日志

གད་ཕྱག་ཨ་ཅག་དང་བསང་འཚོང་རྒད་པོ། ...

已有 526 次阅读2017-5-26 17:18 |系统分类:见闻

རྩེ་བའི་ཁྱེད་ཅག་ཚོ། འདུ་འཛི་ཆེ་བའི་ལྷ་ལྡན་གྲོང་ནས་ངས་རང་ཉིད་ཀྱི་མཐོང་ལམ་དུ་གྱུར་པའི་གནས་ཚུལ་དེ་ཁྱེད་ཚོར་ཕུལ་འདོདཅིང་སྐབས་དེའི་བདག་གི་ནང་སེམས་ཀྱི་ཚོར་བ་ཡང་སྦ་གསང་སྤུ་ཙམ་མེད་པར་ཁྱེད་ཚོའི་སྤྱན་ལམ་དུ་བཀྲམས་འདོད།  གད་ཕྱག་ཨ་ཅག་དང་བསང་འཚོང་རྒད་པོའི་འཚོ་ཐབས་ལ་འབད་པའི་གནས་ཚུལ་དེ་ཁྱེད་ཅག་གི་གཟིགས་ན། ཏནཏན་ང་དང་འདྲ་བར་ནང་སེམས་སུ་ཡོམ་འགུལ་ཞིག་ཐེབས་ངེས། 

                                        གད་ཕྱག་ཨ་ཅག་དང་བསང་འཚོང་རྒད་པོ།

                                                     ༡

    དུས་རྒྱུན་ལྟར་རྭ་མོ་ཆེ་གཙུག་ལག་ཁང་ཕྱོགས་སུ་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ནི་སྔར་མུས་བཞིན་འཚང་ཁ་ཧ་ཅང་ཆེ། ཉིན་ལྟར་ཁོ་བོ་ཡང་ཞགས་བཟས་ཐན་ཐུན་ཅིག་ལ་རོལ་རྗེས། རྭ་མོ་ཆེ་ཕྱོགས་སུ་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་བསྡད་དེ་ལས་ཀར་བསྐྱོད་ཀྱི་ཡོད། རེས་གཟའ་ཕུར་བུའི་ཉིན་ཁོ་བོ་དུས་རྒྱུན་དང་འདྲ་བར་སྤྱི་སྤྱོད་རངས་འཁོར་ནང་བསྡད་དེ་ལས་ཀར་བསྐྱོད་འགོ་བརྩམས། དེ་ཉིན་དུས་རྒྱུན་དང་བསྡུར་ན་འཚང་ཁ་སྔར་ལས་ཆེ་བ་འདུག ཁོ་བོས་དངུལ་བླུགས་རྗེས་འཚང་ཁའི་ཁྲོད་རླངས་འཁོར་གྱི་རྒྱབ་ཏུ་སོང་ཏེ་རྐང་པ་འཇོག་སའི་ས་ཆ་ཕྲན་བུ་བཙལ་ཏེ་ལངས་ནས་བསྡད་པ་ཡིན། ཕྱི་རོལ་གྱི་འདུ་འཛི་དང་རླངས་འཁོར་ནང་གི་འཚང་ཁའི་ཁྲོད་ཁོ་བོས་ཉིན་གསར་ཞིག་བསུ་བའི་གོ་ཆ་སྤྲད་དེ་དུས་སྟོང་བཟད་དུ་མ་གཏོང་བའི་དམ་བཅའ་ཞིག་ཁོག་སྙིང་རུ་སྦས་ནས་གླུ་ཆུང་རེ་ཉན་འགོ་བརྩམས། རླངས་འཁོར་དལ་བ་དལ་བུར་བསྐྱོད་ཅིང་རླང་འཁོར་ནང་གླིང་འཁོར་དང་རྩེ་འཁོར་དུ་བསྐྱོད་མཁན་སྤོ་བོ་རྨོ་བོ་དག་ཕྲེང་བ་བསྐོར་ཞོར་ཁ་ནས་མ་ནི་རེ་འདོན་པ་དང་ཞོར་ལས་འགྲོ་མཁན་གཞོན་པ་དག་ཐོབ་ཆ་ལེགས་པོ་ཡོང་བའི་རེ་བའི་མིག་ཟུང་རེ་འཆང་ཞིང་། བལྟས་ཚོད་ཀྱི་ལས་བྱེད་ཡིན་པ་དག་ཁ་པར་ལ་རྩེད་མོ་རྩེ་བཞིན་རྒྱལ་ནང་གི་གསར་འགྱུར་འགའ་བལྟ་གིན་འདུག གནས་མཇལ་ཡོང་བའི་ཨ་མདོ་བའི་མི་འགའ་ཕྱི་རོལ་དུ་ཕར་བལྟ་ཚུར་བལྟ་བྱེད་བཞིན་འདུག ཕལ་ཆེར་ཁོང་ཚོའི་ནང་སེམས་ཀྱི་ལྷ་ས་དང་ད་ལྟའི་མིག་མདུན་གྱི་ལྷ་ས་བསྡུར་བ་བྱ་གིན་ཡོད་ཤས་ཆེ། དེ་དག་མཐོང་ཤོར་ཕོ་ལོ་ཉི་ཤུའི་སཐེམ་སྐས་འཛེགས་པའི་ཁོ་བོས་མིའི་མེ་ཚེ་དང་འབྱོར་ཕྱུག ལས་དབང་སོགས་དང་འབྲེལ་བའི་འཁོར་བའི་ལས་བྱས་དུ་མར་བསམ་གཞིགས་མང་པོ་ཞིག་འཁོར་བྱུང་། ཁོ་བོ་བསམ་གཞིགས་རྒྱ་རུ་ཚུད་ནས་རླངས་འཁོར་གང་དུ་འབྱོར་མིན་ཡང་སྣང་འཇོག་མ་བྱུང་། སྤྱི་སྤྱོད་རླངས་འཁོར་གྱི་རྭ་མོ་ཆེའི་འབབ་ཚུགས་སུ་སླེབས་སོང་ཞེས་པའི་དྲིལ་བརྡས་ད་གཟོད་ཁོ་བོ་བསམ་གཞིགས་ཀློང་ནས་འཐེན་བྱུང་། ཁོ་བོས་རྐང་པ་བརྡབ་ཙམ་བྱས་ཏེ་མགྱོགས་མྱུར་ངང་རླངས་འཁོར་ནས་འབབ་པ་ཡིན།

