博客西藏在最高处过一种生活

日志

日喀则市三高历届学子献给母校的母语同题诗歌

已有 56 次阅读2018-10-8 11:13 |系统分类:文学

༄༅།།མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་ཁྱིལ།

དབང་གྲགས།

༄༅།།སྔོན་འགྲོའི་གཏམ།

    གུས་པར་འོས་པའི་དགེ་བའི་བཤེས་གཉེན་རྣམས་དང་སློབ་གྲོགས་རྣམས་ལ་ཞུ་གསོལ། ད་ཐེངས་གུས་པ་རང་ཉིད་ཀྱི་སྒྲིག་འཛུགས་བྱས་ཏེ་མ་ཡུམ་སློབ་གྲྭ་མཐོ་འབྲིང་གསུམ་པའི་མཐར་ཕྱིན་སློབ་མའི་ཁ་བྱང་གཅིག་པའི་སྙན་རྩོམ་༼༄༅།།མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་ཁྱིལ།༽ཞེས་པ་འདི་སྤེལ་ཐུབ་པ་དགའ་བས་མྱོས།  འདིས་གཅིག་ནས་བཤེས་གཉེན་བཟང་པོའི་ཐུགས་རྩེ་ལས་སྲོལ་རྒྱུན་ལ་དགའ་ཞེན་དང་ཕ་སྐད་མ་ཡིག་ལ་དུང་ཞེན་མཚོན་པ་ཡིན་ལ།  ཧ་ཅང་ཕུལ་དུ་བྱུང་བའི་སྙན་ངག་འབྲི་མི་ཤེས་རུང་དུས་ནམ་ཡང་རང་ཉིད་ཀྱི་དགའ་ཕྱོགས་སྙན་ངག་ཡིན་པ་མཚོན་ཡོད། གཉིས་ནས་རང་ཉིད་མ་ཡུམ་སློབ་གྲྭ་དང་ཞལ་གྱེས་ནས་བགྲང་བྱ་དུ་མ་འགོར་ཡང་མ་ཡུམ་སློབ་གྲྭའི་གཟུགས་བརྙན་མ་བརྗེད་པར་འདས་སོང་ལ་ཕྱིར་དྲན་ཞིག་དང་སྨྱུག་རྩེ་ཡོད་རྒུ་སྤྲུག་སྟེ་སྙན་པའི་ཚིག་སྦྱོར་མེད་ཀྱང་བརྩེ་བའི་ཟོལ་མེད་སེམས་དཀར་ལམ་ནས་བསྟོད་མཆོད་འདི་དག་ཕུལ་ཡོད། གསུམ་ནས་མ་ཡུམ་སློབ་གྲྭའི་པང་ནས་འཚར་ལོངས་འབྱུང་དང་བྱུང་བཞིན་པའི་སློབ་མ་ཡོངས་ལ་རང་རིགས་ཀྱི་སྲོག་ཏུ་འགྱུར་བའི་སྐད་ཡིག་ལ་གཅེས་དགོས་པའི་འབོད་སྐུལ་དང་སྙན་ངག་ལ་དགའ་ཞེན་དགོས་པའི་རེ་འབོད་བྱས་ཡོད།  མཇུག་ཏུ་ད་ཐེངས་ཀྱི་མཉམ་བྲིས་ལ་རྒྱབ་སྐྱོར་གནང་མཁན་དགེ་བའི་བཤེས་གཉེན་གཉལ་བཀྲ་ཤིས་བསྟན་པ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ངེད་མཐོ་འབྲིང་གསུམ་པའི་དགེ་བའི་བཤེས་གཉེན་རྣམས་མཛད་འཕྲིན་ཡར་ངོའི་ཟླ་བཞིན་འཕེལ་ལ་སློབ་མ་རྣམས་ཤེས་རིག་གནས་ལ་འབྲས་བཟང་སྨིན་པའི་ཁ་གཡང་འབོད་ཡོད།                   

དངོས་མིང་། དབང་གྲགས། སྨྱུག་མིང་། རྣམ་གླིང་དབང་གྲགས་སམ་ཞང་ཞུང་བུ་རྒྱུད།  ༡༩༩༩ལོར་ཕ་ཡུལ་ཤངས་རྣམ་པར་རྒྱལ་བའི་གླིང་ཏུ་ལྟེ་ཁྲག་འཕོས། ཆུང་དུས་ནས་དྲིན་ཕ་ལོའི་དྲུང་ནས་ཕ་སྐད་མ་ཡིག་སོགས་ལེགས་པར་སྦྱངས་ཤིང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྒྲིམ་པའི་སྐལ་བཟང་ཐོབ། ཆུང་དུས་ནས་རྩོམ་ཡིག་འབྲི་རྒྱུར་དགའ་སྟེ་སློབ་ཆུང་སྐབས་ཤངས་ཆུའི་ཟེགས་མ་ཞེས་པའི་སྙན་དེབ་ཐོག་ངའི་ནང་གི་ལུ་གུ་ཞེས་པའི་རྩོམ་ཐུང་སྤེལ་མྱོང་། མཐོ་རིམ་སློབ་འབྲིང་སྐབས་དགེ་བའི་བཤེས་གཉེན་བཟང་པོའི་གཟི་བྱིན་ལས་རྟོགས་པ་སད་དེ་ཕ་སྐད་མ་ཡིག་ལ་གཅེས་རྒྱུ་དང་རྩོམ་ཡིག་འབྲི་རྒྱུར་དགའ་བའི་གྲལ་མཐའ་པ་ཞིག


༄༅།།མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།

ཧྲིལ་ཧྲིལ་གོ་ལ་ཡང་རྩེའི་ལྟེ་བ་བོད་ཡུལ་ན། 

མཐོ་མཐོ་ཇོ་མོ་གླང་མའི་འདབ་རྩེ་གཞིས་རྩེ་ཆགས། 

ཤང་ཤང་མྱང་ཆུའི་ངོགས་སུ་མཐོ་འབྲིང་གསུམ་པ་བརྗིད། 

མཛེས་མཛེས་ཚིག་གི་རྒྱན་ཆ་ཡུམ་ལ་འདོགས་པར་བྱེད། 

 

དྲིན་དྲིན་སློབ་དཔོན་དམ་པའི་གདམས་དག་ཟབ་མོ་ལས། 

མང་མང་ཤེས་རིག་བང་མཛོད་འཇལ་བའི་སྐལ་བ་བསྩལ། 

རིང་རིང་ས་མཐའི་ཡུལ་དུ་འཁྱམས་པའི་བུ་རུལ་ཁོས། 

དྲན་དྲན་མ་ཡུམ་སློབ་གྲྭ་དྲན་པའི་གདུང་བ་སྨྱུག་རྩེར་བཀུག 

 

ལྗང་ལྗང་སྐྱེད་མོས་ཚལ་གྱི་དཀྲིགས་པའི་སློབ་གླིང་ན། 

དཀར་དཀར་ཤ་ཞེན་ཅན་པོའི་སློབ་དཔོན་དམ་པ་བཞུགས། 

ནན་ནན་དག་པའི་བཀའ་ལུང་བཅུད་ཀྱི་གཡུ་སྦྲང་རྣམས། 

ཕྱོགས་ཕྱོགས་ཀུན་ནས་ཤེས་རིག་གནས་ལ་རོལ་བར་སྤྲོ། 

 

ལྷང་ལྷང་ཞོགས་བརྡའི་ཏིང་ཏིང་སྒྲ་འཛིན་ལམ་དུ་ཞུགས། 

གྲུང་གྲུང་ཚག་སྒྲའི་འགྲོས་དང་འཇམ་པོའི་མལ་དང་བྲལ། 

ཤག་ཤག་བྱད་བཞིན་སྒོ་སྐྱེས་བཀོད་པ་ལེགས་བསྐྲུན་ཏེ། 

མགྱོགས་མགྱོགས་སློབ་གླིང་དགའ་མའི་ཚལ་དུ་སློབ་ལ་ཆས། 

 

