博客西藏在最高处过一种生活

日志

日喀则市同题诗歌— 《此时思念格顿群培大师》

已有 109 次阅读2018-10-8 11:20 |系统分类:文学

དུས་འདིར་དགེ་ཆོས་དྲན།

སྙན་ངག་མཆོད་པ།

      ༡  དུས་འདིར་དགེ་ཆོས་དྲན་པ།

   རིག་པའི་རྗེས་འགྲོ།   ༼རྣམ་གླིང་རྫོང་།༽

རྒྱུ་ནོར་གྱིས་དབུལ་བའི་ཁྱེད།

རིག་པས་ཕྱུག་པའི་ཉིད།

བཙོན་ཁང་ནང་ལུས་ཟུངས་ཡོངས་རྫོགས་ཟད་ཅིང་གཙང་བཙོག་མཉམ་དུ་ལོངས་སུ་སྤྱོད་དགོས་པ་ཡང་སྙིང་སུ་ཞིག་གི་ནག་ཉེས་རེད། གང་ཞིག་གི་སླད་དུ་འམ།

བོད་རག་ཚོད་མེད་མཆོད་ནས་འཚོར་བ་སྦྲིད་པར་གནང་དགོས་པ་གང་ལ་གཡོལ་ཕྱིར་ཡིན། ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་དྭངས་གསལ་གྱི་སྐུ་ལུས་ལས་ཞལ་ལུད་ཤངས་སྣབས་དབང་མེད་དུ་ཐོན་པ་ཡང་སྙིང་སུ་ཞིག་གི་བཙོག་གྲིབ་ཕོག་གམ།

སྡུག་རྩུབ་དང་མནར་གཅོད་ཀྱི་འཇིགས་པ་གྲངས་མེད་འོག་ཁྱེད་ང་ཚོ་དང་ནམ་ཡང་ཞལ་གྱེས་དགོས་བྱུང་།

ཨེ་མ།   རིག་པའི་མཁོ་ལག་རྒྱས་པའི་མཁས་མཛངས་ལགས།

རྣམ་དཔྱོད་ཀྱི་ཕ་མཐའ་ཡངས་པའི་སྐྱེས་ཆེན་མཆོག

ཤེས་རབས་ཀྱི་དབང་པོས་ཕྱུག་པའི་དམ་པ་ལགས།

བློ་གྲོས་ཀྱི་འདབ་བརྒྱ་རྒྱས་པའི་མི་ཕོ་མཆོག

མཐོ་སྒང་ན་སླར་བཞད་དུ་མེད་པའི་གངས་ལྷ་མེ་ཏོག་ཁྱེད།

བསིལ་ལྗོངས་འདིར་བསྐྱར་འཚེར་དུ་མེད་པའི་སྐར་མ་འོད་ཆེན་ཉིད།

དེ་ལྟར་ང་ཚོ་དང་ཞལ་གྱེས་དགོས་བྱུང་བ་ནི་ལོ་རྒྱུས་ཀྱི་ནག་ཉེས་རེད་དམ་ཡང་ན་བསིལ་ལྗོངས་ཀྱི་བར་ཆད་རེད།

ཁྱེད་ཕེབས་པའི་སོང་ཤུལ་ན་ཉི་འོད་ལ་ཚ་དྲོད་མེད།

ཟླ་འོད་ལ་བསིལ་སྣང་དབེན།

གངས་རི་ལ་གཟི་མདངས་མེད།

རྩྭ་ཐང་ལ་གཡུ་ལོ་བྲལ།

ཁྱེད་བཞུད་པའི་ལོ་ཟླ་ན་ཁ་བ་ཡི་ཁ་མདོག་འགྱུར།

རིག་གཞུང་གི་རྒྱུ་བ་ཉམས།

ཕ་སྐད་ལ་མགོན་སྐྱབས་མེད།

མ་ཡིག་ལ་སྙིང་ཞེན་དབེན།

ཨེ་མ།.   མགོན་སྐྱབས་ལགས།

ཁྱེད་གང་མགྱོགས་གངས་རིི་དང་རྩྭ་ཐང་གི་རྣམ་ཤེས་སྐྲུན་པར་ཅི་ནས་ཀྱང་བྱོན་རོགས་མཛོད།


༢  དུས་འདིར་དགེ་ཆོས་དྲན་པ།    

  གཉལ་བཀྲ་ཤིས་བསྟན་པ།   ༼ལྷུན་རྩེ་རྫོང་།༽

རིག་འཛིན་རྣམ་རྒྱལ་འཁྲུངས་སོང་།  

གསེར་ལྗོངས་གསེར་གྱིས་རྒྱན་འདྲ།   

བློ་རིག་བཀྲ་བའི་བུ་ཆུང་།  

རྡོ་བྲག་སྤྲུལ་སྐུ་དྲན་བྱུང་།   


རབ་བྱུང་དགེ་འདུན་ཆོས་འཕེལ།   

རྣམ་དཔྱོད་རིག་པའི་དཔའ་བོ།  

བརྡ་རྟགས་དག་གིས་རྒྱན་པའི།  

ཨ་ལག་རྡི་ཚ་དྲན་བྱུང་།  


དགུང་ལོ་ཉི་ཤུ་རྩ་ལྔར།  

དབུས་ལ་ཉི་མ་ཤར་སོང་།  

སྒོ་མང་གྲ་ཚང་མཇལ་དུས།   

འཕགས་མཆོག་ཁྱེད་ཉིད་དྲན་བྱུང་།  


རྒྱལ་ཁམས་རིག་པས་སྐོར་བའི།  

གཏམ་རྒྱུད་གསེར་ཐང་མཇལ་བྱུང་།  

དོ་མེད་དཔའ་སྟོབས་ལྡན་པའི།   

མཁས་ཆེན་གང་ཁྱེད་དྲན་བྱུང་།   


འཕགས་ཡུལ་ཕྱི་སྣང་བཀོད་པ།  

རིག་པའི་ལམ་གྱིས་བཤགས་སོང་།  

ཕྱི་རབས་རྣམས་ལ་བཤམས་དུས། །

དྲིན་ཆེན་དགེ་ཆོས་དྲན་བྱུང་།   


རྒྱ་གར་ཡུལ་མིང་མང་དག  

རིག་པས་གསེད་བཀྲོལ་གནང་སོང་། །

ལི་ཡུལ་ཤིན་ཅང་ཡིན་པ།   

ཤེས་དུས་དགེ་ཆོས་དྲན་བྱུང་།   


བྷོ་ཊའི་རྙིང་ཞེན་སེམས་པ།  

སྙན་ངག་ལམ་ནས་དྲངས་བྱུང་།   

རིགས་ཞེན་སྙན་ངག་གྱེར་དུས།  

སྙན་ངག་དེད་དཔོན་དྲན་བྱུང་།   


དེབ་ཐེར་དཀར་པོའི་མདངས་ཀྱིས།   

ལོ་རྒྱུས་འཁྲུལ་བ་སེལ་སོང་།   

ཏུན་ཧོང་གཏེར་ཡིག་དྲངས་དུས།  

ལོ་རྒྱུས་རིག་པ་དྲན་བྱུང་།   


ལེགས་སྦྱར་བང་མཛོད་ལྡེ་མིག  

ཁྱེད་ཀྱིས་བསྣམས་ནས་ཕེབས་བྱུང་།   

དབྱིན་སྒྱུར་དེབ་སྔོན་རིག་དུས།   

འཇིག་རྟེན་མིག་ཁྱེད་དྲན་བྱུང་།   


ཀ་ཤོད་པ་ཡི་དབྱེན་སྦྱོར།   

ཁྱེད་ཉིད་ཕུང་བའི་གཞི་རེད།  

དགའ་རུ་ཤག་ཏུ་གཤེགས་པའི།   

ང་ཡི་དགེ་ཆོས་དྲན་བྱུང་།  


དགེ་ཆོས་དྲན་པའི་སྨྲེང་གླུ།  

དམངས་གཞས་ཐོག་ནས་བྲིས་ཡོད།  

གཉལ་པའི་མིག་ཆུ་སྐྱུར་མོས།   

དགེ་ཆོས་སྐུ་པར་བརླན་སོང་།   


 