                                                                                                                                                                               ༢

      ཞོགས་པའི་ཉི་ཟེར་རི་མགོ་ནས་མ་ཐོན་པས་ཕྱི་རོལ་གྱི་གནམ་གཤིས་ཧ་ཅང་གྲང་མོ་འདུག ཁོ་བོས་ལམ་ཟུར་ནས་ས་ཆ་ཞིག་བཙལ་ཏེ་ཞོགས་པའི་ཉི་ཟེར་སྒུག་ཞོར་ཐ་མག་རྐང་གཅིག་ལ་མེ་བསྒྲོན་པ་ཡིན།  ཕྱི་རོལ་གྱི་གནམ་གཤིས་གྲང་ཡང་ལམ་གྱི་གཡས་གཡོན་གཉིས་ལ་མི་མང་པོ་ཕར་འགྲོ་ཚུར་འོང་བྱ་བཞིན་འདུག  དེའི་ཁྲོད་མང་ཆེ་བ་ནི་ཆོས་མཇལ་ལ་བསྐྱོད་མཁན་གྱི་ལྷ་སའི་སྤོ་ལགས་རྨོ་ལགས་རེད་འདུག རེས་གཟའ་ལྷག་པ་་ཡིན་རྐྱེན་ལྷ་བསང་ཕུལ་བར་འགྲོ་མཁན་དུས་རྒྱུན་ལས་ལྡབ་གྱི་མང་བ་ཞིག་འདུག ཁོ་བོ་དང་མི་རིང་བའི་སར་མི་མང་པོ་རུབ་འདུག ཁོ་བོས་ཡ་མཚར་གྱི་སེམས་པར་ཨ་ལན་སྟེར་ཆེད་མི་ཚོགས་གམ་དུ་ཕྱིན་པ་ཡིན། འོ.......དེ་ན་བསང་འཚོང་རྒད་པོ་ཞིག་བྲེལ་ཟུང་ངང་བསྡད་འདུག རྒད་པོ་དེར་བལྟས་ན་ཕལ་ཆེར་དགུང་ལོ་ལྔ་བཅུ་ཡན་ཡིན་ཚོད་གདའ། ཁོ་པའི་ངོ་མདོང་ཡོངས་སུ་སྨ་རས་ཁེངས་ཞིང་ངོ་མདོག་སྨུག་ནག་གི་སྟེང་གཉེར་མའི་གྲོག་ཤུར་མང་པོ་འཐེན་འདུག་ཅིང་།   ལུས་ཀྱི་གྱོན་པ་དྲེག་པ་མང་ལ་སྟོད་གོས་སྟེང་ལ་འཚིམ་པ་རྒྱབ་པའི་ཤུལ་མཐོང་རྒྱུ་འདུག  