གསལ་གསལ་ཚོན་ཁྲའི་གློག་འོད་སྣུམ་ཞུའི་རམ་འདེགས་བཀྲ། 

འུར་འུར་དཔེ་ཀློག་དབྱངས་རྟ་སློབ་རྭ་ཡོངས་སུ་གྲགས། 

སྤྲོ་སྤྲོ་ཕ་སྐད་མ་ཡིག་བཀོལ་བཞིན་སྐད་ཡིག་བསྐྱོངས། 

འཕགས་འཕགས་སྐད་ཡིག་རིག་གཞུང་གཉེར་བའི་དགེ་སློབ་མཆོག 

 

བཀྲ་བཀྲ་རྟ་བདུན་དབང་པོ་ཤར་རིའི་དབུ་རྩེར་རྒྱན། 

ཕྱེ་ཕྱེ་འདབ་བརྒྱའི་མེ་ཏོག་ཞལ་ཁ་ཡོངས་སུ་འཛུམ། 

མཛེས་མཛེས་མ་ཡུམ་སློབ་གླིང་ལྗོངས་རྣམ་ཀུན་ཏུ་མཛེས། 

བསྟོད་བསྟོད་ཚིག་རྒྱན་བཀྲ་ཤིས་གཡང་འཁྱིལ་ཁྱེད་ལ་འབུལ། 

 

སྣུམ་སྣུམ་རྐང་འཐུང་ལྗོན་པའི་གྲིབ་བསིལ་རླུང་གཡབ་འགྲོས། 

འཛུམ་འཛུམ་སྤྲོ་བའི་ཉམས་ཀྱི་འཛུམ་ཀོང་དགའ་བས་བཀང་། 

མང་མང་ཆེ་ཆུང་རིག་གནས་ངང་མཚོར་འཇུག་པའི་བྲེལ། 

རིང་རིང་དུས་ཚོད་འདའ་བས་མཁས་པའི་གྲལ་དུ་བསྙེགས། 

 

སྐྱིད་སྐྱིད་སློབ་གླིང་དགའ་མའི་རིག་རྩལ་སྒྱུ་མའི་དཔལ། 

འདམ་འདམ་འབུམ་ཕྲག་དབུས་ནས་དགའ་ཞེན་འདེང་རྩེ་རྣོ། 

འབད་འབད་དགའ་ཕྱོགས་འཁྱེར་སོའི་འདུན་པའི་དོན་དུ་བརྩོན། 

འཚེར་འཚེར་གོ་ལའི་ཡང་རྩེར་མཁས་པའི་སྐར་ཆུང་རྨད། 

 

བཞུད་བཞུད་རྟ་ལྗང་འཁོར་ལོ་ནུབ་ཕྱོགས་འཕང་བར་ཞུགས། 

ཁྲ་ཁྲ་ཚོན་རིས་མི་གཅིག་ཕ་ཁྱིམ་སློབ་གླིང་འོད་སྣང་ཕྱུག 

གསལ་གསལ་གློག་སྒྲོན་མདངས་ལས་ཤེས་བྱའི་གནས་མང་བརྒལ། 

གྲགས་གྲགས་ཀུན་གྱི་བསྔགས་བརྗོད་མེ་ཏོག་ཁྱེད་ལ་གཏོར། 

 

ཆུང་ཆུང་མེ་ཏོག་འཛུམ་པའི་སློབ་བུའི་ཉིན་གཅིག་གི 

ཟབ་ཟབ་ཤིས་བྱའི་གནས་མང་བརྒལ་བའི་འཕྲང་འགག་དག 

སྙན་སྙན་སོར་མོའི་བཅུད་ལས་ཚིག་གི་བདུད་རྩི་བཤམས། 

དྲན་དྲན་མ་ཡུམ་སློབ་གླིང་དྲན་པའི་སྨྲིང་གླུ་ཐལ། 

 

བྱམས་བྱམས་ཕ་མ་ཟུང་གི་བཤེས་གཉེན་དམ་པ་དང་། 

དུང་དུང་ཤ་རུས་མི་གཅིག་ང་ཡི་མཆེད་གྲོགས་གཉིས། 

ཡག་ཡག་མ་ཡུམ་དྲུང་གི་མིང་སྲིང་གཅེན་གཅུང་བཅས། 

ལེགས་ལེགས་མཛད་འཕྲིན་ཤེས་རིག་དོན་གྲུབ་བཀྲ་ཤིས་ཤོག 

ཕུན་ཚོགས།

 སྨྱུག་མིང་དང་དྲ་མིང་དུ་སྨྲེང་འཁྱམ་བུ་འབོད་ཅིང་མིང་དངོས་ལ་ཕུན་ཚོགས། བོད་ལྗོངས་གཞིས་རྩེ་དཔལ་ལྡན་ས་སྐྱར་༡༩༩༦ལོར་ལྟེ་ཁྲག་འཕོས། དམའ་འབྲིང་དུས་ནས་རྩོམ་ཡིག་འབྲི་ཀློག་བྱེད་གྱུར་དད་ཅིང་། ལྷག་པར་དུ་སྙན་ངག་ཐུང་ཐུང་འབྲི་འགྱུར་དེ་བས་དགའ། ད་ལྟའི་བར་རྩོམ་འབྲིའི་གོམ་པ་ཆད་མེད། ད་ལྟ་ཞན་དབྱང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞིའི་སློབ་མ་ཞིག་ཡིན། འོན་ཀྱང་སློབ་ཆེན་རིང་བོད་ཡིག་སློབ་ཚན་མེད་མོད།  རིགས་བཟང་རྒྱུད་ཀྱིས་བསྐྱངས་པའི་འོ་ཆུས་སྐུལ་དེ་དུས་རྒྱུན་ཁོམ་པ་ཡོད་ཚད་བོད་ཡིག་དེབ་བཀླགས་པ་དང་སྙན་ངག་འབྲི་སྦྱོངས་བྱས་པ་ནི་རང་ཉིད་ཀྱི་གོམས་གཤིས་ཤིག་ཏུ་གྱུར། སླད་རྒྱ་ཆེའི་ཀློག་མཁན་རྣམས་པས་གཟིགས་རྗེས། ཁོ་བོའི་སྙན་ངག་ལམ་བུར་སྐྱོན་ནོར་ཅི་མཆིས་པ་ཕན་ཚུན་གྲོས་བསྡུར་གྱི་ཚུལ་དུ་གཏམ་གླེང་ལྷུག་སྩོལ་ཡོང་བའི་རེ་བ་དང་བཅས་དགེའོ།།

 

༄༅།།མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།

མཐའ་བཞི་གངས་ཀྱི་ལྷུན་པོས་རབ་བསྐོར་ཞིང་།།

མྱང་ཆུ་གཙང་ཆབ་སྔོན་མོའི་རྒྱུག་ཤུལ་དུ།།    

སུན་རྩེན་ས་ལ་འཕོས་འདྲའི་གཞིས་རྩེ་ན།།

བདག་གི་ཤེས་རིག་སློབ་གླིང་མཐོ་འབྲིང་གནས།།

འདྲེན་བྱེད་དྭངས་བ་འགྲན་པའི་མཐོ་འབྲིང་ནང་།།

ཁོར་ཡུག་ཀུན་དགའི་མཁའ་རླུང་གཙང་ཞིང་མཐོ།།

མཁྱེན་རྒྱ་ཡངས་པའི་བཤེས་གཉེན་ཆུ་གཏེར་བཞིན།།

མཁོ་དགོ་ཆེ་བའི་ཆ་རྐྱེན་རབ་ཏུ་འཛོམས།།

 

བརྗིད་ཅིང་རྔམས་པའི་སློབ་ཁྲིད་ཁང་གསར་ནང་།།

མཁོ་སྤྱད་བཟང་བའི་ཆ་རྐྱེན་མ་ལུས་འཛོམས།།

ཕྲེང་བ་སྟར་སྒྲིག་བ་གམ་ཉལ་ཁང་ནང་།།

རྒྱུན་སྤྱོད་སློབ་མའི་སྒྲིག་ཆས་ཧ་ཅང་གཙང་།།

 