༣  དུས་འདིར་དགེ་ཆོས་དྲན་པ།

         ལྷུན་གྲུབ།   ༼ངམ་རིང་བ།༽

རྒྱལ་ཁམས་ཀྱི་རྒྱ་ཁྱོན་རིག་པས་འཇལ་ཞིང་།

ལུགས་གཉིས་ཀྱི་ངོ་བོ་མྱོང་བས་དབབ་མཁས།

གཏན་ཚིགས་ཀྱིས་འཚོ་མཁས་པའི་ཁྱེད་རང་།

ཧི་མ་ལ་ཡའི་ལྷོ་བྱང་བར་ན།

དོ་དགོང་གི་ཟླ་བ་བཞིན།

ཀུན་གྱི་མིག་ཏུ་ཡོད།

ཀུན་གྱི་སེམས་སུ་ཡོད།

དེ་བས་ཀྱང་ངའི་སྤྱི་གཙུག་ན་ཡོད།

ཁྱེད་དང་བྲལ་བའི་ང་ཚོར།

གཏན་ཚིགས་ཀྱི་ཡིད་ཆེས་མ་རྙེད་ལ།

སྡེབ་མཁས་ཀྱི་སྙན་ཚིག་མ་ཐོས།

འགུལ་བཞིན་པའི་རི་མོ་དག་ཀྱང་།

རེད་ལགས།    

ཁྱེད་ནི་མི་ཁས་དེད་པའི་སྤྱོད་ལོག་པ།

ཕྲག་དོག་གིས་འཛངས་པའི་ལྟ་ལོག་པ།

དུས་ངན་གྱིས་སྤུད་པའི་འཁྱམས་པོ་དུ་གྲགས།

ཡིན་ཀྱང་རང་ཚུགས་ཀྱིས་འཚོ་མཁས་པའི་ཁྱེད་རང།

དོ་དགོང་གི་ཟླ་བ་བཞིན།

གོ་ལ་དང་གོ་ལ།

འཇིག་རྟེན་དང་འཇིག་རྟེན་བར་ན།

རིག་པ་ཡི་རི་བོང་བློ་ལྡན་དེ་ཁོག་ཏུ་ཉར་ནས།

གནམ་སའི་བར་གྱི་སྒྲིབ་པ་ཡི་གསང་བ་ཡོད་ཚད།

སྣང་ཟེར་གྱིས་དམར་དམར་རུ་བཤམས་ཀྱིན།

སླར་ཡང་འཇིག་རྟེན་གཞན་ཞིག་གི་མུན་པ་དེ་སེལ་ཕྱིར།

སྟོང་ཉིད་ཀྱི་ཨ་སྔོན་ན་འཚེར་བས།

ཟླ་བ་ལས་ལྷག་པའི་ཁྱེད་རང་།

ཁྱེད་རང་དང་འདྲ་བའི་ཟླ་བ།

ངོ་མ།    

ཁྱོད་ཀྱིས་ང་ལ་བག་ལེབ་གཅིག་གི་སེམས་གསོ་ལས།

མི་ཚེ་གཅིག་གི་ཕངས་སེམས་དང་སྐྱོ་གདུང་བཞག་པ་མིན་ནམ།


༤   དུས་འདིར་དགེ་ཆོས་དྲན།

 ཞིམ་མྱོས།  ༿ངམ་རིང་རྫོང་། 

བདེན་དོན་ཆེད་དུ་རྩོད་པར་ནུས་མཁན་ཁྱེད་ཉིད་ཙམ།།

ལོག་རྟོགས་ཚར་གཅོད་སུན་སྦྱིན་མཁན་ལ་ཁྱེད་འདྲ་བ། 

གངས་ལྗོངས་རིག་པའི་དཔའ་བོ་དགེ་ཆོས་དམ་པ་ཉིད།།

གང་དེའི་མཛད་རྗེས་སུ་ཞིག་བསྙེགས་པར་འོས་སམ་ཅི།།

པིར་རྩལ་འཁྲུལ་གྱིས་སྐྱེ་རྒུའི་ཡིད་དབངའཕྲོག་ནུས་པ།།

གཡབ་ལ་དགའ་ཚོའི་འདོད་པའི་ལོངས་སྤྱོད་འཕེལ་ནུས་པ།།

དགེ་ཆོས་ཆོས་ལ་མི་འབད་དམ་ཉམས་སྤྲུལ་སྐུའི་མིང་ཅན་པོ།།

 ཁ་བའི་ལྗོངས་ཀྱི་ནོར་བུ་ཀེ་ཏ་ཀ་ལ་འགྲན་ནུས་སུ།།

རང་གི་རིགས་ལ་ཞེན་པ་དཀར་པོ་ཁ་བའི་མདངས། 

རང་སྡེ་སྐྱོང་ལ་ལྷག་བསམ་ཟོལ་མེད་འོ་དཀར་མདོག།

རང་ལུས་ཁེ་དབང་བློས་གཏོང་ཕོད་པའི་དགེ་ཆོས་ཉིད།།

རང་སེམས་དབུས་ནས་དྲན་པའི་མགུར་མ་འདི་ཐལ་ལོ།།


༥  དུས་འདིར་དགེ་ཆོས་དྲན་པ།

            ཞང་ཞུང་བུ་རྒྱུད་ཀྱིས།    ༼རྣམ་གླིང་།༽

ཚིག་གི་མགུལ་རྒྱན་དབེན་པའི་ཁོ་བོས།

དད་པའི་བདུད་རྩིའི་མཆོད་པ་ཞིག་བཤམས་སྟེ།

མེས་པོ་ཁོང་གི་བཀའ་དྲིན་དྲན་པར་ཐལ་སོང་།

ཨ་ལ་ལ།

བསོད་ནམས་ཀྱི་དབུལ་བའི་བུ་ངར།

ཁ་བ་གངས་ཅན་ལྗོངས་སུ་འཚོ་བའི།

རིག་པའི་སེང་གེ་ཉིད་མཇལ་བའི་སྐལ་བ་དབེན།

འོན་ཀྱང་།

ཁྱེད་ཀྱི་མཆན།

རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།

དེབ་ཐེར་དཀར་པོ།

རིགས་ལ་དེད་པའི་གཞལ་གདམས།

ག་དག་ཤ་གསེང་རུས་གསེང་དུ་འཐིམ་སྟེ།

རུས་པའི་བཅུད་དུ་བསྒོམས་ནས་དྲན་བཞིན་ཡོད།

མེས་པོ་ལགས།

ཁྱེད་ཡོད་པས་ངའི་ཕ་སྐད་ལ་ཆག་གྲུམ་མེད།

ཁྱེད་ཡོད་པས་ངའི་སྐད་ཡིག་ལ་ཉམས་རྒུད་མེད།

ཁྱེད་ཡོད་པས་ང་ཚོ་ལ་འཚོ་གནས་ཀྱི་དམིགས་འབེན་ཡོད།

བགྲང་བྱ་ག་གེ་མོའི་བར་མཚམས་ཤིག་ལ།

ངེད་ཅག་གི་མེས་པོ་བཀའ་དྲིན་ཅན་ཁོང་།

ང་ཚོ་དང་གྱེས་ཟིན།

བར་སྣང་ནས་འདའ་བར་བྱས་ཟིན་ལ།

སྣང་བའི་མེ་ལོང་ཕྱེ་བའི་རྟ་བདུན་ཞིག་བཞུད་ཟིན།

ཚ་སྡུག་སེལ་བའི་དཀར་གསལ་ཞིག་ཡལ་ཟིན།

རྩྭ་ཐང་ཡངས་པོའི་འབའ་སྒྲའི་གཡང་དཀར་ཞིག་ལ་མོའི་རྒྱབ་ཏུ་བུད་དེ་ཟློག་ཐབས་བྲལ།

ཨེ་མ།

ཁོང་ནི་འུ་བུའི་སེམས་ཀྱི་གཏིང་ན་གནས་པའི་མར་མེ་ཡིན།

རྨོངས་པའི་མུན་པ་སེལ་བའི་ཞུགས་མེ་ཡིན།

ཁོང་གི་མཛད་པ་མཐའ་ཡས་རྒྱ་མཚོ་ལས་ཀྱང་ཁྱོན་ཆེ།

ཁོང་གི་བཀའ་དྲིན་གསེར་དངུལ་དོ་ཤལ་གྱིས་ཀྱང་གཞལ་མི་ནུས།

ཟླ་མཆོད་དུས་ཆེན་ཞེས་པའི་ཐ་སྙད་འདི་ནས་ཁྱེད་དྲན་པའི་མིག་ཆུ་ཆུ་བོའི་རྒྱུན་བཞིན་བཞུར་འོང་།

