爱在路上 http://blog.tibetcul.com/?103073 [收藏] [复制] [分享] [RSS] བསམ་བློ་ཡག་ས་ནས་གཏོང་བ། གྲ་སྒྲིག་སྡུག་ས་ནས་བྱེད་པ།Think for the best, prepare for wors ...

日志

谷川俊太郎詩五首(藏文版) 本人译作--

热度 1已有 488 次阅读2014-5-28 21:43 |系统分类:文学| 文巴加

                                                            ཐ་ནེ་ཁ་བ་ཤོན་ཐ་རོའི་སྙན་ངག་ཁག་ལྔ།
                                                ཐ་ནེ་ཁ་བ་ཤོན་ཐ་རོ།


ལོ་ཙཱ་བའི་ཉེ་བའི་པར།

           འཚོ་གཞེས།

འཚོ་བཞིན་པ་ཟེར་བ་ནི
ད་ལྟ་འཚོ་གཞེས་གནང་བ་དེ་ཡིན་ལ
དེ་ནི་ཁ་སྐོམ་པས་གདུང་བ་དང
ལྗོན་པའི་ཡལ་གའི་གསེབ་ནས་ཟགས་པའི་ཉི་ཐིག་དེ་མིག་ལ་འཚེར་བ
འགྱུར་ཁུག་སྙན་མོ་ཞིག་ཐོལ་གྱིས་དྲན་ཡོང་བ 
ཧབ་སྦྲིད་རྒྱག་པ
ཁྱོད་དང་ལག་རྡང་སྦྲེལ་བའོ

འཚོ་བཞིན་པ་ཟེར་བ་ནི
ད་ལྟ་འཚོ་གཞེས་གནང་བ་དེ་ཡིན་ལ
དེ་ནི་སྨད་ཤམ་ཐུང་ཐུང
དེ་ནི་གནམ་རིག་ཁང
དེ་ནི་ལྗོན· སུ་ཏོ་ར་བོ་སི
དེ་ནི་ཕེ་ཁ་སོ
དེ་ནི་ཨར་བྷུ་སི
མཛེས་སྡུག་ཡིད་འོང་གི་སྣོད་བཅུད་ཡོད་དོ་ཅོག་ལ་འཕྲད་པ
ད་དུང་
ལྟུང་བ་ཕྲ་མོ་ཙམ་ལའང་འཛེམ་ཞིང་དེ་སྤངས་པའོ

འཚོ་བཞིན་པ་ཟེར་བ་ནི
ད་ལྟ་འཚོ་གཞེས་གནང་བ་དེ་ཡིན་ལ
ངུ་ཆོག་པ
གད་མོ་དགོད་ཐུབ་པ
ཁོང་ཁྲོ་ལངས་པ
རང་དབང་ཡིན་པའོ

འཚོ་བཞིན་པ་ཟེར་བ་ནི
ད་ལྟ་འཚོ་ཞིང་གཞེས་པ་དེ་ཡིན
ད་ལྟ་རྒྱང་རིང་ནས་ཁྱིས་ཟུག་སྐད་འབྱིན་པ་དེ་ཡིན
ད་ལྟ་སའི་གོ་ལས་སྐོར་བ་རྒྱག་པ་དང
ད་ལྟ་གནས་ག་གེ་མོ་ཞིག་ཏུ་ཚེ་སྲོག་གསར་བ་ཞིག་གི་ངུ་སྐད་ཐོས་པ
ད་ལྟ་ས་ཆ་ག་གེ་མོར་དམག་མི་ཞིག་ལ་རྨས་སྐྱོན་ཕོག་པ
ད་ལྟ་རྩེད་བཞིན་པའི་ཐག་གདང་གི་གཡོ་འགུལ 
ད་ལྟ་སྐད་ཅིག་སྐད་ཅིག་ལ་བཞུར་བཞིན་པའི་ད་ལྟ་དེ་ཡིན