དཀར་ཆ་དོད་པའི་སློབ་ཁྲིད་ཁང་གསར་ནང་།།

མཁྱེན་རྒྱ་ཡངས་པའི་བཤེས་གཉེན་ཐུགས་བརྩེ་ལས།།

ལང་ཚོའི་ཟིལ་ཤུགས་ངོམས་པའི་སློབ་བུའི་ཚོགས།།

ཤེས་རིག་ལང་ཚོ་རྒྱས་པར་ཟེའུ་འབྲུ་འཐུ།།

 

བརྩེ་དུང་འོ་ཆུ་འདྲེས་མའི་སློབ་མ་ཚོ།།

སློབ་གླིང་དགའ་ཚལ་མཛའ་གཅུགས་གསེར་ཟམ་འཛུགས།།

ཁོད་སྙོམས་ཡངས་བའི་ལུས་རྩལ་དོ་རའི་ནང་།།

སྐྱོར་སྦྱངས་དབྱངས་རྟ་སྒྲ་འཛིན་བཅུད་དུ་བསིམ།།

 

ཡངས་ཤིང་རྒྱ་ཆེ་སློབ་གླིང་དགའ་ཚལ་དེར།།

དགེ་སློབ་མཐུན་ཞིང་སློབ་གྲྭའི་ཆ་རྐྱེན་ལེགས།།

བརྩེ་དུང་ཉ་ཆུས་བསྐྱངས་པའི་དགེ་མཚན་ལ།།

སྐྱེ་བོས་ལེགས་ཞེས་བསྟོད་ཚིག་མེ་ཏོག་འཐོར།།

 

ཀུན་ལྗོངས་ཤེས་བྱའི་དགའ་ཚལ་དོ་རྭའི་ནང་།།

ཀུན་ཕན་བྱ་བ་བསྒྲུབ་མཁན་སྨྲ་མཁས་མང་།།

ཀུན་འགྲོ་རྨོངས་མུན་སེལ་བའི་ལམ་སྣེ་གཏོད།།

ཀུན་མཁྱེན་བཤེས་གཉེན་བཟང་པོའི་བླ་ན་མཛད།།

 

གསལ་གསལ་མར་མེའི་འོད་དང་རབ་འགྲོགས་ཏེ།།

མང་མང་རིག་པའི་གནས་ལ་ནམ་འཕང་བཅད།།

ཟབ་ཟབ་སློབ་དཔོན་བཟང་པོའི་ཐུགས་བརྩེ་ལས།།

འཛུམ་འཛུམ་ངག་གི་སློབ་བུའི་ཚོགས་རྣམས་འགུག།

 

གཅེས་པར་འོས་པའི་མཐོ་འབྲིང་གསུམ་པའི་ནང་།།

གཅེས་པའི་དོན་ཆེན་ལེན་པའི་བསྐལ་བ་བཟང་།།

གཅེས་སྐབས་འདི་ལས་འབྲས་བུ་ཐོབ་བསམ་ཕྱིར།།

གཅེས་འཛིན་རིག་པའི་གནས་ལ་གཞོལ་བར་མཛོད།།


བསོད་ནམས་ཚེ་རིང་།

དངོས་མིང་།   བསོད་ནམས་ཚེ་རིང་།

སྨྱུག་མིང་།    རྩལ་ལྡན་སེང་ཕྲུག

ཕ་ཡུལ།   གཞིས་རྩེ་ས་གནས་ལྷ་རྩེ་རྫོང་།

དགའ་ཕྱོགས།  ཡིག་གཟུགས་སྦྱོང་རྒྱུ་དང་རྩོམ་ཡིག་འབྲི་རྒྱུ།

     གུས་པ་ནི་༢༠༡༦ལོར་གཞིས་རྩེ་ས་གནས་མཐོ་འབྲིང་གསུམ་པའི་འཛིན་གྲྭ་༡༣པ་དགེ་བའི་བཤེས་གཉེན་དཀོན་མཆོག་ལགས་ཀྱི་ཞབས་དྲུང་ནས་སློབ་མཐར་ཕྱིན་ཅིང་ད་ལྟ་ལྷ་ས་དགེ་འོས་སློབ་གླིང་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གཉེར་བ་ཞིག་ཡིན།  སླད་རྒྱ་ཆེའི་ཀློག་པ་པོ་རྣམས་དང་རྡོ་རྗེའི་སྤུན་གྲོགས་ཡོངས་ནས་དཔྱད་བརྗོད་གང་མང་ཡོང་བའི་རེ་བ་དང་བཅས་པ་དགེའོ།།


༄༅།།མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།

གངས་ཅན་བོད་ཀྱི་བློ་གསར་བུང་བའི་ཚོགས།།

གངས་རི་ར་བས་བསྐོར་བའི་ཡུལ་དེར་དུང་།།

གངས་ལྗོངས་ཤེས་རིག་དགའ་ཚལ་སློབ་གླིང་དེར།།

གངས་ཕྲུག་ང་ཡི་བསྟོད་ཚིག་སྨྱུག་རྩེར་འཐེན།།

 

མཛེས་པའི་གཙང་ཕྱོགས་གཞིས་རྩེའི་རབ་ཁ་ན།།

མཛེས་སྡུག་ཡིད་འོང་སློབ་གླིང་དགའ་ཚལ་ཆགས།།

མཛེས་ལེགས་སློབ་རྭའི་བ་གམ་ཐོག་བརྩེགས་ནང་།།

མཛེས་བཟང་བློ་གསར་བུང་བའི་ཚོགས་རྣམས་སྐྱིད།།

 

རིག་པའི་གནས་ལྔའི་དྲི་བསུང་འཐུལ་བའི་གནས།།

རིག་གཞུང་གདམས་ངག་ཟབ་རྒྱས་ལེན་པའི་གནས།།

རིག་བྱེད་ཀློག་གམ་དྲང་སྲོང་འཕོས་འདྲ་བའི།།

རིག་པའི་ལྡིང་ཁང་གྲུ་བཞི་འཕེལ་བར་གྱུར།།

 

བཟང་ངན་དཀར་ནག་བླང་དོར་ཤན་འབྱེད་གནས།།

བཟང་སྤྱོད་སྤང་བླང་ཚུལ་ལ་རོལ་སའི་ཡུལ།།

བཟང་སློབ་གདམས་ངག་མཐའ་དག་འཕེལ་སའི་ཁྱིམ།།

བཟང་གསུམ་འཛོམས་པའི་མ་ཡུམ་སློབ་གྲྭར་བསྟོད།།

 

གཅེས་སྐྱོང་བྱམས་སེམས་ཅན་གྱི་བཤེས་གཉེན་ལ།།

གཅེས་ལང་བུ་རུལ་སེམས་ཀྱི་མཆོད་པ་འབུལ།།

གཅེས་པར་འོས་པའི་མ་ཡུམ་སློབ་གྲྭ་ལ།།

གཅེས་ཕྲུག་ང་ཚོས་བསྟོད་ཚིག་སོར་རྩེ་འགུལ།།

 

སློབ་རའི་ཁོར་ཡུག་པད་མའི་སྐྱེད་ཚལ་དེར།།

སློབ་མའི་ཚོགས་རྣམས་དཔེ་ཀློག་དབྱངས་རྟ་སྙན།།

སློབ་དཔོན་གདམས་ངག་ཆར་ཆུ་འབབ་སའི་ཡུལ།།

སློབ་གསོའི་བྱ་གཞག་འཕེལ་བའི་བཀྲ་ཤིས་ཤོག།

 