ཁྱེད་དྲན་པའི་སྨྲེང་གླུ་ཁུ་སིམ་གྱི་གྲུ་ཟུར་ཞིག་ནས་བླངས་ཡོད།

གླེང་མི་ཚར་བའི་ཐ་སྙད་ཀྱི་གསེབ་ནས་སྐུ་ཉིད་སླར་ཡང་ཕེབས་པའི་སྨོན་ལམ་ཞིག་འདེབས་སོ།།


༦  དགེ་ཆོས་དྲན་པ།

      དབང་ཕྲུག་བཀྲ་ཤིས།  ༼གམ་པ་རྫོང་།༽

དཀར་དཀར་གངས་རིས་བསྐོར་བའི་གཡུ་གཞོང་ལས།། 

སེར་སེར་འབྲས་ལྡན་སྟོན་གྱི་མདངས་ཕྱུང་དུས།།  

མེས་མེས་རང་མདངས་ཕྱུང་བའི་ཞིང་ཐང་ལས།། 

གཞོན་གཞོན་བུ་ཚས་སྟོན་བསྡུ་དགོས་པ་དྲན།།  


ཟབ་ཟབ་བཅུ་ཕྲག་གཞུང་གི་ཀློང་དཀྱིལ་ནས།། 

མཚར་མཚར་ན་གཞོན་གསར་གཏོད་སྙིང་སྟོབས་ཅན།། 

གཅེས་གཅེས་བུ་སྤུན་ཆེད་དུ་ལག་རྗེས་དང་། 

རང་རང་ནུས་པས་སྒྲུབ་མཁན་དགེ་ཆོས་དྲན།། 


དམ་དམ་ཆོས་གྲར་སྐྱ་མིའི་རྟགས་ཤིག་བསྟན།། 

མང་མང་ཡུལ་སྐོར་ལྗོངས་ལ་ཆགས་ཞེན་བྲལ།། 

རིང་རིང་སྲོལ་ལམ་བརྒྱུད་ཀྱང་རིག་གསར་རྟོགས།། 

ཉུང་ཉུང་གཏམ་ལས་གྲགས་པའི་ཞབས་རྗེས་བཞག  

དེ་དེ་བསམ་དུས་དགེ་ཆོས་དམ་པ་ཡི།། 

རྟན་རྟན་རང་ཚུགས་ཤེས་བྱས་སྣ་མང་གི།།

གསར་གསར་གཞན་པའི་ཤེས་ཡོན་མཐོ་སྒང་འགྲིམ།   

གསལ་གསལ་ཕྱག་རྗེས་སྤུན་ཟླར་བཞག་པ་རིག།། 


དགོས་དགོས་དམ་པའི་ཆུ་རྒྱུན་མ་བརྒྱུད་པའི།།    

མང་མང་བདག་སོགས་རང་སྐྱ་མི་འཕེར་བར།། 

གཞན་གཞན་ཟས་དྲི་སྣོམ་ཚུལ་བྱེད་པ་ཀུན།།   

ཆུང་ཆུང་རང་བློ་ཞེང་ཆུང་ཞིག་གི་རྟགས།།  


རང་རང་ཚུལ་མཐུན་ཁྲིད་སྟེགས་ལས་བབ་ཀྱང་། 

འབད་འབད་ངང་གིས་ཇུས་དང་གསར་འཚོལ་གྱིས།།  

མང་མང་རོགས་ཟླའི་ལས་ལ་ཕྱོད་ཆེ་དུས།།  

དྲན་དྲན་དགེ་ཆོས་གདུང་བ་ངང་གིས་སེལ།།


༧  དུས་འདིར་དགེ་ཆོས་དྲན།

            ཤེས་བརྩོན་གྱིས།  ༼ས་སྐྱ་རྫོང་།༽ 

སྔོན་ཆད། དེ་རིང་གི་གནམ་མཁའ་འདི་སུ་ཞིག་གི་རེད།  

དེ་རིང་གི་ས་ཆེན་འདི་དང་གཙང་པོ་འདི་ཡང་སུ་ཞིག་གི་རེད།


སྔོན་ཆད།  དེ་རིང་གི་ཉིན་མཚན་གཉིས་ཀ་སུ་ཞིག་གིས་དབང་བསྒྱུར་བྱས་པ་ཡིན།

སྤྲིན་པ་ཡིས་ལག་སྙོག་བྱས་པའི་ཉི་མ་མོག་མུག་དེ་སུ་ཞིག་གི་སེམས་པ་རེད།

རླུང་བུའི་དབང་ཆས་འཕྲོག་པའི་རབ་རིབ་ཀྱི་ཟླ་བ་དེའང་སུ་ཞིག་གི་ཟིང་ཆ་ཡིན།

མཚན་མོ་དེའི་གཉིད་བརྐུས་མཁན་དེ་སུ་རེད། གཉིད་ཉལ་ནས་རྨི་ལམ་ཁྱེར་མཁན་དེའང་སུ་རེད། 


དུས་དེར་རྒན་པོ་མང་པོ་ཞིག་གིས།

ཡིག་དྲུག་གི་མ་ཎི་འདོན།

དར་མ་མང་པོ་ཞིག་གིས།

ཡིག་འབྲུ་འགའ་ཡི་མཚོན་ཐབས་བྲལ་བའི་ཁྱེད་ཀྱིས་གདུང་ཞིག་ལ་ཐུག་འདུག

བྱིས་པ་བསམ་མེད་མང་པོ་ཞིག་ཀྱང་རྒྱུ་རྐྱེན་གང་ལ་མ་རག་ཀྱང་།

ལྡབ་ལྡིབ་ཀྱི་ངུ་སྐད་ལྷང་ལྷང་དུ་ཐོས། 

ནམ་མཁའ་ནས་སྐར་མ་གཅིག་ཀྱང་མཚན་མོ་དེར་རང་བཞིན་ལྟ་བུའི་ལྷུང་།


མཚན་མོ་འདིར་ཁྱེད་མེ་ཏོག་བཞིན་བཅོམས་སོང་།

 ཁ་བ་ལྟར་བཞུར་སོང་།

འཇིག་རྟེན་འདིར་རླབས་ཆེ་བ་སུ་ཞིག་གིས་ལྷ་སྒྲུང་ཁྱེད་ཀྱིས་བཙན་པ་ཡིན་ནམ།

ཡང་ན།

 ཁྱེད་མངོན་སུམ་གྱི་ལྷ་སྒྲུང་པ་ཞིག་ཡིན།

དུས་རབས་ཤིག་གི

 སྙན་ངག་པ་ཡིན། རི་མོ་བ་ཡིན།  ཆོས་ལུགས་པ་ཡིན།

ཡང་ན། ཨ་རག་འཐུང་མཁན་གྱིས་ཆང་པ་ཞིག་ཡིན། ཐ་མག་འཐེན་མཁན་གྱིས་མི་རོ་ཞིག་ཡིན། 


དབྱར་གཞུང་བཞིན་རྒྱས་ཤིང་། དབྱར་གཞུང་བཞིན་ནུབ་སོང་།

སྟོང་བསམ་གྱིས་ལེའུ་ཞིག་འདྲ་པོ་འདུག  འཁྲབ་ཚན་ཞིག་དང་ཡང་དག་མཚུངས།


ཟླ་བས་མུན་ནག་ལ་་གཡབ་གཡུག་བྱས་སྲིད།

སྐར་མའི་ཁ་གྲགས་ནས་སྡུག་བསྔལ་གླེང་སྲིད།

མཚན་མོས་ཡོད་ཚད་ཀྱང་ཁྱེད་དང་འདྲ་བར།

དུ་བ་འཐེན་ཀྱང་སྐྱོ་བ་གསང་མི་ཐུབ།

ཨ་རག་འཐུང་ཡང་བསྐྱར་ལོག་གཙང་མ་ཞིག་མ་རྙེད།


ནམ་མཁའ་ནས་འཕུར་ཡོང་བའི་རླུང་རྩུབ་དེ་དང་འདྲ་བར།

མདོ་དབུས་ཁམས་གསུམ་ལ་གས་ཆག་གིས་རླུང་ནག་ཞིག་གཡོག

གས་ཆག་ཁྲོད་དུ་ཁྱེད་ཀྱིས་རུས་པ་ཧྲག་ཧྲུག་ལ་ཕྱིན་ཚར་འདུག

གས་ཆག་གསེབ་ནས་ཁྱེད་ཀྱིས་ཁྲག་དྲོན་གང་སར་འཐོར་འདུག


དེ་དུས་ཡོད་ཚད་ཀྱི་མིག་ཆུ་ཁྱེད་ཀྱིས་བཏང་ཟིན།

ང་ཚོར་མུན་ནག་བཞག་སྟེ། ཁེར་རྐྱང་གིས་ཕེབས་སོང་།

ཁྱེད་ཀྱིས་སང་ཉིན་གྱི་ཉི་མ་ཡང་དོ་ནུབ་ཀྱི་མུན་པའི་བརླན་སོང་།


དུས་དེ་ནས་བཟུང་།  སྐྱ་ཐལ་ཐལ་གྱིས་རླུང་བུ་ཞིག་རྟག་ཏུ་ལྡང་།

དུས་དེ་ནས་བཟུང་།   དཀར་རིལ་རིལ་གྱིས་ཐོད་པ་ཡང་བར་མ་ཆད།

དུས་དེ་ནས་བཟུང་།   དབྱར་ཁ་དང་དགུན་ཁ་ལ་ཁྱད་མེད།  དཔྱིད་ཀ་དང་སྟོན་ཁ་ལའང་ཁྱད་མེད། 

དུས་དེ་ནས་བཟུང་།     སྙན་ངག་ནང་ན་རི་མོ་མིན་འདུག  རི་མོའི་ནང་ན་སྙན་ངག་མིན་འདུག

དུས་དེ་ནས་བཟུང་།  ཨ་རག་ལ་དགའ་ལ་དུ་བ་ལ་དུང་བའི། ལྷག་ཏུ་དེབ་ཐེར་དཀར་པོར་ཆེས་དགའ་བའི་ཨ་མདོ་དགེ་ཆོས་མིན་འདུག རེབ་གོང་དགེ་ཆོས་མིན་འདུག