འཚོ་བཞིན་པ་ཟེར་བ་ནི
ད་ལྟ་འཚོ་ཞིང་གཞེས་པ་དེ་ཡིན
བྱ་ཡིས་གཤོག་རྩལ་ངོམ་པ་དང
རྒྱ་མཚོས་རླབས་སྒྲ་སྒྲོག་པ
སེ་ནེལ་གོག་ནས་འགྲོ་བ
མི་དག་ཕན་ཚུན་བརྩེ་ཞིང་དུངས་པ
ཁྱོད་ཀྱི་ལག་པའི་དྲོད་འཁོལ
ཚེ་སྲོག་གི་རྒྱུན་དེ་ཡིན་ནོ།།
 
མཆན།

ལྗོན・སུ་ཏོ་ར་བོ་སི(Johann Strauß) དུས་རབས19བའི་ནང་འོ་ཐི་ཏེ་ལེ་རྒྱལ་ཁབ་ཏུ་བྱུང་བའི་གཞས་གདངས་རྩོམ་མཁན་གྲགས་ཅན་གསུམ་གྱི་མིང་།

②ཕེ་ཁ་སོ(Pablo Picasso)1881ལོའི་ཟླ10བའི་ཚེས25ཉིན་སི་པན་རྒྱལ་ཁབ་ཀྱི་མ་ར་རྒ་ཟེར་བའི་ས་ཆ་ཞིག་ཏུ་སྐྱེས།  1973ལོའི་ཟླ 4 བའི་ཚེས8ཉིན་སྐུ་ཚེ་འཕེན་པ་རྫོགས། རྒྱལ་ཁོངས་ཧྤ་རན་སི་ཡིན་ལ། མིང་དུ་གྲགས་པའི་རི་མོ་བ། པར་བཤུ་བ། བརྐོས་རིས་པ་ཞིག་ཡིན།  

③སེ་ནེལ་ནི། འབུ་ཞིག་གི་མིང་། རྒྱ་སྐད་དུ
蝸牛ཟེར།  

          མཁའ་དབྱིངས་སུ་བྱིའུ་མི་འཕུར་བའི་ཉིན་མོ།

ནགས་སུ་གཅན་གཟན་གྱིས་སྟོང་པའི་ཉིན་མོར
ནགས་ཀྱི་དབུགས་ཀྱི་རྒྱུ་བ་ཡོངས་སུ་འགག་སོང
ནགས་སུ་གཅན་གཟན་གྱིས་སྟོང་པའི་ཉིན་མོར
མི་རྣམས་ནི་ལམ་ཁ་གཏད་ནས་ཡོང

མཚོ་རུ་ཉ་མོ་མི་འཁོར་བའི་ཉིན་མོར
མཚོ་མོ་འཁྱོམས་ཏེ་རླབས་སྒྲ་སྒྲོག 
མཚོ་རུ་ཉ་མོ་མི་འཁོར་བའི་ཉིན་མོར
མི་རྣམས་ནི་གྲུ་ཁ་བཟོས་ནས་ཡོང

སྲང་ལམ་ན་བྱིས་པ་མེད་པའི་ཉིན་དེར
སྲང་ལམ་གྱི་ཟིང་ཆ་སྔར་ལས་ཆེ  

སྲང་ལམ་ན་བྱིས་པ་མེད་པའི་ཉིན་དེར
མི་རྣམས་ནི་སྤྱི་གླིང་བརྩིགས་ནས་ཡོང

མི་རྣམས་ཀྱིས་རང་ཉིད་བོར་བའི་ཉིན་དེར 
མི་དག་ཕན་ཚུན་ཁྱད་པར་མེད་པ་འདྲ
མི་རྣམས་ཀྱིས་རང་ཉིད་བོར་བའི་ཉིན་དེར
མི་དག་འབྱུང་འགྱུར་བསམ་བཞིན་ཡོང

མཁའ་དབྱིངས་སུ་བྱིའུ་མི་འཕུར་བའི་ཉིན་མོར
ནམ་མཁའ་ཁ་རོག་གེར་ངུས་བྱུང
མཁའ་དབྱིངས་སུ་བྱིའུ་མི་འཕུར་བའི་ཉིན་མོར
མི་རྣམས་ནི་དམིགས་པ་མེད་པར་གཞས་བཏང་ནས་ཡོང་།།


          དཔྱིད་ཀ་ཡལ་ནས་འགྲོ་དུས།

ང་ནི་འཚོ་གཞེས་ལ་ཞེན་ནས་ཡོང་བ་ཡིན
སྔོན་དུ་གཉིད་རོགས   བྱིའུ་ཚོགས་ཡ
ང་ནི་འཚོ་གཞེས་ལ་ཞེན་ནས་ཡོང་བ་ཡིན

