseline; outline: none; box-sizing: border-box;">
<br style="margin: 0px; padding: 0px; border: 0px; font-size: 16px; vertical-align: baseline; outline: none; box-sizing: border-box; font-family: 'Microsoft Himalaya';"><div class="toggle-3" style="margin: 0px auto; padding: 0px; border: 0px; font-size: 16px; vertical-align: baseline; outline: none; box-sizing: border-box; overflow: hidden; position: relative; background-color: rgb(238, 238, 238); float: left; width: 700px; font-family: 'Microsoft Himalaya';">

发表评论 评论 (2 个评论)

回复 黑颈鹤 2017-4-4 13:56
ཡུལ་ཤུལ་ཁུལ་གྱི་ས་ཁོངས་སུ་ད་ལྟ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་གནས་༢༠༠ལྷག་ཡོད་ཅིང་། དེའི་ཁྲོད་དུ་ས་སྐྱ་བའི་དགོན་པ་༢༢དང་དགེ་ལུགས་པའི་དགོན་པ༢༣ཡོད་པ། རྙིང་མའི་དགོན་པ་༣༡དང་བཀའ་རྒྱུད་པའི་དགོན་པ་༡༠༡བཅས་ཡོད།དེ་མིན་གཞན་སྒྲུབ་རྒྱུད་ལུགས་གཉིས་འཛིན་པའི་དགོན་པ་༡༣དང་སྒྲུབ་རྒྱུད་གསལ་བོ་མེད་པའི་དགོན་པ་༢ཡོད་ཅིང་། ཆོས་ལུགས་བྱེད་སགོ་སྤེལ་གནས་༤༠ལྷག་ཡོད་ཅིང་། ས་སྐྱ་བའི་དགོན་པ་༢༢ཀྱི་ཁྲོད་གཞི་རྒྱ་དང་ཤུགས་རྐྱེན་ཆེ་ཤོས་ནི་ཡུལ་ཤུལ་ཁུལ་གྱི་ལྟེ་གནས་གྲོང་བརྡལ་སྐྱེ་དགུ་དགོན་པ་རེད། སྐྱེ་དགུ་དགོན་པ་ནི་བོད་ཁམས་ཡོངས་ཀྱི་ས་སྐྱ་བའི་དགོན་པ་ཆེ་ཤོས་དེ་ཡིན་རྒྱ་རེད་འདོད།
回复 黑颈鹤 2017-4-6 21:58
展,必须发挥自己的政治智慧和创造性。“既然我们被上帝放到东西方交界的夹缝中,我们就得学会在夹缝中生存的艺术。”北欧国家是这么说的,也是这么做的。特殊的地理位置和环境,使北欧人形成了颇富北欧特色的民族性格和文化。这一点在芬兰人身上表现得尤为明显:性格内敛、自律,行事低调,富有政治智慧,内心充满民族自豪感和自尊心

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-1-23 17:39 , Processed in 0.305402 second(s), 22 queries .

返回顶部