འབྲས་སྤུངས་ཀྱི་དགེ་འདུན་ཞིག་མིན་འདུག  བླ་བྲང་གི་སྤྲུལ་སྐུ་ལྟ་བུ་ཞིག་མིན་འདུག

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མིན་འདུག


༨  དུས་འདིར་དགེ་ཆོས་དྲན་པ།

སྨིན་རུང་འབྲས་བུ། ༼ངམ་རིང་རྫོང་།༽

བཅུ་ཕྲག་རིག་གཞུང་སྲོལ་རྒྱུན་དར་རྒྱས་སུ་འབྱེད་ཅིང་། 

མཁས་མང་སྟག་སེང་གཡུལ་འཐབ་ཆོས་མཐུན་དུ་རྩོད་པ། 

ལུང་རིགས་དཔལ་རྩལ་ཕྱུག་པའི་སྐྱེས་ཆེན་གྱི་ཁེངས་པའི། 

སྔོན་དུས་བསྐལ་བཟང་ཚེས་བའི་ལོ་རྒྱུས་ལ་གཟིགས་དང་། 


རྣམ་དཔྱོད་རིག་རྩལ་དཔའ་བོའི་གྱད་སྟོབས་ཀྱི་ངར་ཁ། 

གཟུར་གནས་སྐྱེས་བུའི་ཁྲོད་དུ་བརྡར་ཤ་དེ་བཅད་ནས། 

དཔྱད་བཟོད་ལོ་རྒྱུས་སྲིད་པའི་གངས་ཆབ་ཏུ་ཕབ་པའི། 

མཁས་དབང་དགེ་འདུན་ཆོས་འཕེལ་དེང་དུས་སུ་དྲན་ནོ། 


ཉེར་གཅིག་དུས་རབས་གཡོ་སྒྱུའི་ཟང་ཟིང་གི་ཁྲོད་དུ། 

ཉིད་ཀྱིས་མཛད་རྗེས་མངོན་པའི་དུང་ཟླ་དག་མཐོང་དུས། 

སྲང་ལམ་ཀུ་ཅོ་འདོན་འདྲའི་མཁས་རློམ་གྱི་དབུས་ནས། 

བདེན་དོན་མཐོན་པོར་བཏེགས་པའི་དཔའ་བོ་ཁྱེད་དྲན་ནོ། 


མཐོང་ཐོས་ལུང་ཀྱོག་རིག་པའི་འཚོལ་སྙེགས་ཤིག་བྱས་ཏེ། 

མ་མཐོང་རང་ཐག་བཅོད་པའི་མཁས་རློམ་གྱི་ཁྱུ་ཚོགས། 

སྦལ་ཆུང་རྣམ་ཐར་བསྐྱངས་འདྲའི་མི་ཚོགས་ཀྱི་དབུས་ནས། 

རྒྱལ་ཁམས་རིག་པས་བསྐོར་བའི་དཔའ་བོ་ཁྱེད་དྲན་ནོ། 


ཐོབ་འབྱོར་རང་དོན་རྩ་བའི་འདོད་དམ་ལ་བཞག་སྟེ། 

ཁ་གཡར་གཞན་དོན་ཚིག་སྐམ་མ་ཎི་བཞིན་འདོན་པ། 

བཅོས་མའི་མཁས་རློམ་འགྱུ་བའི་ཉེར་གཅིག་གི་དུས་འདིར། 

བདེན་ངེས་རིག་པའི་དཔའ་བོ་དགེ་ཆོས་ཁྱེད་དྲན་ནོ། 


གཞོན་དུས་ཆུང་མའི་གྲོགས་དད་གཞན་དབང་དུ་མ་ཤོར། 

རྒས་དུས་བསག་སྲུང་ཐོབ་འབྱོར་རང་དབང་དུ་མ་བཏང་། 

མི་ཚེ་ཤེས་རིག་འཚོལ་བར་ལེགས་སྐྱེས་སུ་ཕུལ་བའི། 

ཡ་མེད་མཁས་དབང་མཆོག་ཁྱེད་དེང་དུས་སུ་དྲན་བྱུང་། 


ཐོས་དོན་དཔྱད་པའི་གྲུབ་འབྲས་ཟིན་བྲིས་སུ་བཏབ་སྟེ། 

བསམ་བྱུང་བློ་ཡི་ངེས་ཤེས་ཁྲིགས་ཆོད་ལ་བཅའ་ཞིང་། 

སྒོམ་བྱུང་རིག་པའི་བུ་ཆུང་འབྲལ་མེད་དུ་འགྲོགས་པའི། 

ལྷད་མེད་མཁས་པའི་ཁྱུ་མཆོག་དེང་དུས་སུ་དྲན་ནོ། 


འཆད་ཚུལ་དམ་པའི་གཞུང་ཤིང་ཉམས་ལེན་དུ་བཟུང་སྟེ། 

རྩོད་ན་ལོག་སྨྲའི་དཔུང་ཚོགས་མིང་མེད་དུ་འཇོམས་ཤིང་། 

རྩོམ་རིག་རྒྱ་མཚོའི་དབུས་ནས་ཡར་ཐོན་ལ་ཕེབས་པའི། 

འགྲན་མེད་གངས་སེང་གཅིག་ཁྱེད་དེང་དུས་སུ་དྲན་ནོ། 


སྲིད་པའི་ཐོ་དཀར་མི་བརྗེད་དེབ་ཐེར་ནང་བཀོད་ཅིང་། 

མི་ཡུལ་འཚོ་བའི་རང་ཐག་བཙོན་ཁང་དུ་བཅད་ནས། 

བླུན་རྨོངས་ཁྱུ་ཚོགས་དབུས་ནས་ཞིང་གཞན་དུ་གཤེགས་པའི། 

ཞེན་མེད་མཁས་པའི་དབང་པོ་དེང་དུས་སུ་དྲན་ཐལ། 


དཔྱད་གསུམ་དག་པའི་ལོ་རྒྱུས་སྙན་ངག་དང་གཞུང་ལུགས། 

དེང་སྐབས་ཅུང་ཟད་བལྟས་པའི་ཡིད་སེམས་ཀྱི་སྣང་ངོར། 

མགོན་ཁྱེད་དད་པའི་བློ་སེམས་བཅོས་མིན་ཞིག་སྐྱེས་ནས། 

དྲན་པའི་སྨྲེ་སྔགས་ཚིག་གསུམ་དབང་མེད་དུ་འཆོར་སོང་། 