རྒྱུ་མཚན་ནི་རྒྱང་རིང་ན་ང་ལ་གཡབ་མོ་བྱེད་མཁན་ཞིག་ཡོད
ང་ནི་སྐྱོ་གདུང་ལ་དུང་བཞིན་ཡོང་བ་ཡིན 
གཉིད་རོགས་གནོངས་དང     བྱིས་པའི་ཚོགས་ཡ 
ང་ནི་སྐྱོ་གདུང་ལ་དུང་བཞིན་ཡོང་བ་ཡིན

ང་ནི་བགད་དེ་འདུག་རྒྱུར་དགའ་ནས་ཡོང་བ་ཡིན 
རྙིང་ནས་ཧྲལ་པའི་ལྷམ་ཆུང་ནང་བཞིན 
ང་ནི་རེ་ཞིང་སྒུག་པར་དགའ་ནས་ཡོང་བ་ཡིན
ཡར་སྔོན་གྱི་ཐོ་ཡོར་ནང་བཞིན 

སྒེའུ་ཁུང་ཕྱེ་ནས་འཇོག་རོགས   དེ་ནས་སྐད་ཆ་ཚིག་གཅིག་སྟེ
སུ་ཞིག་གིས་སྐད་ཅོར་རྒྱག་བཞིན་པ་དེར་ང་ལ་མཉན་དུ་འཇུག་རོགས
རེད་དེ
རྒྱུ་མཚན་ནི་ང་རང་ཁོང་ཁྲོ་ལངས་རྒྱུར་དགའ་ནས་ཡོང་བ་ཡིན

གཉིད་དུ་ཡུར་ཅིག   བྱིའུ་ཚོགས
ང་རང་འཚོ་གཞེས་ལ་དགའ་ནས་ཡོང་བ་ཡིན
ང་ནི་ང་སྟེ      ཞོགས་པར     གདོང་བཀྲུ་བཤལ་གཏོང་བར་ཡང་དགའོ།།
                           
              
           ངས་གཞས་གཏང་དགོས་དོན། 

ངས་གཞས་གཏང་དགོས་དོན་གང་ཡིན་ཞེ་ན
བྱི་ལ་ཆུང་ཆུང་ཞིག་སྟེ
ཆར་གྱིས་བརླན་ཏེ་ཤི་སོང་བའི
བྱི་ལ་ཆུང་ཆུང་ཞིག་གི་ཕྱིར་དུའོ

ངས་གཞས་གཏང་དགོས་དོན་གང་ཡིན་ཞེ་ན
ཤིང་སྡོང་རྐང་གཅིག་སྟེ
རྩ་བ་རུལ་ཏེ་སྐམ་ནས་འགྲོ་བའི
ཤིང་སྡོང་རྐང་གཅིག་གི་ཕྱིར་དུའོ

ངས་གཞས་གཏང་དགོས་དོན་གང་ཡིན་ཞེ་ན 
བྱིས་པ་ཞིག་སྟེ
ཧ་ལས་ཤིང་ཧོན་འཐོར་ཏེ་བསྡད་ཡོད་པའི
བྱིས་པ་ཞིག་གི་ཕྱིར་དུའོ 

ངས་གཞས་གཏང་དགོས་དོན་གང་ཡིན་ཞེ་ན
སྐྱེས་པ་ཞིག་སྟེ 
ཙོག་པུར་བསྡད་དེ་ཡར་མར་ལ་ལྟ་བའི
སྐྱེས་པ་ཞིག་གི་ཕྱིར་དུའོ 

ངས་གཞས་གཏང་དགོས་དོན་གང་ཡིན་ཞེ་ན 
མིག་ཆུ་རྡོག་གཅིག་སྟེ
བློ་འགྱོད་དང་སེམས་འཚིག་པའི
མིག་ཆུ་རྡོག་གཅིག་གི་ཕྱིར་དུའོ། །