བསམ་བསམ་ན་རྒད་པོ་དེ་ཡང་གཞོན་པའི་དུས་ཡར་ལི་ཤ་དར་གྱི་ཕོ་གསར་རྗིག་པོ་ཞིག་ཡིན་ངེས། ཡིན་ཡང་འཚོ་ཐབས་ཀྱི་ཆེད་མི་ལོ་དུ་མ་དཀའ་ལས་རྒྱབ་པའི་རྐྱེན་གྱིས་ཁོ་པའི་ལུས་ཡོངས་ལ་ལོ་ཟླ་དང་འཚོ་བའི་དཀའ་སྡུག་གི་བཞག་པའི་རྨ་རྗེས་རིག་རྒྱུ་འདུག  ཁོ་པར་ཏན་ཏན་སློབ་གྲྭར་བསྐྱོད་མཁན་གྱི་ཕྲུ་གུའམ་ཡང་ན་ཁྱིམ་ནང་རེ་བ་བཅོལ་མཁན་གྱི་བཟའ་མི་ཏན་ཏན་ཡོད་ངེས། ཁོ་པའི་གམ་དུ་ལྕགས་རྟ་ཞིག་བཞག་འདུག་ཅིང་ལྕགས་རྟའི་སྟེང་འདམ་འབག་མང་པོ་བགོས་འདུག་ལ་ཁོ་པའི་རྐང་པའི་སྟེང་དུ་ཡང་རས་མང་པོ་བཀྲིས་འདུག རྒད་པོ་ཏན་ཏན་ལྷ་སའི་ཉེ་འདབས་ཀྱི་གྲོང་ཚོ་གང་རུང་ནས་ནམ་མ་ལངས་གོང་དེར་ཡོང་བ་འདྲ། རྒད་པོས་བསང་ཕོར་པ་རེ་རེ་གཅིག་མཐུད་གཉིས་མཐུད་ངང་འཚོང་བ་དང་དྲེག་པ་ཆགས་པའི་དངུལ་ཁུག་ནང་དངུལ་སིལ་མ་ཡང་སེ་བླུགས་ཀྱིན་འདུག རེ་གཟའ་ལྷག་པར་ལྷ་བསང་གཏོང་བར་ཡོང་མཁན་གྱི་མི་ཚོགས་ནི་སྔར་ལས་མང་། ལྷ་སའི་རྨོ་བོ་རེ་རླངས་འཁོར་ནས་འབབ་སྐབས་རྒད་པོས་རེ་བའི་མིག་ཟུང་དེ་རུ་ཅེར་ཞིང་ངོ་མདོང་ཐོག་ཏུ་འཇུམ་མདངས་མངོན་གསལ་འདོད་པོ་མེད་པ་ཞིག་ཀྱང་འཕྱུང་གིན་འདུག  རེས་གཟའ་ཕུར་བུ་ནི་རྒད་པོར་མཚོན་ན་རེ་བས་ཁེངས་བའི་ཉིན་ཞིག་རེད་འདུག ཁོ་བོས་རྒད་པོའི་འགྲམ་དུ་གྲག་ཅ་ཅི་ཡང་མེད་པར་འཁོར་བ་འདིར་སྐྱེས་སྟངས་འདྲ་ཡང་འཚོ་སྟངས་མི་འདྲ་བསམ་བཞིན་རྒད་པོའི་རྒྱབ་ཏུ་ཡིབས་པའི་རེ་བའི་མིག་ཟུང་ཐོག་མཁན་དང་འཛུམ་མདངས་འཕྱུར་མཁན་བཟའ་མི་བུ་ཕྲུག་ལ་བློས་བླངས་བྱས་ཤོར། རྭ་མོ་ཆེ་ཕྱོགས་སུ་ཁ་ཕྱོགས་ཏེ་ནང་སེམས་ནས་རྒད་པོའི་བསང་མང་ཙམ་འཚོང་ཐུབ་རྒྱུའི་སྨོན་ལམ་རྒྱབ་པ་ཡིན།