༩   དུས་འདིར་དགེ་ཆོས་དྲན་པ།

  རིག་དགའ།    ༼རྣམ་གླིང་རྫོང་།༽

ཀ་བ་བཞིན་གྱི་བདེན་དོན་ལྷག་བསམ་འདྲོང་པོ་ཞིག།

ཁ་བ་ཅན་ལ་བཀའ་དྲིན་གཞལ་མེད་ཀྱི་མཁས་དབང་།།

ག་ནས་བལྟས་ཀྱང་རིག་པའི་ཁྱུ་མཆོག་གི་རྒྱལ་པོ།།

ང་འདྲའི་བློ་དམན་ཚོགས་ཀྱི་སྙིང་ཁོངས་ནས་གུས་སོ།།


ཅ་དངོས་ནོར་ལ་གནས་མིན་ཆོས་སྡེ་ཁག་བསྒྲིམས་ནས།

ཆ་བསགས་སློབ་དཔོན་དྲུང་ནས་རིག་འཁྲུལ་རྣམས་སེལ་ཏེ།།

ཇ་མར་ཞིམ་ཟས་རྩི་ལྟར་རིག་གཞུང་སྤྱིར་བརྩོན་པའི།།

ཉ་གང་ཟླ་ལྟར་ལྟ་སྤྱོད་གཙང་མའི་རྣམ་ཐར་དྲན།།


ཏ་ལའི་སྤྲིན་བཞིན་འཕགས་ཡུལ་ན་ལེན་སོགས་བྱོན་ནས།།

ཐ་དག་བོད་ཁམས་བསྟན་འགྲོ་རྒྱ་ཆེ་རུ་དགོངས་ཏེ།།

ད་གཟོད་ངོམས་སུ་ཆོག་པའི་ཤེས་རིག་གི་འོད་སྣང་།།

ན་གཞོན་ཤེས་འདོད་འབུམ་གྱི་སློབ་དཔོན་དེ་དྲན་བྱུང་།།


པ་སངས་རྒྱུ་སྐར་བཀྲ་བའི་རྩོམ་རིག་གི་གར་སྟེགས་སུ།།

ཕ་ལམ་རིན་གྱི་ཉོ་དཀའ་ལྗགས་རྩོམ་གྱི་འཕགས་ནོར།།

བ་གམ་ཞལ་གཡས་འགེངས་ནུས་བདེན་དོན་གྱི་བང་མཛོད།།

མ་ལུས་ཤེས་བྱའི་མགོན་པོ་རྣམ་དག་དེ་དྲན་བྱུང།།


ཙ་ཀོ་ར་ལྟར་དབེན་གནས་རི་ཁྲོད་དག་བསྒྲིམས་ནུས།།

ཚ་གྲང་ཁྱད་བསད་ཡུལ་གྲུ་ཕྱོགས་བཅུར་ཕེབས་ཐུབ།།

ཛ་ཛོར་འཁོར་བའི་མུན་དོང་རྒྱང་རིང་དུ་སྤུར་མཛད།།

ཝ་སྐྱེས་དཔོན་ངན་རིག་པས་རྒོལ་བ་དེ་དྲན་བྱུང་།།


ཞ་ལུ་འདྲ་བའི་གཞོན་སྐྱེས་མཁས་དབང་གི་ལྡུམ་རྭར།།

ཟ་ཟིར་སྲོལ་ངན་མུན་དུ་མེ་སྟག་བཞིན་སྦར་བའི།།

འ་འུར་མི་ཚེའི་ཟློས་གར་སྨྱུག་རྩེ་ཡིས་བསྒྱུར་མཁན།།

ཡ་མེད་ཟླ་བྲལ་བདེན་འཛིན་མཁན་པོ་ཉིད་དྲན་བྱུང་།


རྭ་བ་གངས་ཀྱིས་བསྐོར་བའི་གོ་ལ་ཡི་དབུ་རྩེར།།

ལ་ཁ་ཉིན་ལྟར་ཆོས་སྲིད་རྩོད་དུས་ཀྱི་སྐལ་ངན།།

ཤ་ཚའི་ལ་རྒྱ་བསྒྲེངས་མཁན་རིགས་མཐུན་གྱི་ཐུ་བོ།།

ས་གསུམ་རྙེད་དཀའི་རིག་པའི་དཔའ་བོ་དེ་དྲན་བྱུང་།།


ཧ་ཅང་དཀོན་མཆོག་གངས་ཅན་མཁས་དབང་གི་གཙུག་རྒྱན།།

ཧ་ལས་གྲགས་པའི་མཛད་འཕྲིན་རྣམ་དག་དེ་མ་བརྗེད།།

ཨ་ལ་ལ་ཞེས་སྙན་ཚིག་བསྟོད་པ་ཅི་མེད་ཀྱང།།

ཨ་མའི་ཨོ་ལོའི་སེམས་ནས་ཡལ་དུས་ནི་མེད་དོ།།


༡༠   དགེ་ཆོས་དྲན་པ།

སྨྱུག་སྨྱོན། ༼ ས་སྐྱ་རྫོང་། ༽

གཅིག 

དགེ་འདུན་ཆོས་འཕེལ། ངས་ཁྱོད་ལ་ཁ་རྡུང་གཏོང་།

བོད་དབུ་མ་པའི་ལུང་པ་འདིར།

ཁྱོད་ནི་མིང་དོན་མཚུངས་པའི་ངོ་ལོག་པ་སྟེ།

ཡུན་ཐུང་གི་མི་ཚེ་འདིར།

བླ་བྲང་དུ་འཇམ་བཞད་ཀྱི་ཡིག་ཆར་དོགས་སློང་གི་དྲག་ཆར་དབབ།

འབྲས་སྤུངས་སུ་དགེ་བཤེས་ཤེར་རྒྱམ་གྱི་ལྟ་བའི་དོང་སྤྲུགས།

གྲོང་ཁྱེར་བཅོམ་བརླག་ཏུ་བསམས་བཞིན་འདོད་པའི་བསྟན་བཅོས་བརྩམས།

ནུབ་བོད་ལེགས་བཅོས་སྐྱིད་སྡུག་གི་མཁར་རྔ་བསྒྲགས།

མཐར་་སྒྲུབ་དགོངས་རྒྱན་་བསྟན་བཤིག་བསླངས།

ནག་ཉེས་རི་རབ་ལས་ལྕི་བ་དེ་དག་གིས།

ཨ་མདོ་ནས་ལྷ་ལྡན། ལྷ་ལྡན་ནས་རྒྱ་གར།

བཀའ་བློན་སྦུག་ནས་ནོར་གླིང་ཕོ་བྲང་དུ་ཁུར་གྱིས་བཟོད་པ།

ཁྱོད་ཀྱི་སྒྱུ་ལུས་དང་ཞེ་སེམས་ཅི་ལས་གྲུབ། ... ...