རང་ཉིད་རིག་པའི་གཞུང་གི་དམན་པའི་རྐྱེན།།

རང་དཔེ་གཞན་སྟོན་མ་འཇོན་ཀྱེ་མ་ཧུད།།

རང་སེམས་ཤར་མར་ཐལ་བའི་རྩོམ་རུལ་འདི།།

རང་གི་མ་ཡུམ་སློབ་གྲྭར་བསྟོད་པའི་ཚིག 

རྒྱལ་མཚན།

དངོས་མིང་།   རྒྱལ་མཚན།

སྨྱུག་མིང་།    ཤངས་སྲས་ཅོད་པན།

ཕ་ཡུལ།   གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་དུ་ལྟེ་ཁྲག་འཕོས།

ད་ལྟ་བོད་ལྗོངས་ནང་བསྟན་སློབ་ཆེན་སེ་ར་དགོན་ཡན་ལག་སློབ་གླིང་ནང་གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་བཞག་པའི་རྨང་གཞིའི་སྟེང་བོད་ཀྱི་དགེ་རྒན་ཆེ་མོ་བ་མཁས་བཙུན་ལགས་དང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དེ་བཞིན་གླེང་མོལ་པད་མ་སྐལ་བཟང་ལ་སོགས་པའི་མཁས་པའི་དབང་པོ་རྣམས་ཀྱི་དྲུང་ནས་སུམ་དག་སྙན་གསུམ་དང་སྒྲ་རིག་པའི་གཞུང་ལུགས་ལ་སོགས་པའི་རིག་གནས་ཁག་ལ་འབད་པ་བྱེད་དང་བྱེད་མུས་ཡིན།  སླད་ཕྱིན་ཆད་ཀློག་པ་པོ་རྣམས་ཀྱི་བདག་ལ་རྒྱབ་སྐྱོར་དང་སྐྱོན་བཅོས་གང་མང་གནང་བའི་རེ་བ་ཞུ།

 

༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།                                     

གོ་ལའི་ཡང་རྩེ་གནའ་གྲོང་བསམ་གྲུབ་རྩེར།།

མཛེས་པའི་གྲོང་ཁྱེར་གཉིས་པ་བརྗིད་ཆགས་ལྡན།།

མ་འོངས་གྲོང་དེའི་མདུན་ལམ་འོད་པོ་ཆེ།།

མཐོ་གསུམ་པད་མའི་ཚལ་ནས་འཚེར་བར་འདུད།།

 

རྨོངས་མུན་གྲངས་ཡས་མཁའ་ཁྱབ་སློབ་མ་ལ།།

དབྱངས་གསལ་དང་འབྲེལ་གཞན་སྐད་བུ་རམ་དག།

རིས་སུ་མེད་པར་ལམ་སྟོན་འཁྲིད་མཛད་པའི།།

ཟླ་བྲལ་བཤེས་གཉེན་སྤྱི་བོར་གུས་པས་བསྟེན།།

 

དུས་རབས་གསར་པའི་ཉི་གཞོན་འཆར་བའི་ཚེ།།

ངེད་ཅག་ཕ་ས་གཞིས་རྩེའི་ཀུན་དགའི་འདབས།།

ཤེས་རིག་ལང་ཚོའི་དྲི་བསུང་རྒྱུན་བསྲིངས་པའི།།

མཐོ་གསུམ་སློབ་མ་ཁ་ལྗོངས་ནོར་དེའི་རྒྱན།།

 

ལྷང་ལྷང་སྤྲོ་བ་བརྟས་སའི་སློབ་གླིང་འདིར།།

འུར་འུར་དཔེ་དེབ་བཀླགས་པའི་དབྱངས་རྟ་དང་།།

འཛུམ་འཛུམ་དགེ་སློབ་མཐུན་སྒྲིལ་རང་སྒྲ་དག།

ཡང་ཡང་རྒྱུན་སྐྱོང་སྤྲོ་དགས་ཐལ་མོ་སྦྱར།།

 

དེ་རིང་དགའ་བས་ཕྱུག་པའི་དུས་བཟང་ལ།།

ཤིས་ཚིག་མེ་ཏོག་མཆོད་པས་རྒྱན་ཀླུབས་ནས།།

བཀྲ་ཤིས་གཡང་འཁྱིལ་མ་ཡུམ་སློབ་གྲྭའི་ཕྱོགས།།

ལུས་ངག་ཡིད་གསུམ་ཕུལ་བའི་འདུན་པ་ཤར།།

 

བཟང་བཟང་དེང་རབས་གསར་པའི་འཕོ་འགྱུར་ལ།།

བཟང་བཟང་ཤེས་རིག་འདབ་བརྒྱའི་འོད་ཁ་དེ།།

བཟང་བཟང་སློབ་བུའི་འདྲེན་དུ་བཤམས་མཛད་པའི།།

བཟང་བཟང་མཐོ་སློབ་གསུམ་པ་བསྟོད་བྱའི་རྒྱན།།

 

མཁྱེན་རྒྱ་ཡངས་པོའི་དགེ་བའི་བཤེས་གཉེན་དང་།།

བརྩེ་དུང་འོ་ཆུ་འདྲེས་པའི་སློབ་བུ་ཚོས།།

མཛའ་གཅུགས་གསེར་ཟམ་སྐྱོང་མཁས་སློབ་གླིང་འདིར།།

སྐྱེ་བོས་བསྟོད་ཚིག་མ་འཐོར་སུ་ཞིག་མཆིས།།

 

ཤེས་པ་སྤྲོས་མེད་སློབ་གླིང་པད་མའི་འདབས།།

ཤེས་རིག་དཔལ་འབར་ལང་ཚོའི་གཟི་མདངས་རྒྱས།།

ཤེས་གསལ་རྐང་དྲུག་བུང་བའི་ཁྱུ་ཚོགས་ལྡིར།།

ཤེས་ཡོན་ནོར་གྱི་ཕྱུག་པའི་དབྱངས་རེ་འདེབས།།

 

དེ་ན་ཐོས་བསམ་སྒོམ་པའི་འཆད་ཉན་ལ།།

སྣོད་ཀྱི་སྐྱོན་གསུམ་ཐལ་བར་བརླག་མཛད་དེ།།

བརྩོན་པའི་གོ་ཆ་ཡོངས་སུ་རྒྱུན་བསྲིངས་ཀྱིས།།

མ་འོངས་རེ་བའི་བདེ་སྐྱིད་ཕྱོགས་སུ་བསུ།།

 

མཛེས་མཛེས་སློབ་གླིང་ཀུན་དགའ་དོ་རྭའི་ནང་།།

ནང་ནང་རིག་པའི་གནས་ལ་གཤོག་རྩལ་རྒྱས།།

རྒྱས་རྒྱས་རྒྱུན་སྤྱོད་སློབ་མའི་མཐུན་རྐྱེན་བཟང་།།

བཟང་བཟང་སློབ་བུའི་ཚོགས་རྣམས་བདེ་ཞིང་སྐྱིད།།

 

ལེགས་ལེགས་དམངས་ཀྱི་འཚོ་བའི་ཆུ་ཚད་ལྷན།།

ལེགས་ལེགས་སློབ་རྭའི་ཁོར་ཡུག་དྭངས་གཙང་དང་།།

ལེགས་ལེགས་བསམ་པའི་ཤེས་ཡོན་ཇི་ལྟ་བ།།

ལེགས་ལེགས་མཐོ་གསུམ་གནས་དེར་དེ་ལྟར་ཤོག།

 

བཀྲ་ཤིས་བུམ་བཟང་གནས་ལྔའི་ཆུ་གཏེར་འཁྱིལ།།

བཀྲ་ཤིས་རྟགས་བརྒྱད་དགེ་མཚན་ས་བཅུ་འཛོམས།།

བཀྲ་ཤིས་གཡང་འཁྱིལ་སློབ་གླིང་དགའ་ཚལ་ནང་།།

བཀྲ་ཤིས་སྨོན་ཚིག་ནམ་ཡང་བདེ་ལེགས་ཤོག།

བསྟན་འཛིན་ཉི་མ།

བསྟན་འཛིན་ཉི་མ།  ཕ་ཡུལ་ངམ་རིང་རྫོང་ཆུ་འོག་ཤངས།  སྤྱི་ལོ་༢༠༡༧ལོར་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་གསུམ་པའི་འཛིན་གྲྭ་དང་པོ་ནས་དགེ་བའི་བཤེས་གཉེན་ཚེ་དབང་འཕྲིན་ལས་མཆོག་གི་དྲུང་ནས་སློབ་ཐོན་བྱས།  ད་ལྟ་ཀྲེ་ཅང་ཀྲུང་ལུགས་གསོ་རིག་སློབ་ཆེན་ནང་སློབ་གཉེར་བྱེད་བཞིན་ཡོད།


༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།      

གནའ་གྲོང་གཞིས་རྩེའི་བྱང་ཤར་མཚམས་སུ་གནས།།

གནས་དེའི་སློབ་ཁང་ས་འཛིན་མཐོ་པོར་འགྲན།།

འགྲན་སེམས་ལྡན་པའི་ཐོས་བརྩོན་བུང་བའི་ཚོགས།།

ཚོགས་འདིའི་ཚལ་ན་ཤེས་བྱའི་སྦྲང་རྩི་འཐུ།།

 

ཏང་གི་དྲོད་འཇམ་སློབ་གསོའི་ཉི་འོད་འོག།

འོག་གི་མྱང་ཆུ་གཙང་པོའི་འགྲམ་ངོགས་ན།།

ན་གཞོན་རྨི་ལམ་སྒོ་མོ་ཕྱེ་སའི་གནས།།

གནས་འདི་ཡིད་འོངས་མཐོ་འབྲིང་གསུམ་པ་ལགས།།

 

བཤེས་གཉེན་ཐུགས་སེམས་དཀར་བ་ཏི་སིའི་རྒྱུད།།

རྒྱུད་བཟང་རིག་གནས་དགའ་ཚལ་འདི་ནས་དར།།

དར་ཞིང་རྒྱས་པའི་སློབ་ར་ཨེ་མ་མཚར།།

མཚར་སྡུག་འོད་སྟོང་འདི་ཡི་ནང་ནས་འཕྲོ།།

 

རང་རང་ཕ་ཡུལ་མི་གཅིག་སློབ་མ་དག།

དག་པའི་ལམ་ཞིག་འཚོལ་ཕྱིར་འདི་ཀར་འོངས།།

འོངས་དོན་ཐོས་བསམ་ལས་ལ་ལེགས་པར་སྦྱངས།།

སྦྱངས་འབྲས་གཡུར་ཟ་ཐོབ་པ་ཆོས་ཉིད་ལགས།།

 

སླད་ཕྱིན་བཤེས་གཉེན་ལྷན་རྒྱས་བྱ་གཞག་ཐད།།

ཐད་ཀར་ལེགས་གྲུབ་ཡོངས་བའི་བཀྲ་ཤིས་ཤོག།

ཤོག་བུའི་སྟེང་གི་རྩལ་ངོམས་སློབ་མའི་ཚོགས།།

ཚོགས་གསུམ་ལེགས་པའི་སྦྱངས་འབྲས་ཐོབ་པར་ཤོག།

ཧྲི་ཕུན་ཚོགས།

ཧྲི་ཕུན་ཚོགས། སྤྱི་ལོ་༡༩༩༨ལོར་ཕ་ཡུལ་ངམ་རིང་རྫོང་བསྟར་བརྒྱུད་ཤང་མཐོང་གྲོང་ཚོར་ལྟེ་ཁྲག་འཕོས།  སྤྱི་ལོ་༢༠༡༧ལོར་གཞི་རྩེ་གྲོང་ཁྱེར་མཐོ་འབྲིང་གསུམ་པ་ནས་དགེ་བའི་བཤེས་གཉེན་རྡོ་དངོས་དྲུང་ནས་སློབ་མཐར་ཕྱིན།  ད་ལྟ་ལྷ་ས་དགེ་འོས་སློབ་གླིང་ནང་ཕ་སྐད་མ་ཡིག་ལ་སྦྱངས་པ་བྱེད་བཞིན་མཆིས།  སླད་མ་འོངས་པའི་ལོ་ཟླའི་ནང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཕྲན་གྱི་རྩོམ་ཡིག་ལ་རྒྱབ་སྐྱོར་དང་སྐུལ་མ་གང་མང་གནང་རྒྱུའི་འདུན་པ་ཆེའོ།།


༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།      

གནས་ལྔ་རིག་པའི་འབྱུང་གནས་ཆོས་ལྡན་བོད་ཡུལ་ན།།

དག་པའི་ཞིང་ཁམས་གནས་མཆོག་གཙང་ཡུལ་གཞི་རྩེ་ཆགས།།

ཆགས་པའི་གནས་མཆོག་གཞིས་རྩེའི་བྱང་ཤར་འགྲམ་ངོགས་ན།།

བདག་གི་གཅེས་པར་འོས་པའི་མ་ཡུམ་མཐོ་གསུམ་གནས།།

 

ཀུན་ཡིད་འཕྲོག་པའི་ཕ་མཐའ་ཡངས་པོའི་མྱང་འགྲམ་ན།།

ན་མཉམ་ཤེས་བརྩོན་བུང་བའི་ཁྱུ་ཚོགས་གར་ལ་རྩེན །།

ངང་པ་མཚོ་ལ་རོལ་འདྲའི་ཤེས་བརྩོན་བུང་བའི་ཚོགས།།

ནམ་ཡང་སློབ་གླིང་དགའ་ཚལ་ཡར་ངོའི་ཟླ་བཞིན་འཕེལ།།

 

བ་གམ་ཅན་གྱི་ཁང་བཟང་བཀོད་པ་ལེགས་སེ་ལེགས།།

སློབ་ཁྲིད་ཐོག་ཁང་ལྷ་ཡུལ་ལྟ་བུ་མཛེས་སེ་མཛེས།།

ཕྱི་ཡི་ལྕགས་རི་ནང་གི་སྲུང་མ་ཇི་བཞིན་དམ་སེ་དམ།།

བདག་གི་གཅེས་པའི་མ་ཡུམ་འཕེལ་ཀ་རྒྱས་སེ་རྒྱས།།

 

ཟང་ཟིང་འདུ་འཛི་བྲལ་བའི་སློབ་རའི་ཁོར་ཡུག་ནང་།།

རྣམ་བཀྲའི་མེ་ཏོག་དྲི་བསུང་ཕྱོགས་བཞིའི་གང་སར་འཐུ།།

བྱ་བྱེའུ་ཚོགས་ཀྱིས་གསུང་སྙན་སྒྲོགས་དང་ཁྱད་པར་ཅི།།

མ་འབོད་མགྲོན་པོ་བསུ་བ་བྱེད་དང་དབྱེར་མ་མཆིས།།

 

ཤེས་རིག་སྤྱི་ལ་བྱང་པའི་དགེ་བའི་བཤེས་གཉེན་ཚོས།།

གསར་སྐྱེས་ཆུ་འཐིམས་གཡང་འཐེན་རྨོངས་མུན་གཉིད་ལས་དཀྲོགས།།

བྱམས་དང་བརྩེ་བས་སློབ་བུ་རང་ཕྲུག་བཞིན་དུ་གཅེས།།

སྐྱོང་བའི་རླབས་ཆེའི་མཛད་འཕྲིན་དགུང་ལ་འཕྱུར་སེ་འཕྱུར།།

 

བཀྲ་ཤིས་མཛེས་པའི་མ་ཡུམ་མཐོ་འབྲིང་གསུམ་པ་ལ།།

བཀྲ་ཤིས་དཀར་གཙང་མཇལ་དར་དགུང་སྔོན་དབྱིངས་ནས་འབུལ།།

བཀྲ་ཤིས་སྣ་མང་བྱེད་སྒོའི་འཁྲབ་སྟོན་གཡར་ཆབ་ལ།།

བཀྲ་ཤིས་བུ་ངའི་སེམས་འཕྲིན་ཆུན་པོ་ཕུལ་བས་དགེ།  །

ཚེ་རིང་ལྷ་སྒྲོན།

སྨྱུག་མིང་ལ་ལྗང་མྱུག་ཟེར་ཞིང་མིང་དངོས་ལ་ཚེ་རིང་ལྷ་སྒྲོན་ཟེར།   ཕ་ཡུལ་དིང་རི། ༢༠༡༧ལོར་གཞིས་རྩེ་མཐོ་འབྲིང་གསུམ་པའི་འཛིན་གྲྭ་དང་པོ་ནས་སློབ་ཐོན་བྱས།  ད་ལྟ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་བྱེད་བཞིན་ཡོད།


༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།      

གཡས་སུ་པཎ་ཆེན་མཆོག་གི་གདན་ས་བཀྲས་ལྷུན་དགོན།།

གཡོན་དུ་མྱང་ཆུ་གཙང་པོ་དལ་གྱིས་རྒྱུག་མཚམས་དང་།།

ནུབ་ཏུ་རི་བོ་ཇོ་མོ་གླང་མ་བཞུགས་པའི་དཀྱིལ་འཁོར་ན།།

མ་ཡུམ་གཞིས་རྩེ་མཐོ་འབྲིང་གསུམ་པ་ཀྲོང་ངེར་གནས།། 

 

གངས་ལྗོངས་རྣམ་པར་དག་པའི་སུམ་རྩེན་གྱི་ཞིང་ན།། 

གཞིས་རྩེ་མཐོ་འབྲིང་གསུམ་པ་གྲགས་ཀྱི་ལང་ཚོ་མེད་ཀྱང་།།

སྲིད་པ་ཕོ་མོའི་མགྲིན་པའི་དབྱངས་རྟ་ལ་འཁྱུད་ནས།། 

ཤེས་རིག་མུན་སེལ་སྒྲོན་མེ་འོད་མདངས་འདི་ནས་འཚེར།།

 

རྨི་ལམ་ཞིང་ལ་ཡུར་བའི་གཞིས་རྩེ་གྲོང་ཁྱེར་ན།། 

རིག་འཛིན་མཁའ་ནས་འཛུམ་པའི་དགེ་བའི་ཤེས་གཉེན་དང་།།

བྱེ་བ་འབུམ་ཕྲག་མདངས་ཅན་སློབ་མ་ཡི་ལང་ཚོ།། 

གཞིས་རྩེ་མཐོ་འབྲིང་གསུམ་པ་འདི་ནི་ཨེ་མ་མཚར།།

 

བཤེས་གཉེན་དམ་པའི་བྱམས་དང་སྙིང་རྗེ་ཡི་ཁྲོད་དུ།།

བདག་ཅག་གཞིས་རྩེ་ཡི་ཨ་མའི་སྙིང་ཕྲུག་རྣམས་ལ།།

ཤེས་རབ་འདབ་རྒྱ་བཞད་པའི་རིག་པ་འདིར་རྟེན་ནས།།

རྩོད་པའི་མེ་དཔུང་མཁའ་ཡི་དབྱངས་རྟ་འདི་ནས་གྲགས།།

 

གཟི་བྱིན་འོད་ཀྱིས་ཕྱུག་པའི་སློབ་གླིང་གི་ཞིང་ན།།

ཤེས་བྱའི་འཇུག་ངོགས་བརྒལ་བའི་ཟིལ་ཤུགས་དེ་མཐོང་ཚེ།། 

དགེ་ཤེས་བཟང་པོའི་མགྲིན་པའི་རོལ་དབྱངས་ཀྱི་འཇགས་བྲོ།།

རྒྱུ་སྐར་གྲོང་ནས་བརྡོལ་བའི་ཟིལ་ཤུགས་ལ་བྲེལ་འདུག །

 

མཁའ་ལ་འཁྱུག་པའི་གློག་གི་རོལ་རྩེད་ཀྱི་མདངས་བཞིན།། 

ཐོས་བསམ་ནོར་བུའི་མཆེད་སྦྱོང་ལྔ་རིག་གི་གླིང་དུ།།

ཡིད་སེམས་ཕྱི་ལ་འཕྲོ་བའི་དད་མོས་ཀྱི་མཁས་དབང་།།

ཤེས་རིག་མུན་སེལ་སྒྲོན་མའི་འོད་མདངས་དེ་འཕྲོ་བ།།

 

རྣམ་སྤྱོད་སྨྱུག་རྩེར་འགུལ་སའི་སློབ་གླིང་གི་ཞིང་དུ།།

ཚན་རིག་མ་རྒྱུའི་རང་གར་རྩྭ་བ་དེ་འཛིན་ནས།།

བློ་འཛིན་སྨྱུག་འགྲོད་བདེ་བའི་རང་ཚུགས་དེ་བསྐྲད་དེ།།

ཉིན་བྱེད་སྐྱེངས་བས་བཞིན་རས་གླིང་གཞན་ལ་གཏད་བྱུང་།། 

 

རིག་འབྱེད་མཁས་པའི་དོན་ལ་བསམ་པའི་དགེ་བཤེས་ཀྱིས།།

སྐྱི་བསེར་རླུང་བུའི་རེག་བྱ་སེལ་འདོད་དེ་སྤང་ནས།། 

རིགས་ཚོགས་གཞུང་ལ་བསམ་པའི་རྣོ་ངར་གྱི་གཞོན་ནུར།།

སྨིན་ལེགས་འབྲས་བུའི་ནུ་ཟུང་དཔག་མེད་ངང་མངོན་འདུག།

 

རྩོད་པའི་མེ་དཔུང་མཁའ་ཡི་དབྱར་རྔ་ལྟར་བསྒྲགས་ཚེ།། 

ཤེས་ལྡན་སློབ་བུའི་ལུང་རིགས་རྣོ་ངར་གྱི་ལྕགས་སྒྲོག། 

རྩོད་གཞི་སྟུག་པོའི་གཞི་རྒྱུད་དབྱངས་རྟ་ལ་འཁྱུད་ནས།། 

རྒྱུགས་རའི་ཁྲོད་དུ་རྩྭ་བའི་རྒྱལ་ཁ་དེ་ལེན་རོགས།།

 

དད་པའི་ཡོ་ལང་བརྡོལ་བའི་སློབ་བུ་ངེད་རྣམས་ནས།། 

བཀའ་དྲིན་བསམས་ཤིང་སྙེ་མའི་འབྲུ་དྲུག་གི་དཔལ་བཞིན།། 

སྒོ་གསུམ་གུས་འདུད་བཅས་ཏེ་མཁན་པོ་ཡི་སྤྱན་སྔར།། 

གདམས་ངག་ཟབ་མོ་མདུད་པའི་དྲྭ་རྒྱ་རང་གཏོར་བྱུང་།། 

 

བརྩོན་འགྲུས་གོ་ཆས་འགག་མེད་བློ་གསལ་གྱི་སློབ་བུ།། 

རྣོ་ངར་ལྕགས་ཀྱི་རྟ་ཕོའི་དགུང་དབྱིངས་ལ་བཅིབས་ནས།།  

ར་ཡིག་གཉིས་པ་མགྲིན་པའི་རོལ་དབྱིངས་ཀྱི་འཇགས་འགྲོ།

མ་ཡུམ་སློབ་གྲྭ་གཞིས་རྩེ་མཐོ་འབྲིང་གསུམ་པར་བསུ།།

 

ངོ་མཚར་གློག་གི་རོལ་རྩེད་མུ་ཏིག་གི་ཕྲེང་བས།། 

ཁོ་ར་ཁོར་ཡུག་འོད་ཀྱི་ཕྲེང་ལམ་ལ་བཀོད་ཚེ།། 

གཟི་བྱིན་འོད་ཀྱིས་ཕྱུག་པའི་གཞིས་རྩེ་མཐོ་སློབ་གསུམ་པ།།

ལྟ་བའི་མ་མངོན་གོམ་ཁ་མུ་མཐུད་འཇིགས་གྱུར་ཅིག།

ཉི་མ་བཀྲ་ཤིས།

རང་མིང་།  ཉི་མ་བཀྲ་ཤིས།    སྨྱུག་མིང་ངམ་དྲྭ་མིང་དུ་གཙང་སྨྱུག་བྲན།    ཕ་ཡུལ་གཞིས་རྩེ་ངམ་རིང་རྫོང་བསྟར་བརྒྱུད་ཤང་།     དམའ་འབྲིང་སྐབས་ནས་རྩོམ་ཐུང་ཁྱར་ཁྱོར་འབྲི་རྒྱུར་དད་བཞིན་ནར་སོན།     སྤྱི་ལོ་༢༠༡༧ལོར་གཞིས་རྩེ་མཐོ་འབྲིང་གསུམ་པའི་འཛིན་གྲྭ་དྲུག་པའི་འཛིན་བདག་དགེ་བའི་བཤེས་གཉེན་རྒྱལ་པོ་ལགས་ཀྱི་དྲུང་ནས་སློབ་མཐར་ཕྱིན།      དུས་ད་ཆ་གནའ་གྲོང་ཞན་དབྱང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་དངོས་གཞིའི་སློབ་མའི་སློབ་གཉེར་གྱི་ལམ་དུ་བཞུད་བཞིན་ཡོད།   སླད་མ་འོངས་པར་ངེད་མ་ཡུམ་མཐོ་འབྲིང་གསུམ་པ་སྔར་ལས་དར་བཞིན་རྒྱས་པའི་བཀྲིས་སྨོན་འདུན་བཞུ།