                                                                                                                                                                      

  ཞོགས་པའི་ཉེ་ཟེར་གསེར་འོད་བཞིན་དལ་བ་དལ་བུར་ལྷ་ལྡན་གྲོང་ཁྱེར་གྱི་གྲུ་ཟུར་ཚང་མར་ཁྱབ་ཅིང་ལམ་སྟེང་དུ་ལས་ཀར་བསྐྱོད་མཁན་རླངས་འཁོར་ཡང་ཇེ་མང་དུ་སོང་འདུག  ལམ་འགྲམ་གྱི་མི་ཚོགས་ཁྲོད་གད་ཕྱག་མཁན་གྱི་ཨ་ཅག་ཞིག་གི་རྒྱབ་གཟུགས་ཡང་ཁོ་པའི་མིག་ལམ་དུ་ཤར་བྱུང་། ཐ་མག་འཐེན་ཞོར་གད་ཕྱག་མཁན་ཨ་ཅག་ང་དང་ཐག་ཇེ་ཉེ་ཇེ་ཉེར་འགྲོ་གི་འདུག མི་རིང་བར་ཁོ་མོ་ཁོ་བོའི་འགྲམ་དུ་བཅར་ཅིང་ཕྱག་མ་གཡུགས་ཏེ་ལམ་འགྲམ་གྱི་གད་སྙིགས་དང་སྣ་ལུད། ཐ་མག་འཐེན་རོ་སོགས་བཙང་མར་ཕྱག་འདུག  ཕྱག་ཟིན་པའི་ལམ་ཉི་ཟེར་ཁྲོད་མཛེས་སྡུག་ལྡན་པ་ཞིག་ཆགས་འདུག ཁོ་བོས་ངལ་རྩོལ་མི་བུ་དེ་འདྲ་ངོ་མ་རླབས་ཆེན་རེད་འདུག་པའི་ཚིག་ཚོགས་མང་པོ་རང་གིས་རང་ལ་ཅིག་ལབ་རྒྱབ་ཅིང་རྗེས་མར་གད་སྙིགས་གང་བྱུང་མི་དབྱུག་པའི་དམ་བཅའ་བཞག ཨ་ཅག་ལ་ཉེ་བར་བལྟ་སྐབས་ཁོ་མོར་ངོ་མདོང་སྙིང་རྗེ་མོ་ཞིག་དང་དྭངས་གཙང་ཆུ་མིག་ལྟ་བུའི་མིག་ཟུང་ཞིག་འདུག ཡིན་ཡང་དུས་བཞིའི་ཆར་སེར་ཙག་རླུང་ཁྲོད་ཁོ་མོའི་ངོ་མདོང་སྨུག་ནག་ཆགས་འདུག་ལ་མཆུ་ཏོ་ཡང་སེར་ག་རྒས་འདུག  ཁོ་མོར་ལང་ཚོ་ངོམས་རིན་ཆོག་པ་ཞིག་ཡོད་ཀྱང་ལང་ཚོ་འཚོ་ཐབས་ཀྱིས་བྲན་དུ་བཀོལ་འདུག   ཁོ་མོས་ལང་ཚོ་ལམ་ཕྲན་དེའི་ཐོག་སྤྱད་དོན་ཕ་ཡུལ་དུ་ཡོད་པའི་ཕ་མར་དངུལ་ལོར་ཕྲན་བུ་བསྐུར་ཐུབ་ཆེད་ཡིན་ངེས།  ཁོ་མའི་ལག་ཐོག་གི་ཕྱག་མ་དེ་ཁོ་མོའི་ཕ་མར་མཚོན་ན་འཇིག་རྟེན་འདིའི་ལྷ་འདྲེ་བཏུལ་ཆེད་ཀྱིས་རལ་གྲི་ཞིག་ཏན་ཏན་ཡིན་ངེས། ཁོ་མོས་གཡས་གཡོན་གྱི་ལམ་ཕྱག་གིན་བསང་འཚོང་རྒད་པོའི་འགྲམ་དུ་ཕྱིན་སོང་། བསང་ཉོ་མཁན་མང་བས་བྲེལ་ཟིང་ཁྲོད་རྒད་པོའི་གཡས་གཡོན་དུ་བསང་འཚོང་སྐབས་གཟར་བའི་ལོ་མས་ཁེངས་འདུག