དཀའ་ཐུབ་དང་ཉེན་ཚབས་ལ་ཇི་མི་སྙམ་པར།

ཕྱི་ནང་གསར་རྙིང་གི་རིག་པའི་ཕ་མཐའ་གྲོལ།

རྣམ་དཔྱོད་བློ་མིག་གི་སྒོ་ཕར་ཡོངས་སུ་ཕྱེ་བས།

བོད་གཞུང་དང་སེར་སྐྱ་ཁ་གཏད་པ་ཚོའི་སྡེ་ལ་མི་ཕོག་པ་ཅང་སྲིད་དམ།

རེ་ལྟོས་ཁྱད་འཕགས་ཤིག་གིས།

རྒྱལ་ཁམས་རིག་པས་བསྐོར་ཞིང་བརྩམས་ཆོས་ཕུལ་གྱིས་ཕྱུག་མོད།

སྟག་བྲག་དང་ཀ་ཤོད་པ་སོགས་ཀྱིས་ཕྲག་དོག་རྩིང་སྤྱོད་ཀྱིས་ཁྲིམས་མུན་དུ་བཅུགས།

ཀྱེ་མ། ཀྱེ་ཧུད། རྒྱུ་འབྲས་དང་སྙིང་རྗེས་དབུལ་བའི་གནས་སྐབས་དེ་འདྲར།

ཙན་དན་གྱི་སྡོང་རྐང་ངམ།

ཉི་མ་ལྟ་བུའི་སྐྱེ་བོ་ཁྱོད།

རང་རེས་མི་ཡུལ་ནས་མཐར་སྤྲོད་བཏང་།

ངོ་མ། བཻ་ཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས།༽

གཉིས།

ངས་ཁྱོད་ཀྱི་ཡིག་ཚང་དང་བརྩམས་ཆོས་ཀློག་གིན།

མིག་ཆུ་ཕྱི་རུ་ལྷུངས་ཀྱང་བློ་ཁ་ནང་དུ་བསྡུས།

སྐབས་རེར།   སྔོན་གྱི་ལུང་ཤར་དང་རྗེས་ཀྱི་དོན་གྲུབ་རྒྱལ་སོགས་ཀྱང་།

དྲན་ཐོག་ན་ལུ་གུ་རྒྱུད་བཞིན་འོང་བས།

ལོ་རྒྱུས་ཀྱི་གྲིབ་གཟུགས་ལ་སྔ་འདང་ཕྱི་འདང་མང་དུ་བྱས།

སྲོལ་རྒྱུན་སྲོལ་རྒྱུན་གྱི་ས་ནས་སྨྲེང་གླུ་ལེན།

དེང་རབས་དེང་རབས་ཀྱི་ཁྲོད་ནས་འཁུན་སྒྲ་འཆོར།

ཁྱོད་ཀྱི་ནག་ཉེས་རེ་རེ་ནི། སྲོལ་རྒྱུན་པི་ཝང་གི་རྒྱུད་སྐུད་རེ་རེ་དང་།

གསར་བྱུང་འཕྲུལ་འཁོར་གྱི་ལྷུ་ལག་རེ་རེ་སྟེ།

བོད་གངས་ཅན་གྱི། བསམ་གཞིག་གི་སྨན་ཐུམ་རེ་རེའམ།

ཕྱི་འདང་གི་གློག་ཞགས་རེ་རེ་ལགས། དེ་རིང་།

ཕ་སྐད་ཀྱི་ནུ་ཞོ་སྐམ་ལ་ཁད།

སྲོལ་རྒྱུན་གྱི་རྟག་ཆུ་གྲམ་ལ་ཐུག་སྒང་འདིར།

རང་རེས་ཐབས་ལམ་སྣ་ཚོགས་ཀྱིས་ཁྱེད་ལ་རྗེས་དྲན་ཞུ་བཞིན།

དེབ་ཐེར་དཀར་པོའི་ལེ་ཚན་རྗེས་མ་དག་གི་འཕྲོ་སྐྱོང་ངོ།



༡༡  ནམ་དུས་འདིར་དགེ་ཆོས་དྲན་པ།

སྤོས་ཁང་པ་དོན། ༼ པ་སྣམ་རྫོང་།༽

གནམ་ན་ཟླ་བ་སྒོར།

ས་ན་ཁྱིམ་གཞིས་འཁྱིལ།

ལོ་ཟླ་ཡི་བསིལ་བུས་བཙས་པའི་བོད་ཁྱིམ་འདི་ནས།

ཁྱེད་གཅིག་པུ་སྔོན་ནས་བཞུད་པ་ཅི་ཞིག་ཕྱིར།

དུ་ནུབ་ཟླ་བ་སྒོར་མོ་ཡིན་པས།

ཁྱིམ་གཞིས་ཀྱི་མཉམ་འཛོམས་ན་ཁྱེད་མེད་པས་གྲལ་འགོ་སྟོང་པར་ལུས།


ས་གཞིགསེར་ཞུན་གྱིས་ལེགས་པར་བརྒྱན་པའི་ནམ་དུས་འདིར།

ནམ་མཁའསྔོ་བསངས་ལ་དོན་དུ་འཛིན་པའི་ནམ་དུས་འདིར།

ཁྱེད་ཉིད་རབ་ཏུ་དྲན།

ཁྱེད་ཀྱི་མཁའ་ལྟར་ཡངས་པའི་ཐུགས་བསྐྱེད་དྲན།

ཁྱེད་ཀྱི་གསེར་དང་མཚུངས་པའི་རྣམ་དཔྱོད་དྲན།


ཤོ་སྦག་གིས་གཡེང་བའི་ཨུ་ཚུགས་ཀྱི་བཙན་པོ་ཚོས།

དུ་ཆང་གིས་མྱོས་པའི་མ་རུང་གི་གཅན་གཟན་ཚོས།

ཁྱེད་ཀྱི་ཧུར་བརྩོན་ལ་སྡང་བ་སྐྱེས་ཤིང་།

ཁྱེད་ཀྱི་མིག་རྒྱང་ལ་དུག་མདའ་འཕངས།

དེ་དུས།  འཛམ་བུར་མེད་པའི་བཻཌཱུརྱ་ས་ལ་བརྡབས།


དོན་དུ་ཁྱེད་རང་ཁེར་རྐྱང་དུ་བཞུད་པ་མིན།

ངོ་མ་བྱས་ན་སྐུ་རྐྱང་དུ་བཙན་རྫོང་བྱས་སོང་།

ཁྱེད་ཉིད་མ་འདོད་བཞིན་དུ་རྒྱང་དུ་པུད།

རང་སྡེའི་རིགས་ལ་ཞེན་པ་དཀར་པོ་ཞིག

བསོད་ནམས་ཀྱིས་མ་ཆུན་པས་རྒྱང་རིང་དུ་བརྫངས།


ང་དང་ང་འདྲ་བ་དུ་མས།

ཁྱེད་རང་ལྷག་ཏུ་དྲན།

ཁྱེད་ཀྱི་ལྷག་བསམ་དག་ལྷག་ཏུ་དྲན།

ཁྱེད་རང་མ་ཕེབས།

ཁྱེད་རང་སླར་ཡང་མི་ཡུལ་འདིར་བྱོན་ན།

སྡང་སེམས་ཀྱི་ནང་མེས་འཚོ་བའི་ཡུལ་འདི་རུ།

རིག་གནས་པ་ལྐོག་བསོད་གཏོང་སའི་གནས་འདི་རུ།

ཅིས་ཀྱང་མ་ཕེབས།


༡༢  དུས་འདིར་དགེ་ཆོས་དྲན་པ།

           དོམ་ནག    ༼རྣམ་གླིང་རྫོང་།༽   

གཡར་མ་ཡིན་པའི་ཕུང་པོ་ཞིག་གི་ཕྱི་ནང་སློག་དུས།

བྲག་ཅའི་གླུ་ལ་འཁོར་བའི་མཚན་སྙན་དང་།

སྟོན་གྱི་འདབ་ལོར་འདྲེས་པའི་རྒྱུ་ནོར་སྲུང་ཕྱིར།

མིང་མང་པོ་ཞིག་གི་ཚུགས་ཀ

ཤ་དམར་འཕྲོག་རེས་བྱེད་པའི་ཁྱི་ཚོགས་བཞིན།

དེའི་གཞོགས་སུ་སྙེ་གང་ཐུབ་བྱེད།

འོན་ཏང་།   དེ་དག་གིས་གཉའ་གཅོག་མ་ནུས་པའི་མི་རྐྱང་ཞིག

སེམས་དཀར་གྱི་རྫས་དང་བདེན་དོན་གྱི་རལ་གྲི་ཕྱར་ནས།

ངན་ཚང་དགུ་བརྩེགས་ཀྱི་གྱང་རོ་བཤིགས།

བོང་རྒན་མགོ་སྟོང་གི་ལས་དབང་ཧུབ་ཀྱིས་འདྲེན་པར་སེམས་ནས།

ཧི་མ་ལ་ཡའི་ཕར་ཚུར་ལ་གོམ་ཞེང་ཆེན་པོས་རྣམ་དཔྱོད་ཀྱི་གད་རྒྱངས་བསྒྲགས།


བསྐལ་པ་དུ་མའི་འུ་ཅག་གི་རྨི་ལམ་རིང་མོར།

སྒྱོགས་རྡོ་འཕེན་ཞིང་།

མདའ་གྲིས་གཙབས་པས།

སྐྱོ་བའི་སེམས།   འགག་པའི་ངག     སྦྲིད་པའི་ལུས་སོགས་སྡུག་བསྔལ་ཅི་རིགས་ཀྱི་འཕར་སྒྲ་ཇེ་ཆེར་གྱུར་ན་ཡང་།