 

༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།      

ཀེ་ལ་ཤ་ཡི་བརྒྱན་པའི་གོ་ལའི་ཡངས་རྩེ་ན།།

ཁེ་གཙང་མདོང་དམར་བོད་པའི་ཁྱིམ་གཞིས་དྲོན་མོ་ཆགས།།

གེ་སར་ཟེའུ་འབྲུ་མཐུ་བའི་རྐང་དྲུག་བུང་བའི་ཚོགས།།

ངེ་མོའི་རེ་ལྟོས་བསྐོང་སའི་མཐོ་འབྲིང་གསུམ་པ་བརྗིད།།

 

ཅ་ལག་ཆ་རྐྱེན་ཡོངས་སུ་འགེང་བའི་སློབ་གླིང་ནང་།།

ཆ་ལུགས་རྣམ་པ་མཐུན་པའི་སློབ་གཉེར་མཆན་བུས་བཀླུབས།།

ཇ་རྩམ་ཟས་ཀྱི་ལོན་པའི་སྦྲང་རྩིའི་ཟས་ཅན་རྣམས།།

ཉ་ངོག་མྱང་ཆུའི་ངོས་སུ་དཔེ་ཆའི་དབྱངས་རྟ་གྱེར།།

 

ཏི་སེའི་ངོགས་ཀྱི་དགའ་སྤྲོའི་འཛུམ་མདངས་འཕྱོ་བའི་གནས།།

ཐི་བའི་མདོག་དང་འདྲ་བའི་སློབ་མའི་གོས་གསར་བཀྲ།

དི་རི་རི་ཡི་དཔེ་ཀློག་ངག་རྒྱུན་ཆུ་མོའི་འགྲོས།།

ནི་གུའི་བློ་དང་རིག་པའི་གར་སྟེགས་ཆེན་མོ་ཉིད།།

 

པོ་ཏི་རིག་པའི་གནས་ལ་ཕྱུག་པའི་བཤེས་གཉེན་ཡིས།།

ཕོ་བཟོའི་རྣམ་འགྱུར་བསྐྱུར་ནས་བྱམས་བརྩེའི་སློབ་བུ་བསྐྱངས།།

བོ་བའི་རྣམ་དཔྱོད་མཆན་བུའི་ཚོགས་ལ་ཕངས་མེད་སྦྱིན།།

མོ་ཉེ་ལ་བསྩོགས་སྤུན་མཆེད་ཕྱོགས་མེད་དྲན་དབང་བདག།

 

ཙ་ཀ་ལི་ཡི་བརྒྱན་པའི་ཐོག་བརྩེགས་བ་གམ་ཅན།།

ཚ་བའི་དུས་ལ་ལྷགས་པའི་རྐང་འཐུང་ལྗོན་ཤིང་ཚོགས།།

ཛ་ལང་སྤྱོད་པའི་རིགས་དང་བྲལ་བའི་གངས་ཕྲུག་ཚལ།།

ཝ་ཤུར་ངོས་ནས་ཉ་ཆུང་གསེར་མོས་རབ་ཏུ་སྨད།།

 

ཞུ་མར་སེམས་ཀྱི་ལྡེ་མིག་སློབ་གླིང་འདི་ནས་བཀྲ།

ཟུག་རྔུ་ཅན་གྱི་རྨོངས་གཉིད་སློབ་གླིང་འདི་ནས་སེལ།།

འུ་ཅག་ཇོ་མོའི་ངོགས་ཀྱི་མ་ཡུམ་སློབ་གླིང་ན།།

ཡུ་བ་ལག་ཏུ་བཟུང་འདྲའི་ཤེས་ལྡན་སློབ་བུས་ཁེངས།།

 

རི་ཀླུང་ཀུན་ཏུ་ཁྱབ་པའི་ཤེས་རིག་དགའ་ཚལ་ཞིག །

ལི་སྨུག་སྐེ་རགས་བཅིངས་པའི་འཛུམ་ལྡན་སློབ་གླིང་ཉིད།།

ཤིས་ཚིག་མེ་ཏོག་ཆུན་པོའི་མཆོད་པ་ཁྱེད་ལ་ཡོད།།

སི་གླུའི་གདངས་དབྱངས་སྙན་མོས་ཁྱེད་ཀྱི་ཕྱོགས་ལ་སྨད།།

 

ཧ་ལས་རིག་པའི་འབྱུང་གནས་མཐོ་འབྲིང་གསུམ་པ་ཉིད།།

ཨ་ཅང་རྒྱལ་པར་འགྱུར་འགྲོའི་རེ་བའི་སྨོན་པ་ཡོད།།

ཧ་སངས་མྱང་ཆུའི་ངོགས་ཀྱི་མ་ཡུམ་སློབ་འབྲིང་ཉིད།།

ཨ་ཧ་མཐོ་འབྲིང་གསུམ་པ་ནམ་ཡང་རྒྱལ་འགྱུར་ཅིག།


 

ལྷག་པ་བསམ་གྲུབ།

གུས་པ་ནི་རྣམ་གླིང་རྫོང་ཆུམ་ཤང་ཉུང་གཞི་གྲོང་ཚོ་ནས་ཡིན།།  དངོས་མིང་ལ་ལྷག་པ་བསམ་གྲུབ།  སྨྱུག་མིང་ལ་ར་སོགས་སྐལ་བཟང་ཕུན་ཚོགས་ཟེར།    དེ་ཡང་གྲོང་མིང་ལ་ར་སོགས་ཟེར་བས་གྲོང་མིང་མིང་གི་མདུན་དུ་བཞག་པ་ཡིན།


༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།      

ཀ་ཁའི་སྒྲ་དབྱངས་སྒྲོག་པའི་མ་ཡུམ་སློབ་གྲྭའི་ནང་།།

ཁ་བའི་བུ་ཕྲུག་བདག་ཅག་ཤེས་རིག་གཤོག་རྩལ་ངོམས།།

ག་ས་གང་དུ་དཔེ་ཀློག་སྒྲ་དབྱངས་ཆུ་མོའི་རྒྱུན།།

ང་ཅག་ཤེས་རིག་སྐྱེད་ཚལ་འདི་ནས་མྱུ་གུ་འབུད།།

 

ཅ་ཅོ་འདུ་འཛི་ཆེ་བའི་གཏམ་འཆལ་ཡང་ཡང་བཤད།།

ཆ་ལུགས་ཀུན་དང་མཐུན་པའི་མ་ཡུམ་སློབ་གྲྭའི་ནང་།།

ཇ་ཆང་སྲེད་པ་སྤངས་ནས་ཤེས་རིག་ཕྱོགས་སུ་རྒྱུག །

ཉ་མོ་ཆུ་ལ་འཁྱུག་འདྲའི་ཤེས་རིག་གླིང་ག་གནས།།

 

ཏ་ཟིག་འདྲ་བའི་མ་ཡུམ་སྐྱེད་མོས་དགའ་ཚལ་འདིར།།

ཐ་མག་དུག་རྟེན་རང་ཉིད་ཕུང་བྱ་གཉེར་བ་སྐྱོ་བའོ།།

ད་ལོའི་དུས་འདིར་མ་ཡུམ་གཡང་འཁྱིམ་ཡང་ཡང་དྲན།།

ན་ཆུང་འདྲ་མཉམ་ཐུག་དུས་རིག་གནས་དམན་པ་དེ་བས་སྐྱོ།།

 