ད་གཟོད་ངས་ཨ་ཅག་དེ་རུ་འགྲོ་བའི་རྒྱུ་མཚན་ཤེས་ཚོར་བྱུང་། ཨ་ཅག་གི་རྒད་པོ་དེར་བརྗོད་པར།  ང་ཚོར་བསམ་བློ་ཏིག་ཙམ་བཏང་རོགས། ང་ཚོ་ཡང་ལས་སླ་པོ་མིན་འདུག ད་གིན་ཐེངས་མ་གཅིག་ཕྱག་ཟིན། ཡང་གད་སྙིགས་བཟོས་འདུག  གཙང་སྦྲ་ཞིབ་བཤེར་བྱེད་མཁན་གྱི་གད་སྙིགས་མཐོང་ན་ང་ཚོར་ཆད་དངུལ་བཏང་གི་རེད། ང་མ་གཞི་ནས་གླ་མཐོ་པོ་མེད་ཅེས་ལབ།  རྒད་པོས་ལག་གི་བསང་ཕོར་པ་གང་དེ་འཇོག་ཤོར་གནས་བཟོད་མི་བདེ་བར་བཤད་པར།  དགོངས་པ་མ་ཚོམ། ངས་ད་ལྟ་ལམ་སེང་ཕྱག་ཅོག  ངར་དངུལ་གསག་པའི་གོ་སྐབས་དེ་རིང་མ་གཏོགས་མེད། ཁྱེད་ཀྱིས་བསམ་ཤེས་གནང་རོགས་ཅེས་བརྗོད་སོང་།  ཁོང་གཉིས་ཀྱིས་སྐད་ཆ་ཐོས་དུས། ཁོ་བོའོ་སེམས་པ་འགལ་ཟླ་འགྱུར་ཅིང་རེས་གཟའ་ལྷག་པའི་བསང་བདུད་ཁྲོད་ངས་ཡང་སྙིང་ཁོང་གཉིས་སུ་ཞིག་ལ་སྨོན་ལམ་རྒྱབ་དགོས་མིན་མ་ཤེས་ཅིང་། ཁོ་གཉིས་སུའི་ལས་བྱས་དེ་སྡིག་པ་ཡིནནམ། སུས་སུ་ལ་བསམ་ཤེས་བྱ་དགོས་་མིན།  མཐར་མཐུར་གྱི་བེདན་པ་ཞིག་ཡོད་ན་ཁོང་གཉིས་སུའི་ཡིནམིན་སོགས།  འདྲི་རྟགས་མང་པོ་ཞིག་གིས་ཁོ་བོའི་གློ་སྙིང་མཆིན་གསུམ་བསློག ཡང་ན་དངུལ་ཆད་བཏང་མཁན་ལ་ལ་འཁང་རྭ་བྱེད་དགོས་སམ། དངུལ་ཆད་བཏང་མཁན་ལ་ཡང་འགལ་འདུས་ཁེངས་པའི་འཚོ་ཐབས་ཞིག་ཡོད་ངེས། ཁོ་མོར་ཡང་མཆེ་བ་བཏོན་མཁན་དྲག་པོ་ཞིག་ཏན་ཏན་ཡོད་ངེས།  ཨ་ཅག་དང་རྒད་པོ་ཁོང་གཉིས་དང་ཁོང་གཉིས་རྒྱབ་ཀྱི་རེ་བའི་མིག་ཟུང་བསམ་དུས། ཁོ་བོས་བཏང་སྙོམས་མེད་པའི་འཁོར་བའི་འཇིག་རྟེན་འདིར།  ད་རག་བར་བྱུང་མ་མྱོང་བའི་འཁང་རྭ་ཞིག་སྐྱེས་བྱུང་།  ཨ་ཅག་ལམ་ཟུར་གཞན་དུ་བསྐྱོད་པའི་རྒྱབ་གཟུགས་དང་རྒད་པོ་བསང་ཕོར་བཏེགས་པའི་རྣམ་པར་བལྟ་ཤོར། ཁོ་བོས་མ་བེད་བདེ་བའི་སེམས་ཞིག་ཐོགས་ཏེ་ལས་ཁུངས་ཕྱོགས་སུ་བསྐྱོད་པ་ཡིན།

      