དཔའ་བོའི་རྒྱུན་ཐག་གིས་བཀྱིགས་པའི་དམ་པ་དེས།

མཐའ་མཇུག་གི་གཡུལ་སར་དཔའ་བོའི་རྟུལ་ཕོད་ངོམས་ལ།

རྒྱང་འབོད་ཀྱི་ཀི་སྒྲ་འདེབས་ནས་ང་ཚོ་གཉིད་ལས་སངས།

དེ་ནི་ཕ་ཡུལ་གྱི་མི་བུ་ཞིག་གིས།

ཕ་ཡུལ་ཕུལ་བའི་ལྷག་བསམ་གཙང་མ་ཞིག


རིགས་རྒྱུད་ཅིག་གི་དར་རྒུད་ཤོག་ལྷེར་བཀལ་མཁན་མེད་དུས།

མི་རབས་ཤིག་གི་རྨི་ལམ་ནམ་ཟླས་འཁྱགས་དུས།

མེས་པོས་བཙལ་བའི་ཞབས་རྗེས་དག་རླུང་འཚུབ་གྱིས་སྦས་དུས།

ངས་ཁྱེད་མ་གཏོགས་སུ་ཡང་དྲན་རྒྱུ་མིན་འདུག

དགེ་ཆོས་ལགས།


༡༣   དུས་འདིར་དགེ་ཆོས་དྲན།

ས་སྨྱོན་གཏམ་ལགས།   ༼ས་སྐྱ་རྫོང་།༽

ཁྱོད་ཤི་སོང་བ་བདེན་པ་རེད། ཁྱོད་སྨྱོ་བ་རྫུན་རེད།

བདེན་པའི་རི་རབ།  གནས་ལུགས་ཀྱི་་ཆུ་རྒྱུན་རིང་མོས།

རྨོངས་པའི་སྒྲོན་མེ་སྦར་ཡོད།  རྗེས་རབས་ཚོའི་བློ་ཡི་རྒྱལ་སྒོ་ཕྱེ་ཡོད།

དགེ་འདུན་ཆོས་འཕེལ། ནམ་ཡང་ངོ་ཚ་མེད་པ་ཁྱོད། ནམ་ཡང་བདག་མེད་པ་ཁྱོད།

མི་མང་པོ་ཞིག་ལ་ཁྱོད་ཀྱིས་དྲན་གདུང་བཞག་ཡོད།


ཆུང་ནས་ཕ་དང་བྲལ་བའི་ཁྱོད། དར་དུས་མ་དང་བྲལ་བའི་ཁྱོད། གཞོན་དུས་རིགས་དང་བྲལ་བའི་ཁྱོད།

ཡུལ་མཐར་འཁྱམས་པའི་མེས་པོ་ཁྱོད། བདེན་པ་ཞིག་གི་ཆེད།

ཁྱོད་ལ་ཨུ་ཚུགས་ཡོད། ཁྱོད་ལ་རང་གཤིས་ཡོད།

དགེ་འདུན་ཆོས་འཕེལ། དུས་དེ་རིང་ཁྱོད་འདྲ་བའི་མི་བོ་གང་དུ་ཡོད།


དགེ་འདུན་ཆོས་འཕེལ། རང་དབང་ཞིག་གི་ཆེད་དུ།

རྒྱུ་ནོར་དོར་ནུས་པ་ཁྱོད། དབང་ཆ་དབྱུགས་ནུས་པ་ཁྱོད།

རིགས་འདི་ཡི་ཆེད། སྨྲ་སྤོབས་པ་ཁྱོད། ཡི་གེའི་བདེན་གཏམ་རྦབ་ནུས་པ་ཁྱོད།


     

 ༡༤དགེ་ཆོས་དྲན་པ།

        བཙན་མིག  ༼ཚ་བ་སྒང་།

དེབ་ཐེར་དཀར་པོ་དེ་དང་།།

ཀླུ་སྒྲུབ་དགོངས་རྒྱན་མཐོང་དུས།།

དགེ་འདུན་ཆོས་འཕེལ་དྲན་བྱུང་།།

དྲན་པའི་གདོང་ཆུ་བརླན་སོང་།།


ལྷ་སའི་བར་བསྐོར་ལམ་ནས།།

བསྐོར་ར་ལན་གསུམ་རྒྱག་དུས།།

དྲན་གསོ་ཁང་ཆུང་མཐོང་སོང་།།

དྲན་པའི་མིག་ཆུ་འཐོར་སོང་།།


དྲྭ་ལམ་ཚོགས་པ་ཞིག་ན།།

ལོ་རྒྱུས་བགྲོ་གླེང་བྱེད་དུས།།

ལོ་རྒྱུས་གསེར་ནག་རྩོམ་པོ།།

ཨ་མདོ་དགེ་ཆོས་དྲན་བྱུང་།།


མུན་པའི་འཇིག་རྟེན་ཞིག་ན།།

མུན་སེལ་སྒྲོན་མེ་དངོས་མ།།

ཨ་མདོ་དགེ་འདུན་ཆོས་འཕེལ།།

བརྗེད་མེད་ཡིད་ལ་དྲན་ཡོང་།།


འཇིགས་རུང་ཁྲོ་གཏུམ་ཁྲོད་ནས།།

ཚེ་སྲོག་རྒྱུ་བ་ཐེམ་པའི།།

ཞུམ་མེད་སྤོབས་པ་མངའ་བའི།།

ཨ་མདོ་དགེ་ཆོས་དྲན་སོང་།།


 མཁས་པའི་ནང་གི་མཁས་པ།།

མཛད་རྗེས་ནང་གི་ཆེ་ཤས།།

ཨ་མདོ་དགེ་འདུན་ཆོས་འཕེལ།།

བྲང་ཁོག་གསེབ་ནས་དྲན་སོང་།།


འགྲོ་ལ་འཚེར་བའི་ཉི་མ།།

དྲན་ཚད་ཕོད་པའི་ཕོ་རྒོད།།

བཞག་པ་ཅན་གྱི་བུ་རབས།།

དགེ་འདུན་ཆོས་འཕེལ་དྲན་ནོ།།


སྒང་དྲུག་ཁ་བའི་ཡུལ་ནས།།

རིག་པའི་དཔའ་བོ་ངོ་མ།།

ཨ་མདོ་དགེ་འདུན་ཆོས་འཕེལ།།

དྲན་སོང་སྙིང་ནས་དྲན་སོང་།།       

   

 ༡༥  དགེ་ཆོས་དྲན་པ།

      དུག་ཚེར། ༼ཆབ་མདོ།༽

ཀི་སྒྲ་བཏབ་པས་མི་ཚད་གདོང་ལ་འཆོང་ཕོད་མཁན་གྱི་མི་ཕོ།

སེམས་ནས་དྲན་པས་མ་ཚད་ལག་ཏུ་ལེན་ཕོད་མཁན་གྱི་མི་ཕོ།

ཚེ་སྲོག་གི་རྒྱུ་བ་མུན་ནག་ཏུ་ཐེམ་ཡང་ཤེས་རབ་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་སྐྱེས་བུ།