པ་ཏྲའི་རི་མོ་བཀོད་འདྲའི་སློབ་གླིང་འཚོ་བའི་ནང་།།

ཕ་མའི་བསླབ་བྱ་དྲན་ནས་མ་ཡུམ་སློབ་གྲྭ་དྲན།།

བ་མོ་འདྲ་བའི་ཚུལ་མིན་བྱ་སྤྱོད་འདི་ནས་སྤངས།།

མ་བུ་འཕྲད་པའི་དགའ་སྤྲོའི་འཛུམ་གདངས་འདི་ནས་བཞད།།

 

ཙ་རིའི་གནས་བཟང་འདྲ་བའི་མ་ཡུམ་སློབ་གྲྭ་འདི།།

ཚ་གྲང་འགྱུར་བ་ཆུང་བའི་ཤེས་རིག་དགའ་ཚལ་འདི།།

ཛ་དྲག་ཆེ་བའི་དུས་རབས་ཉེར་གཅིག་མ་ཡུམ་སློབ་གྲྭ་འདི།།

ཝ་གློ་བཞིན་དུ་བདག་ཅག་རྣམས་ལ་ཕན་པ་ཆེ།།

 

ཞ་ཆག་མེད་པའི་མ་ཡུམ་བཀྲ་ཤིས་གཡང་འཁྱིམ་ནང།།

ཟ་ལུགས་འགྲོ་ལུགས་སྡོད་ལུགས་ལ་སོགས་ལོ་གསུམ་སྦྱང་།།

འ་ཅག་མ་ཡུམ་ཤེས་རིག་སྐྱེད་མོས་དགའ་ཚལ་འདི།།

ཡ་མ་གཟུགས་ཀྱི་བྱ་སྤྱོད་ཉུང་བའི་གཡང་ཁྱིམ་ཡིན།།

 

ར་ལུག་རྩ་ཆུར་རོལ་འདྲའི་སློབ་བུ་དེབ་ལ་བརྩོན།།

ལ་ལུང་ག་ཚོད་རྒྱབ་ཀྱང་བརྗེད་དུ་མེད་པ་ཁྱོད།།

ཤ་ཀྲད་བཞིན་དུ་མིག་ལ་ཚར་བའི་གཡང་ཁྱིམ་འདིར།།

ས་ཐག་རིང་བའི་ཡུལ་ཕྱོགས་འདི་ནས་ཁྱོད་ལ་བསྟོད།།

 

ཧ་ཧ་མ་ཡུམ་བཀྲ་ཤིས་གཡང་ཁྱིམ་འདི་ཡི་ནང་།།

ཧ་ཅང་ལེགས་པའི་བསྟོད་ཚིག་འབུལ་དགོས་བསམ་ན་ཡང་།།

ཨ་གསར་ཆེ་བའི་བུ་ཆུང་བདག་ནི་རིག་གནས་དམན།།

ཨ་ཙི་ཡང་ཡང་དྲན་བྱུང་མ་ཡུམ་གཡང་ཁྱིམ་ལགས།།

ནོར་བུ་དགྲ་འདུལ།

དངོས་མིང་།   ནོར་བུ་དགྲ་འདུལ།

སྨྱུག་མིང་།    དྲན་པའི་རྨི་ལམ།

ཕ་ཡུལ།   གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་།

དགའ་ཕྱོགས།  ཡིག་གཟུགས་སྦྱང་རྒྱུ་དང་རྩོམ་ཡིག་འབྲི་རྒྱུ།

    གུས་པ་ནི་༢༠༡༦ལོའི་གཞིས་རྩེ་ས་གནས་མཐོ་འབྲིང་གསུམ་པའི་འཛིན་གྲྭ་བཅུ་ཉིས།  དགེ་བའི་བཤེས་གཉེན་དཀོན་མཆོག་ལགས་ཀྱི་ཞབས་དྲུང་ནས་སློབ་མཐར་ཕྱིན་ཅིང་ད་ལྟ་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོར་ཡུལ་སྐོར་དོ་དམ་ཆེད་ལས་ཀྱི་སློབ་གཉེར་བྱེད་བཞིན་མཆིས།  སླད་རྒྱ་ཆེའི་ཀློག་པ་པོ་རྣམས་དང་རྡོ་རྗེའི་སྤུན་གྲོགས་ཡོངས་ནས་དཔྱད་བརྗོད་གང་མང་ཡོང་བའི་རེ་བ་དང་བཅས་པ་དགེའོ།།


༄༅། །མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་བཀྲ་ཤིས་གཡང་འཁྱིལ།      

རབ་དཀར་གངས་རིའི་ལྗོངས་ཀྱི་ཞིང་ཁམས་སུ། །

རབ་མཛེས་གཙང་གི་གྲོང་ཁྱེར་གཞིས་རྩེ་རུ། །

མཛེས་སྡུག་མཐོ་འབྲིང་གསུམ་པ་ཉམས་རེ་བརྗིད། །

མཛེས་ལྡན་མ་ཡུམ་སློབ་གྲྭ་བཀྲ་རེ་ཤིས། །

 

ལང་ཚོའི་དམར་མདངས་ཞོགས་པའི་མཚམས་སྤྲིན་དམར། །

བྱམས་བརྩེའི་སེམས་མདངས་དགུང་གི་ཉིན་བྱེད་དེ། །

གངས་རིའི་ལྗོངས་ཀྱི་གྲང་མུན་རིམ་བཞིན་སེལ། །

མཐོ་འབྲིང་གསུམ་པ་དཔྱིད་ཀྱི་ཁུ་བྱུག་བསྟོད། །

 

ཐུགས་ཀྱི་ཤེས་རབ་དགུང་གི་ཉི་ཟེར་ལ། །

བྱམས་བརྩེའི་ལ་རྒྱ་ཉི་མའི་ཟེར་ལས་དྲོ། །

གངས་རིའི་ལྗོངས་ཀྱི་རྩམ་པའི་བོད་ཕྲུག་ལ། །

རང་གི་བུ་བཞིན་སྐྱོང་བའི་སློབ་དཔོན་བསྟོད། །

 

མེ་ཏོག་རྣམ་པར་བཀྲ་བའི་སློབ་རའི་ནང་། །

རྣམ་དཔྱོད་སྐར་ཚོགས་འགྲན་པའི་སློབ་བུ་ཁྱུས། །

སྒོ་གསུམ་དྲི་མས་མ་སྦག་ཁ་བ་བཞིན། །

ཤེས་རིག་སྦྲང་རྩི་ལེན་པའི་ཚུལ་འདི་བསྟོད། །

 

ཉེར་གཅིག་དུས་ཀྱི་ཚ་རླབས་གློག་གི་འཕྲུལ། །

འགྲན་རྩོད་ཡར་ཆབ་སྔོན་མོའི་དཔལ་གྱི་རླབས། །

ཀ་ཁའི་བུ་ཆུང་དུས་ཀྱི་དམག་ཐབས་བསྒྲིག །

གངས་རིའི་བདག་པོ་སྐྱོངས་བའི་མ་ཡུམ་བསྟོད། །

 

བསྟོད་པའི་གླུ་དབྱངས་གངས་རིའི་ལྗོངས་ནས་གྱེར། །

བཀྲ་ཤིས་མཆོད་པ་མ་ཡུམ་མཆོག་ལ་འབུལ། །

བཀྲ་ཤིས་ཁ་གཡང་འཛམ་གླིང་ཡང་རྩེར་གྱེར། །

བསྟོད་པའི་སྙན་ངག་མཐོ་འབྲིང་གསུམ་པར་འབུལ། །

 

པིར་གྱི་རྩེ་ལས་འཐེན་པའི་སྙན་རྩོམ་འདི། །

མ་ཡུམ་སློབ་གྲྭར་ཕུལ་བའི་བསྟོད་ཚིག་ཡིན། །

ཤེས་རིག་དབྱར་མཚོ་རྒྱས་པའི་བཀྲ་ཤིས་དང་། །

མ་ཡུམ་མཚན་སྙན་དར་བའི་བཀྲ་ཤིས་ཤོག །


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-23 03:18 , Processed in 0.309980 second(s), 21 queries .

返回顶部