          བརྩེ་བའི་ཀློག་པོ་པོ།  ཚིག་རྙོག་མང་ལ་གཏན་ཚིགས་སྟོང་བའི་ཁོ་བོའི་ཅིག་ལབ་དེར་ཁྱེད་ཚོས་སུན་སྣང་གང་ཡང་མེད་པར་ཁ་ཡ་གནང་བར་བཀའ་དྲིན་ཆེ། ཁོ་བོས་མཐོང་ཐོས་སུ་འགྱུར་བའི་གནས་ཚུལ་དེ་སྒྲུང་གཏམ་གྱི་ཚུལ་དུ་ཕབ་ནས་ཁྱེད་ཚོར་གནས་ལུགས་གང་རུང་ཞིག་བསྟན་འདོད་བསམ་པ་མེད་ལ། ཚིག་རྒྱན་གྱིས་ཕྱུགས་པའི་ཚིག་དུམ་དུ་མ་སྤུངས་ནས་ཁྱེད་ཚོའི་མིག་དབང་འགུག་རྒྱུའི་སེམས་པ་དེ་བས་མེད། ཁོ་བོས་ཀླད་པའི་ནང་ཡོད་པའི་ཚིག་རྙོག་འགའ་བསྡུ་རུབ་བྱས་ཏེ་མཐོང་ཐོས་སུ་འགྱུར་བའི་གནས་ཚུལ་དེ་ཇི་མ་ཇི་བཞིན་ཁྱེད་ཚོའི་མིག་ལམ་དུ་འདྲེན་རྒྱུ་ནི་ཁོ་བོའི་ཆེས་མཐའ་མའི་དམིགས་ཡུལ་ཡིན། འོན་ཏེ་རིག་པ་བརྟུལ་བས་བརྗོད་བྱ་བཟང་པོ་དེ་རྗོད་བྱེད་ཚིག་ནས་གསལ་ལེར་སྟོན་མ་ཐུབ། འོ......འབྲེལ་མེད་ཚིག་གཏམ་བཤད་རྒྱུ་མང་སོང་།  བརྩེ་བའི་ཀློག་པ་པོ། གད་ཕྱག་ཨ་ཅག་དང་བསང་འཚོང་རྒད་པོའི་བར་གྱི་གནས་ཚུལ་དེ་ཐོས་དུས། ཁྱེད་ཅག་ཚོར་ནང་སེམས་ལ་ཡོམ་འགུལ་ཅི་འདྲ་ཞིག་ཐེབས་སམ། འཚོ་ཐབས་བྲེལ་བའི་མི་བུ་དེ་གཉིས་ཀྱི་ལས་དབང་བསམ་དུས་ཁྱེད་ཅག་ཚོས་སུ་ཞིག་ལ་འཁང་ར་བྱེད་སྲིད་དམ། ངོ་མ.......ཐམས་ཅད་འགལ་ཟླ་རེད་འདུག  ངས་ཁོང་གཉིས་སུ་ཞིག་གི་རྒྱབ་ལངས་བྱས་ཏེ་སུ་ཞིག་ལ་བདེན་པ་ཡོད་མིན་ཐ་ཚིག་སྒྲོགས་མི་ཐུབ། དེ་ཡང་ངས་བརྗོད་པ་ནི་འཚོ་ཐབས་དང་འབྲེལ་བའི་འགལ་ཟླ་ལས། གྲོང་ཁྱེར་ཁོག་ཡུག་དོ་དམ་ཁྲིམས་ཚན་སོགས་གང་རུང་བརྒྱུད་དེ་བདེན་པ་ཞིག་བཙལ་་མི་འདོད། གང་ལྟར་ཉིན་གསར་ཞིག་འགོ་ཚུགས་དུས། ང་ཡང་སེམས་ཀྱི་མདུད་པ་དེ་འཁྱེར་ནས་རང་ཉིད་འཚོ་བ་དང་འབྲེལ་བའི་འགལ་ཟླ་སེལ་དགོས།  གད་ཕྱག་ཨ་ཅག་དང་བསང་འཚོང་རྒད་པོ།  ང་ཚོའི་འཚོ་བ་ཡང་དེ་ལས་མ་འདས།  ཐམས་ཅད་འགལ་འདུ་རེད།  ཁྱེད་ཅག་གི་བལྟས་ན།

                                                  

                                                  

                                                     

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-9 12:45 , Processed in 0.056160 second(s), 20 queries .

返回顶部