ཁྱེད་ནི་མུན་པ་གསལ་མཁན་གྱི་སྒྲོན་མེ་ཡིན་ལ།

ལམ་བསྟོན་ཤེས་རབ་ཀྱི་སྐྱེས་བུ་ཞིག་ཀྱང་ཡིན།

དགེ་ཆོས་ལགས།

ཁྱེད་ཀྱི་ཕྱག་རྗེས་དར་དཀར་འདྲ་བོ་དེ་ངས་དེ་རིང་སླར་ཡང་དྲན་ན།

ཁྱེད་ཉིད་གུས་མདུད་ཐེང་གསུམ་ཞུ་ན་འདོད།

དགེ་ཆོས་ལགས

ཁྱེད་ཉིད་ཀྱི་བླ་ན་མེད་པའི་སྙིང་སྟོབས་ཀྱི་གངས་རི།

ཚ་དྲོད་ལྡན་པའི་འོད་ཟེར་འབུམ་གྱིས་གཞུ་བར་མི་ནུས། 

དགེ་ཆོས་ལགས།

དྲན་སོང་།   

༡༦   དུས་འདིར་དགེ་ཆོས་དྲན།

      སྤེན་ཚེ་གཞོན་པ།  ༼པ་སྣམ་རྫོང་།༽

མཐོ་སྒང་འདི་ཧ་ཅང་འཁྱགས་དུས།

དྲིན་ཅན་གྱི་ཉི་མ་ཁྱེད་དྲན་འོངས།

འཇིག་རྟེན་འདི་མུན་པས་བཅོམ་དུས།

འོད་དཀར་གྱི་ཐེག་ལེ་ཁྱེད་དྲན་འོངས།


ཁྱེད་ཀྱི་གསར་གཏོད་ཀྱི་སྙིང་སྟོབས།

དྲང་བདེན་གྱི་ལ་རྒྱ།

ཞུམ་མེད་ཀྱི་བློ་སྟོབས།

ཡར་རྒྱས་ཀྱི་སྟོབས་ཤུགས།

རྣམ་དཔྱོད་ཀྱི་ཁྱད་རྩལ།

ཕྱི་རབས་པ་ཚོ་ལ་ཅི་འདྲའི་མཁོ་ཨང་།


དགེ་འདུན་ཆོས་འཕེལ།

འཇིག་རྟེན་འདིར་འཚོ་ཡུན་་ཅི་འདྲ་ཐུང་ཡང་།

རྣམ་དཔྱོད་ཀྱི་མཐུ་རྩལ་ལས་འཁྲུངས་པའི།

འོད་དུ་འཚེར་བའི་རིན་ཆེན་གྱི་མུ་ཏིག་རྡོག་པོ།

གླེགས་བམ་སྟེང་གི་ཡིག་འབྲུ་རེ་རེ།

མཐོ་སྒང་འདིར་ཅི་འདྲའི་བཀྲག་མདངས་ཆེ་ཨང་།


དགེ་འདུན་ཆོས་འཕེལ།

དགོད་སླ་ལ་ངུ་སྐྱེན་པའི་ནམ་ཟླ་འདིར།

ཁྲ་ཆིལ་གྱི་འཚོས་པའི་ཡུལ་གྲུ་འདིར།

ཁྭ་ཏ་ནག་པོའི་ཐན་སྐད་ལ་བྲིན་ཁ་རྒྱུག་དུས།

ངས་སླར་ཡང་ཁྱེད་ཉིད་མཇལ་ན་འདོད།

ཁྱེད་ཀྱིས་དབྱངས་གསལ་སོ་བཞིས་བྲེས་པའི།

རིན་ཆེན་གྱི་གོས་ཞིག་གྱོན་ན་བསམས།


དགེ་འདུན་ཆོས་འཕེལ།

ཁྱེད་རང་གང་ན་ཞུགས།

ང་ལ།   ཁྱེད་ཀྱིས་རིག་པའི་དངོས་གྲུབ་གནོངས་དང་།

ང་ལ།  ཁྱེད་ཀྱིས་ཤེས་རབ་ཀྱི་གཤོག་སྒྲོ་གཡོར་དང་།

ཡང་ན།   ཁྱེད་རང་སླར་ཡང་།

མཐོ་སྒང་འདིར་ལན་ཅིག་བྱོན་རོགས།

ངས་ད་དུང་།   ཁྱེད་ཀྱི་ལོག་ཕེབས་ལ་སྒུག་ཡོད།


 ༡༧ དུས་འདིར་དགེ་ཆོས་དྲན་།

      རྩལ་ལྡན་སེང་ཕྲུག  ༼ལྷ་རྩེ་རྫོང་།༽

མཛེས་མཛེས་ཡིད་དུ་འོང་བའི་རེབ་གོང་།།

ལྷང་ལྷང་མིག་མདུན་འཆར་བའི་དཔྱི་རུ།།

བསམ་བསམ་དྲན་པའི་ཀློང་གི་མཁས་དབང་།།

དྲན་དྲན་དགེ་འདུན་ཆོས་འཕེལ་དྲན་བྱུང་།།



དྲིན་དྲིན་ཨ་ལགས་རྒྱལ་པོའི་དྲིན་དང་།།

བྱམས་བྱམས་པདྨ་སྐྱིད་ཀྱི་རླབས་ལས།།

དེ་དེ་གངས་ལྗོངས་མཁས་པའི་གཙུག་རྒྱན།།

དྲན་དྲན་རིག་འཛིན་རྣམ་རྒྱལ་དྲན་བྱུང་།།


རིག་རིག་རྣམ་ཤེས་བཏམས་པའི་བན་དེ།།

ཞིབ་ཞིབ་ནང་ཕུགས་ཁེབས་པའི་བསམ་བློ།།

བརྗིད་བརྗིད་གངས་ལྗོངས་རིག་པའི་དཔའ་བོ།།

དྲན་དྲན་དགེ་འདུན་ཆོས་འཕེལ་དྲན་བྱུང་།།


ལྡེམ་ལྡེམ་འཁྱུག་པའི་ཕྱག་སོར་རེ་རེར།།

ཟབ་ཟབ་བརྟན་པའི་བསླབ་བྱ་རེ་རེ།།

དུངས་དུངས་བརྩེ་བས་རང་རིགས་སྐྱོབས་མཁན།།

དྲན་དྲན་དགེ་འདུན་ཆོས་འཕེལ་དྲན་བྱུང་།།


ཧྲུལ་ཧྲུལ་གོས་ཀྱི་བཏུམས་པའི་སློབ་དཔོན།།

གཅེས་གཅེས་བོད་ལ་དུང་བའི་རྩོམ་མཁན།།

མཁས་མཁས་ལྡན་སྲོལ་གཉིས་ལྡན་དགེ་འདུན།།

དྲན་དྲན་དགེ་འདུན་ཆོས་འཕེལ་དྲན་བྱུང་།།


ཚོད་ཚོད་ཚོད་ལ་བྲིས་པའི་ཡིག་ཆུང་།།

འདི་འདི་མཁས་དབང་དྲན་པའི་དྲན་གླུ།།

འཐིབས་འཐིབས་གངས་ལྗོངས་གནམ་གཤིས་འཐིབས་སོང་།།

དྲན་དྲན་དགེ་འདུན་ཆོས་འཕེལ་དྲན་བྱུང་།།



༡༨  དུས་འདིར་དགེ་ཆོས་དྲན།

      ཤར་ནང་པ། ༼ རྣམ་གླིང་རྫོང་།༽

ཁྱེད་སོང་བའི་ཤུལ་ན།

ངས་གངས་སེང་ལ་འཚོལ་བཞིན་ཡོད་ལ།

ལྷ་ཡིས་མི་མངོན་པའི་རྨུ་ཐག་དེ་བྲེག་བཞིན་ཡོད།


ཁ་སང་སྣབ་ལུད་ཀྱི་བྱིས་པ་ཚོ་ལ།

ཧོར་ཁང་ལ་སྤྲིངས་པའི་འཕྲིན་དེ་སྤྲིངས་ཤིང་།

དོ་ནུབ་དྲོ་འཇམ་གྱི་གནས་མལ་ནང་ན།

བསྟན་བཅོས་རེ་གྱེར་ཀློག་བགྱིས་ཤིང་།

སང་ཉིན་རྒྱུག་པའི་རྐང་འཁོར་དེ་བཅིབ་ཤིང་།

ལག་བྲིས་ཀྱི་ས་ཁྲ་དེ་འཁྱེར་ཏེ།

རིག་པ་ཞིག་འཚོལ་བར་ཆས་ངེས།


སྡིག་ཉེས་མེད་པའི་བཙོན་པ།

འགྲན་ཟླ་བྲལ་བའི་སྨྱོན་པ།

ཁྱེད་སོང་བའི་ཤུལ་ན།

ཁྱེད་ཀྱི་མཛད་པ།

གདོང་དམར་བའི་ཡུལ་ན།

ཉིི་ཟླ་ལྟར་དུ་གནས་པ་ལས།

དེབ་དཀར་བཞིན་ཡལ་མི་འདུག

སྤྱི་སྟེགས་འགན་ཁུར་བ།   གཉལ་ཨ་བཀྲས། 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-15 12:33 , Processed in 0.291648 second(s), 21 queries .

返回顶部