           ཟླ་བཞི་བ་བདུན། 
  
ཟླ་བཞི་བར་ང་ནི་སློབ་གྲྭར་སོང
ཟླ་བཞི་བར་མེ་ཏོག་གང་ཞིག་བཞད་པ་ངས་མི་ཤེས
ཟླ་བཞི་བར་ང་ནི་སློབ་གྲྭར་སོང
དོར་མ་ལུག་ལུག་ཐུང་ཐུང་ཞིག་གྱོན

ཟླ་བཞི་བར་ང་རང་གཞན་གྱི་གཡོག་མོར་བརྫངས
ཟླ་བཞི་བར་མེ་ཏོག་གང་ཞིག་བཞད་པ་ངས་མི་ཤེས
ཟླ་བཞི་བར་ང་རང་གཞན་གྱི་གཡོག་མོར་བརྫངས
རས་ཐུམ་ཞིག་གི་ཁུད་དུ་བཅུད་དེ

ཟླ་བཞི་བར་མི་གཞན་གྱིས་ང་ལ་གཉེན་བསླངས
ཟླ་བཞི་བར་མེ་ཏོག་གང་ཞིག་བཞད་པ་ངས་མི་ཤེས
ཟླ་བཞི་བར་མི་གཞན་གྱིས་ང་ལ་གཉེན་བསླངས
ཙི་གུ་ལངས་ནས་ཁོང་དགོད་ཤོར་སོང

ཟླ་བཞི་བར་ང་རང་མ་ཞིག་ཏུ་གྱུར
བྱིས་པའི་ཁ་འབྲས་ཤིན་ཏུ་མཚར 

ཟླ་བཞི་བར་ང་རང་ཡུགས་མོར་གྱུར
ཟླ་བཞི་བར་མེ་ཏོག་གང་ཞིག་བཞད་པ་ངས་མི་ཤེས
ཟླ་བཞི་བར་ང་རང་ཡུགས་མོར་གྱུར
ངོ་ལ་གཉེར་མ་བཞི་བཅུ་ཞེ་བརྒྱད་བབས  

ཟླ་བཞི་བར་ང་ལ་ཚ་བོ་དྲུག་སྐྱེས
ཟླ་བཞི་བར་མེ་ཏོག་གང་ཞིག་བཞད་པ་ངས་མི་ཤེས
ཟླ་བཞི་བར་ང་ལ་ཚ་བོ་དྲུག་སྐྱེས
དེའི་ཁར་ཁྱི་གུ་དྲུག་ཡོད

ཟླ་བཞི་བར་ང་ནི་གཞི་ནས་ཤི་དགོས་བྱུང  
ཟླ་བཞི་བར་མེ་ཏོག་གང་ཞིག་བཞད་པ་ངས་མི་ཤེས
ཟླ་བཞི་བར་ང་ནི་གཞི་ནས་ཤི་དགོས་བྱུང 
ཤཱཀྱ་ཐུབ་པའི་འཁྲིས་སུ་བསྡད་དེ་བལྟས་ཚེ 
མི་ཡུལ་ན་མེ་ཏོག་ས་ཁུའུ་ར་རྣམ་པར་བཞད་འདུག །

མཆན།
ས་ཁུའུ་ར། 
མེ་ཏོག་ཞིག་གི་མིང་། རྒྱ་སྐད་དུ樱花 ཟེར། ཉི་ཧོང་དུ་མེ་ཏོག་དེ་སྐད་གྲགས་ཆེ།
                                                                                
            (བུམ་པ་རྒྱལ་གྱིས་ཉི་ཧོང་གི་ཡི་གེ་ལས་བསྒྱུར)

发表评论 评论 (2 个评论)

回复 黑颈鹤 2014-5-29 12:02
རྩོམ་ཡིག་ཡག་པོ་རེད། འདི་འདྲ་ངོ་སྤྲོད་བྱས་པ་ན་ང་རྒྱལ་ཅན་ཚོས་མགོ་བོ་ན།
回复 爱在路上 2014-5-31 08:46
黑颈鹤: རྩོམ་ཡིག་ཡག་པོ་རེད། འདི་འདྲ་ངོ་སྤྲོད་བྱས་པ་ན་ང་རྒྱལ་ཅན་ཚོས་མགོ་བོ་ན། ...
ཧ་ཧ།  

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-15 03:39 , Processed in 0.048570 second(s), 21 queries .

返回顶部